གདོང་ཐོག་དགོན་གྱི་དགུ་གཏོར་ལྷ་འཆམ་ཆེན་མོ་འགྲེལ་བ།
རྩོམ་ཡིག་འདི་ཐེངས་ 1179 བཀླགས་འདུག
<<ཏྲེ་ཧོར་གདོང་ཐོག་དགོན་གྱི་དགུ་གཏོར་ལྷ་འཆམ་ཆེན་མོ།>>
རྩོམ་པ་པོ། མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།
སྤྱིར་བཏང་ཁ་བ་གངས་ཅན་པའི་ལྗོངས་སུ་བོན་ཆོས་དབུ་བརྙེས་པ་དང་ཁྱད་པར་དུ་བོད་བརྒྱུད་ནང་བསྟན་དར་ཁྱབ་བྱུང་ནས་བཟུང་རང་རེའི་བོད་ཀྱི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་སོགས་ཀྱི་འཆམ་རྒྱག་པ་དེ་ཆོས་ལུགས་ཀྱི་བྱེད་སྒོ་ཆེན་ཤོས་སུ་གྱུར་མ་ཟད། ཧ་ཅང་གལ་ཆེན་རང་བཞིན་ལྡན་པའི་རྒྱ་ཆེ་མང་ཚོགས་ངོས་ནས་ལོ་གཅིག་གི་ལོ་བགེགས་སེལ་བ་དང་མི་མིན་གདོན་འདྲེ་ལས་བྱུང་བའི་བར་ཆད་བཟློག་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཚུལ་བཞིན་དུ་སྐྱོང་བའི་གདོང་གྲོགས་མཛད་པའི་འཕྲིན་ལས་མྱུང་ཚུལ་གྱི་བཤད་སྲོལ་ཧ་ཅང་ཆེ་ལ། དགའ་དད་ཟུང་གིས་སྣང་པ་རྒྱས་པའི་དུས་ཆེན་ཞིག་དང་མཆོད་མཇལ་འགྲོ་བའི་ལམ་སྲོལ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། བོད་ཡུལ་སྟོད་སྨད་དང་ས་དགེ་བཀའ་རྙིང་བོན་སོགས་ཀྱི་་དགོན་སྡེ་ཁག་ཏུ་འཆམ་རྒྱག་པའི་སྲོལ་འདི་ཡང་དེང་སང་གསར་དུ་དར་བ་ཞིག་ཡེ་ནས་མིན་པ་ཧ་ཅང་དུས་ཡིན་རིང་པོ་ཞིག་ནས་དར་བ་མ་ཟད། སྔོན་རྒྱ་གར་འཕགས་པའི་ཡུལ་ནས་དར་བ་ཡང་མངོན་ཏེ། གུས་བཅས་དང་པོར་སྒེག་པར་ལྡན། དང་པོ་རྩེད་བཅས་རྗེས་རྒྱུ་བས། རྐང་སྟབས་བརྒྱད་དུ་ཆོ་ག་ཡིས། རྡོ་རྗེ་གོམས་པས་རོལ་པ་བྱ། ཞེས་གསུངས་པར་ལྟར་གར་བྱ་བའི་ཚེ་དང་པོར་རྣལ་འབྱོར་པ་ལྷའི་རྣལ་འབྱོར་ལ་གུས་ཞབས་དང་བཅས་ང་རྒྱལ་དང་ལྡན་པའི་རུས་པའི་རྒྱན་གྱིས་སྒེག་པར་ལྡན་པས། དང་པོར་འགྱིང་བ་དང་བཅས་པས་ཟུར་མིག་གིས་རྩེད་བྱས་རྐང་པ་རྡོ་རྗེའི་འགྲོས་དང་ལྡན་པའི་རྗེས་སུ་རྒྱུ་བ་དང་བཅས་པར་གར་ཞེས་པ་དང་། དེ་བཞིན་དུ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་གོམ་པ་རྣམ་པར་དགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་གར་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ། ཞེས་གསུང་པར་དང་། འཇམ་དཔལ་མཚན་བརྗོད་ལས། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང༌། །གོམས་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་བ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་དང༌། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། ཁྲོས་པའི་སྟབས་ཀྱིས་ཞབས་བརྡབས་ཁམས་གསུམ་གནོན། །ཞེས་དང༌། གཞན་ཡང་མགོན་པོའི་ཆོས་སྐོར་སོགས་ལས། ཁྲོས་འཁྲུག་རྔམས་པའི་ཞབས་ནི་ས་ལ་བརྡབས། །ཞེས་དང༌། ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཆེན་ཐལ་བར་རློག །ཅེས་པ་སོགས་མདོ་རྒྱུད་བསྟན་བཅོས་ཀྱི་ནང་དུ་གར་འཆམ་ཞེས་པའི་གནད་དོན་གཙོ་ཡང་དེ་ཡང་། ཡི་དམ་ཆོས་སྐྱོང་སྲུང་མ་སོགས་ཀྱི་རྣམ་འགྱུར་ལ་སྒེག་པ་དང་དཔའ་བ། མི་སྡུག་པ་ནི་ལུས་ཀྱི་ཉམས་གསུམ་དང་། དྲག་ཤུལ་དང་བཞད་གད། འཇིགས་རུང་ནི་ངག་གི་ཉམས་གསུམ། སྙིང་རྗེ་དང་རྔམ་པ། ཞི་བ་ནི་ཡིད་ཀྱི་ཉམས་གསུམ་བཅས་ལ་གར་དགུའི་ཉམས་ལྡན་གྱི་འགྱིངས་སྟབས་ལ་གར་འཆམ་ཞེས་དང༌། དེ་ཡང་ལག་སྟབས་ལིང་ལིང་བསྒྱུར་བ་གཙོ་ཆེ་བ་ལ་གར་དང༌། གོམ་འགྲོས་མྱུར་བའི་རྐང་སྟབས་གཙོ་ཆེ་བ་ལ་འཆམ། ལག་སྟབས་དང་རྐང་སྟབས་གཉིས་ཟུང་དུ་འབྲེལ་བ་ལ་གར་འཆམ་ཞེས་ཡོངས་སུ་གྲགས་ཤིང༌། དེ་བཞིན་དུ་དབུ་མཛད་ནས་ཆོ་གའི་འདོན་དབྱངས་དང་འབྲེལ་འབུད་རྡུང་དཀྲོད་གསུམ་སྐབས་སུ་རང་ཉིད་གང་ཞིག་གི་ལྷ་དེའི་འཆམ་འཁྲབ་ཀྱི་ཡོད་ན་ལྷ་དེ་ཉིད་ཡིན་བསམ་པའི་ང་རྒྱལ་དང་འབྲེལ་གསང་སྔགས་རྡོ་རྗེ་ཐེག་པའི་ལྷའི་ལུས་ཀྱི་རྣལ་འབྱོར་གྱི་སྒོ་ནས་ངག་གིས་གསང་སྔགས་ཟབ་མོའི་མཚན་སྔགས་སྒྲོགས་པ་དང་ཡིད་ལ་ཡི་དམ་གང་དེའི་ང་རྒྱལ་བརྟན་པོར་བཟུང་བའི་སྒོ་ནས་བྱང་ཆུབ་སྒྲུབ་པའི་ལམ་དུ་བར་ཆད་སེལ་བ་དང་དགྲ་བགེགས་སྒྲོལ་བའི་ཚུལ་གྱིས་རང་གཞན་སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་སར་སྒྲོལ་བར་བྱེད་པའི་དམིགས་བསལ་གྱི་ཐབས་ལམ་ཟབ་མོ་ཞིག་ཡིན་བསམ་པས་གར་འཆམ་གནང་དགོས། བསྟན་སྲུང་དཔའ་བོ་དཔའ་མོ་དང་ཁྲོ་བོ་ཁྲོ་མོའི་གར་འཆམ་ལ་སོགས་པ་གསང་སྔགས་རྒྱུད་སྡེ་མཐའ་དག་ནས་མང་དུ་གསུངས་པ་ཐམས་ཅད་གཅིག་ཏུ་མཐུན་པ་རྡོ་རྗེ་གུར་གྱི་ལེའུ་བཅུ་བཞིའི་ནང་དུ་གསལ། དེ་བཞིན་དུ་ཁ་བ་གངས་ཅན་པའི་ལྗོངས་སུ་ཡང་རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་ཐོག་ཉེར་བདུན་བར་དུ་བོད་ཀྱི་གདོད་མའི་ཆོས་ལུགས་བོན་ཆོས་དར་བའི་སྐབས་སུ་ཡང་གར་འཆམ་དར་བ་སྔོན་ཏེ། མ་རྒྱུད་ཚོགས་འཆམ་དང་གཟེ་མ་དགུ་འཆམ། གཤེན་རབ་གཡུང་དྲུང་དགུ་འཆམ་ཞེས་འཆམ་གསུམ་ཞེས་ཡོངས་སུ་གྲགས། བོན་ལུགས་ཀྱི་གར་འཆམ་དེ་ཡང་ གཤེན་ཉི་མ་རྒྱལ་མཚན་(༡༣༦༠ལོར་འཁྲུངས་)གྱིས་འཆམ་དེ་ཐོག་མར་སྲོལ་བཏོད་ཅིང་ཁྱབ་གདལ་དུ་བཏང་བར་གསལ་བ་གཅིག་དང་གཤེན་ཆེན་ཀླུ་དགའ་ཡིས་སྲོལ་གཏོད་པ་ཡིན་ཞེས་བོན་ལུགས་སུ་གྲགས་སོ་ཞེས་འཆམ་གསར་བཏོད་གནང་མཁན་བཤད་སྲོལ་མི་འདྲ་བ་གཉིས་ཙམ་སྣང་ཡང་གར་འཆམ་དེ་ཡང་བོན་ལུགས་ནང་དུ་ཡང་ཧ་ཅང་དར་ཁྱབ་བྱུང་བ་ཞིག་ཡིན་པར་གསལ། དེ་ཡང་རྗེ་གཉའ་ཁྲི་བཙན་པོའི་སྐབས་སུ་རྣལ་འབྱོར་པ་རྣམས་ཀྱིས་གསང་བ་ཤིན་ཏུ་དམ་པར་མཛད་དེ་སོ་སོའི་སྒྲུབ་ཁང་ནང་དུ་ཕྱག་ལེན་བསྟར་བ་དང་། ཡིན་ན་ཡང་འཆམ་འཁྲབ་སྐབས་སུ་ཆོས་གྲྭའི་ནང་དུ་དོན་མེད་མི་སྐྱ་ཕོ་མོ་སུ་གཅིག་ཡོང་མི་ཆོག་པ་དང་། འཆམ་རྒྱག་ཞུགས་མཁན་དེ་དག་ཡང་རབ་བྱུང་ཁོ་ན་ལས་གཞན་མེད་པ་རེད་འདུག དེ་བཞིན་དུ་འཆམ་འཁྲབ་པའི་སྐབས་སུ་ཡང་མང་ཚོགས་སུ་མི་མངོན་པར་མཛད་པའི་ལམ་དང་ལུགས་སྲོལ་ཡོད་པའི་གསང་རྒྱ་ཧ་ཅང་ཡོད་འདུག
ཡིན་ནའང་དུས་རབས་བཅུ་གཅིག་པ༼འམ་དུས་རབས་བཅོ་ལྔ་པ༽་ནས་བཟུང༌སྟེ་འཆམ་དེ་རིམ་བཞིན་དུ་མང་ཚོགས་སུ་དགའ་སྟོན་ལྟབུ་ཞིག་ཏུ་གྱུར་འགོ་ཚུགས་ཤིང༌། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་གལ་ཆེན་བའི་བྱེད་སྒོ་ལྟབུའི་ལམ་ནས་ལོ་ལྟར་མང་ཚོགས་ནང་དུ་སྦས་གསང་མེད་པར་ཡོངས་གྲགས་སུ་འཁྲབ་སྟོན་བྱེད་པའི་ལུགས་སྲོལ་འདི་ཉིད་སྟོན་མོའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། གར་འཆམ་དེ་ཡང་གྲུབ་པ་རྙེད་པའི་རྣལ་འབྱོར་པ་འགའ་ཞིག་ལ་ལྷ་སྲུང་གི་སྤྱན་འདྲེན་སོགས་པ་ལ་བརྟེན་ནས་གསང་སྔགས་ཆོས་སྐྱོང་སྲུང་མ་གཙོ་འཁོར་དང་བཅས་པ་གར་འཆམ་དང་བཅས་བྱོན་པའི་མཇལ་སྣང་བཞིན་གར་འཆམ་སྲོལ་འཛུགས་གནང་སྟེ་དར་བ་ཞིག་ཡིན་ཏེ། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཆོས་ཁྲི་སྲོང་ལྡེའུ་བཙན་གྱིས་ནང་ཆོས་དར་སྤེལ་མཛད་སྐབསསུ་ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་སྤྱན་དྲངས་ཏེ། སྤྱི་ལོ་ ༧༧༧ ལོར་བོད་ལྷོ་ཁ་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ཐོག་མ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་འགྲུབ་པའི་གཙུག་ལག་ཁང་གསར་དུ་བཞེངས་བསྐྲུན་མཛད་པའི་སྐབས་སུ། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་མཆོག་གིས་བསམ་ཡས་གཙུལ་ལག་ཁང་གསར་བཞེངས་གྲུབ་རྗེས་སུ་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་ལྷ་གསོལ་འདྲེ་ཕུད་ཀྱི་དགོས་དབང་ལས་ལྷ་ཚོགས་འདྲ་མིན་གྱི་ཆོས་གོས་དང་ཞལ་འབག་གཡོགས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་གར་འཆམ་གྱི་སྒྱུ་རྩལ་འདི་བཞིན་སྲོལ་བཏོད་པ་ནས་ད་བར་མི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་སོང་བའི་ལོ་རྒྱུས་མཆིས། དེའི་བསྟན་པར་ཕྱི་དར་རྗེས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོས་རྒྱུད་སྡེའི་དགོངས་པ་དང་མཐུན་པའི་རྡོ་རྗེའི་གར་གྱི་རིགས་རྣམས་དར་སྤེལ་མཛད། ལོ་ཆེན་གྱི་སློབ་མ་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། བྲག་སྟེང་པའི་སློབ་མ་མལ་གྱོ། མལ་གྱོའི་སློབ་མ་རྗེ་བཙུན་ས་སྐྱ་པ་ཆེན་པོའམ་ས་ཆེན་ཀུན་དགའ་སྙིང་པོ་མཆོག་ནས་རྡོ་རྗེ་གུར་སོགས་ཀྱི་བཤད་ལུགས་ཡོངས་རྫོགས་དར་སྤེལ་མཛད་ནས་བཟུང་སྟེ་ད་ལྟའི་བར་དུ་ས་དགེ་བཀའ་རྙིང་སོགས་སུ་ཉམས་ལེན་དང་གར་འཆམ་སོགས་དར་ཁྱབ་བྱུང་བ་ཞིག་སྔོན། དེ་ཡང་རྗེ་བཙུན་ས་སྐྱ་པ་རྣམས་ལ་དཔལ་གུར་གྱི་མགོན་པོའི་བཀའ་བབས་རྣམ་པ་བཞི་བྱུང་བ་ལས། ཐུན་མོང་མ་ཡིན་པའི་མན་ངག་མལ་ལོ་ཙཱ་བ་ནས་བརྒྱུད་པ་ལ། བསྙེན་པ། སྒྲུབ་པ། ལས་སྦྱོར་གསུམ་ལས། དང་པོ་གཉིས་ཚུལ་བཞིན་ཉམས་སུ་བླང་བའི་གང་ཟག་གིས་དགྲ་བགེགས་ཚར་བཅད་པའི་ལས་ལ་གཏོར་རྒྱག་པ་དང་། དེ་བཞིན་དུ་དཔལ་ས་སྐྱ་པའི་གར་འཆམ་དང་ཕུར་འཆམ་སོགས་ས་ཆེན་ཀུན་དགའ་སྙིང་པོ་མཆོག་གིས་དུས་རབས་བཅུ་གཅིག་པའི་ནང་དུ་གསར་གཏོད་བྱུང་ཞིག ༼ས་མདོས་ཆེན་མོ།༽ ཞེས་ད་ལྟའི་བར་དུ་ས་སྐྱ་གོང་མ་རིམ་བྱོན་ཚོས་འཛིན་སྐྱོང་སྤེལ་གསུམ་ཐོག་མཛད་བཞིན་པ་མ་ཟད། ལྷག་པར་དུ་ས་སྐྱ་པའི་སྔགས་འཆང་པ་ཆེན་པོ་ཁྲི་རབས་ཉེར་གསུམ་པ་ངག་དབང་ཀུན་དགའ་རིན་ཆེན་སྐུ་དུས་སུ་ཕྱོགས་ཡོངས་ནས་འཆམ་རིམ་སོགས་ཀྱི་བཀོད་སྒྲིག་ཧ་ཅང་ཚད་དང་ལྡན་གནང་བ་མ་ཟད། དཔལ་ལྡན་ས་སྐྱ་པའི་ཁྲི་འཛིན་ནམ་ཁྲི་པ་གསར་པ་ཕེབས་པའི་སྐབས་སུ་དུས་སྟོན་གྱི་ཆ་ཤས་སུ་མདོས་ཆེན་ཟབ་མོ་ཚོགས་སྲོལ་ད་ལྟའུ་བར་དུ་གནས། ༼ས་མདོས་ཆེན་མོ།༽ འཆམ་ལ་ཡང་རིགས་མི་འདྲ་བ་ཧ་ཅང་མང་ཞིག དཔེར་མཚོན་ཁ་ཤས་ཞུས་ན། རྩ་འཆམ། གྲུ་འཆམ། ཐང་འཆམ། ཟོར་འཆམ། གར་འཆམ། ལྷ་འཆམ། སྔགས་འཆམ། རྔ་འཆམ། དགུ་འཆམ། གཏེར་འཆམ། ཚེས་བཅུའི་འཆམ། དགུ་གཏོར་འཆམ། ཚོགས་འཆམ། འབག་འཆམ། གོས་འཆམ། སྐུ་འཆམ། གཡག་འཆམ། སེངྒེའི་འཆམ། ཨ་ལྕེ་ལྷ་མོའི་འཆམ་སོགས་ཧ་ཅང་མང་ཞིག དགུ་གཏོར་ཆེན་མོ་ཞེས་པའི་སྐབས་སུ་དགུ་ནི་ཚེས་ཉེར་དགུ་དང་གཏོར་ནི་མཆོད་སྦྱིན་རྣམས་ལ་བསྔོ་རྒྱུའི་ཟན་གོང་གཏོར་མ་ཞིག ཡང་ན་བཟུང་འཛིན་གཉིས་དང་བྲལ་བའི་ན་གཏོར་ཞེས་པ་དང་། དེ་ཡང་སེམས་པ་འཛིན་ཆགས་མེད་པར་གཏོར་བས་ན་གཏོར། མགྲོན་རྣམས་ཀྱི་སྤྱན་ལམ་དུ་ཁྱབ་པས་ན་མ་ཞེས་བྱ། དེ་བཞིན་དུ་སློབ་དཔོན་པདྨས་མི་འཛིན་གཏོང་བས་གཏོར་ཞེས་བྱ། ཡོངས་ལ་ཁྱབ་པས་མ་ཞེས་བ་བྱ། ཞེས་དང་། དགུ་གཏོར་གྱི་དུས་དེ་ཡང་ལོ་ཟད་ཟླ་ཟད་ཉིན་ཟད་ཞག་ཟད་ཀྱི་མཐར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་ལ་མཆོད་སྦྱིན་ནམ་འབྱུང་པོ་སོགས་ལ་འབུལ་རྒྱུའི་ཟན་གྱི་དགུ་གཏོར་འཆམ་དང་འབྲེལ་རིག་སྔགས་ཀྱི་མཐུ་དང་ནུས་པས་ཕ་རོལ་པོ་འཇོམས་བར་བྱེད་པ་དང་ལོའི ་རྐྱེན་ངན་བར་ཆད་བཟློག་པའི་ཆེད་དུ་ཡིན་གཏོར་རྒྱག་པ་ཞིག་ཡིན། མདོར་བསྡུས་ནས་བཤད་ན་དགུ་གཏོར་ཞེས་པའི་དགུ་ནི་ཚེས་གྲངས་ཉེར་དགུའི་དོན། གཏོར་ནི་སོ་སོར་འབྲལ་བའམ་གཡུགས་པ། ཡང་ན་འཕེན་པའི་དོན་ལ་འཇུག གཏོར་ན་ལ་དབྱེ་བ་མང་ཞིག་མཆོད་གཏོར། ཚོགས་གཏོར། གཏོར་ཕུད། གཏོར་ཆས། གཏོར་ཟོར་སོགས་ཀྱི་རྣམ་གྲངས་མང་ན་ཡང་འདིར་ངལ་བར་མི་བྱའོ།
དགུ་གཏོར་དེ་ཡང་ལྷ་སྲིན་གྱིས་གདུག་རྩུབ་ཞི་བ་དང་རྐྱེན་ངན་བར་ཆད་སོགས་འགོག་བྱེད་ཐབས་ཤེས་དགོས་པ་ཁྱད་པར་ཅན་ཡོད་པ་དང་། དེ་ཡང་ཞི་ཁྲོ་སྒྱུ་འཕྲུལ། བསྒྲུབ་ཆེན་བཀའ་བརྒྱད། རིག་འཛིན་བླ་མའི་དཀྱིལ་འཁོར། བསྟན་སྲུང་ཆོས་སྐྱོང་རྣམས་ཀྱི་འཆམ་ལ་སོགས་རྒྱག་སྲོལ་རྣམ་གྲངས་ཧ་ཅང་མང་ཞིང་། བསྐྱེད་རིམ་ལྷའི་ང་རྒྱལ་འཛིན་པ་ལ་རྡེ་རྗེའི་འཆམ། ཞི་བ་སྒེགས་པའི་འཆམ། དྲག་པོ་སྒྲོལ་བའི་འཆམ། སྟངས་སྟབས་འགྲོས་ཀྱི་འཆམ། དབང་ཕྱུག་ཟོར་གྱི་འཆམ། མ་མོ་འདུར་གྱི་འཆམ་སོགས་མང་དུ་ཡོད། ཅེས་གསལ། སྔགས་གསར་མ་ནས་བཤད་པའི་གར་གྱི་རིགས་ལ་མཁའ་འགྲོ་རྡོ་རྗེ་གར་དང་ཡོ་ག་ནས་བཤད་པའི་གར། དཔལ་ལྡན་ས་སྐྱའི་གུར་གྱི་མགོན་པོའི་མདོས་ཆེན་གྱི་གར་འཆམ། ཡི་དམ་ཕུར་པའི་གར་འཆམ། ཚར་ཆེན་བློ་གསལ་རྒྱ་མཚོས་ཞྭ་ལུའི་མ་ཧེ་མཆོད་པའི་གར་འཆམ། བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་དུ་མདོ་སྡེ་མཆོད་པའི་གར་འཆམ། བུ་སྟོན་རིན་ཆེན་གྲུབ་ཀྱིས་ཞྭ་ལུའི་རྣམ་སྲས་མཆོད་པའི་གར་འཆམ། རྡོ་བྲག་སོགས་སུ་ཚེས་བཅུ་མཆོད་པའི་གར་འཆམ་སོགས་དང་། བོད་བརྒྱུད་ནང་བསྟན་སང་དར་སྐབས་སུ་དར་བ་མ་ཟད། བསྟན་པ་ཕྱི་དར་སྐབས་སུ་གོང་སྨྲས་ལྟར་ལོ་ཙཱ་བ་ཆེན་མོ་རིན་ཆེན་བཟང་པོས་རྒྱུད་སྡེའི་དགོངས་པ་དང་མཐུན་པའི་རྡོ་རྗེའི་གར་གྱི་རིགས་རྣམས་དར་སྤེལ་མཛད་པ་བཟུང་སྟེ། ངེད་ཏྲེ་ཧོར་ཆོས་སྡེ་གདོང་ཐོག་རིག་གྲོལ་ཕུན་ཚོགས་གླིང་གི་ལོ་ལྟར་དགུ་གཏོར་ཆེན་མོའི་དུས་མཆོད་འདི་ཡང་སྔོན་བྱོན་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་ཚོས་ཕྱག་སྲོལ་བཟང་པོ་མི་ཉམས་རྒྱུད་འཛིན་ལས་མ་འདས་པར་མཆིས། དེ་ཡང་གདོང་ཐོག་ཆོས་སྡེ་ཆེན་མོ་འདི་ཡང་། མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་མཆོག་གིས་མཛད་པའི་ཡོ་ལང་ལོ་རྒྱུས་བརྗོད་པ་ཟོལ་མེད་ངག་གི་རོལ་མོ་ལས་གསལ་བ་ལྟར་ན། གངས་ཅན་བོད་ཀྱི་རྒྱལ་རབས་བཞི་བཅུ་ཞེ་གཅིག་གིས་བསྐྱངས་པའི་མཐར་སིལ་བུར་འཐོར་བའི་གོ་སྐབས་དང་བསྟུན་ནས། ཧོར་ཇིང་གིར་ཧན་གྱིས་བོད་ཡོངས་རྫོགས་དབང་དུ་བསྡུས། རབ་བྱུང་བཞི་པའི་ཆུ་གླང་ ༡༢༥༣ ལོར་ཧོར་རྒྱལ་ཧུ་པི་ལི་སེ་ཆེན་གྱིས་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་དབུ་བླར་བཀུར་ནས་སྔགས་ཀྱི་དབང་ལན་ཐེངས་གཉིས་པའི་སྐབས་སུ་དབང་ཡོན་བོད་ཆོལ་ཁ་གསུམ་ཕུལ་ནས། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མགོ་ནག་མིའི་ཆོས་ཁ། མདོ་སྨད་ལིང་རྟའི་ཆོལ་ཁ་ཞེས་ཡོངས་སུ་གྲགས་པའི་མདོ་སྟོད་མགོ་ནག་མིའི་ཆོལ་ཁའི་ཁོངས་གཏོགས་སུ་མདོ་སྟོད་སྨད་གཉིས་ལས། མདོ་སྨད་ཤོད་ཆེན་བཞི་སྟེ། སྨད་ཤོད། རྫོང་ཤོད། ཏྲེ་ཤོད། ཚ་བ་དཔས་ཤོད་ཅེས་གྲགས་པའི་ཏྲེ་ཤོད་དང་། དེ་ཡང་ཏྲེ་ཤོད་འཛིན་མའི་ལྟེ་བ་ཀཿབྲག་རྡོ་རྗེ་གདན་ནས་མདའ་རྒྱང་གང་ཙམ་གྱི་ནུབ་ཕྱོགས་སུ་མཎྜལ་ཐང་གི་ཉེ་འདབས་སུ་ས་གཞི་ཅུང་ཟད་མཐོ་བར་འཕགས་པ་དང་། དགོན་པ་ཆགས་སའི་གཞིར་བྱེད་པ་པོས་ཆེད་དུ་བཟོས་པ་ལྟབུའི་མཛེས་ཤིང་། ལྕང་མའི་སྐྱེད་ཚལ་ཉམས་དགའ་བའི་ཁུ་བྱུག་སོགས་བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པའི་གནས་སུ་ཆགས་ཡོད། གདོང་ཐོག་དགོན་པ་ཆགས་པའི་གནས་དེའི་རྒྱབ་ཕྱོགས་ནས་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་ཤིན་ཏུ་གསལ་བའི་རི་རྒྱུད་ཀྱིས་བསྐོར་ཞིང་། མདུན་ནས་རང་བྱུང་གི་ཡོན་ཆབ་རྫ་ཆུ་སྔོན་པོ་དལ་གྱི་འབབ་པ་དང་། གང་ཟག་སུ་ཞིག་གདོང་ཐོག་དགོན་པའི་ཉེ་འགྲམ་ལ་སླེབས་ན་རང་བཞིན་གྱིས་དགའ་ཚོར་རྒྱས་པའི་འབྲལ་བར་འཕངས་པའི་གླེང་མོལ་བྱེད། དགོན་གནས་ཆགས་སའི་ཐང་སྣེ་ཅུང་ཟད་མཐོ་བས་གདོང་ཐོག་དང་། ས་འདི་གཞན་ལས་མཁྲེགས་པས་འོག་གཞི་རྡོ་ཡིན་པར་དཔགས་ཏེ་རྡོ་ཐོག་ཟེར་ཚུལ་ཡང་གྲགས་མོད། ཡིན་ཡང་དེ་ཙམ་བདེན་ཁ་མ་མཆིས་མོད་ཡོངས་སུ་གྲགས་པ་ནི་གདོང་ཐོག་ཡིན་ཞིང་། དགོན་པ་འདི་ཆེས་ཐོག་མར་གདོང་ཐོག་དབོན་པོའི་གདུང་རྒྱུད་ཅེས་གྲགས་པའི་བླ་རིགས་ཁྱད་པར་ཅན་གྱི་རིགས་སུ་འཁྲུངས་པའི་དབོན་པོ་བསོད་ནམས་སེངྒེས་སྤྱི་ལོ ༡༥༨༧ ལོར་ཕྱག་བཏབ་ནས་གདོང་ཐོག་རིག་གྲོལ་ཕུན་ཚོགས་གླིང་ཞེས་བཏགས། དབོན་པོའི་གདུང་བརྒྱུད་ལས་བྱོན་པའི་བླ་མ་རིམ་བྱོན་གྱིས་དགོན་བདག་མཛད་ནས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་བསྐྱངས་ཤིག དཔོན་པོའི་བླ་བརྒྱུད་སྐབས་སུ་དགོན་པ་འདི་ཡང་ཚར་ལུགས་ཡིན་ཀྱང་། ཕྱིས་སུ་གདོང་ཐོག་སྤྲུལ་སྐུའི་སྐབས་སུ་བསྐང་གསོ་མ་གཏོགས་ཆོ་ག་ཕྱག་ལེན་ཚང་མ་ངོར་ལུགས་སུ་བསྒྱུར་ལུགས་ཡོ་ལང་ལོ་རྒྱུས་བརྗོད་པ་ཟོལ་མེད་ངག་གི་རོལ་མོ་ལས་གསལ། རེད་དེ་ངག་རྒྱུན་བཤད་སྲོལ་ཞིག་ལ་ཁུག་རྡོ་འོ་མང་ཚང་ཁྲི་རྒན་མ་ཞེས་གཙང་ངོར་རུ་དགོན་དུ་ཕེབས་ནས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པ་དང་ཉམས་ལེན་གྱི་སྦྱོར་གྲུབ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ་ཞིག་བྱོན་ནས་གདོང་ཐོག་དགོན་པའི་ཆོ་ག་སོགས་ངོར་ལུགས་སུ་བསྒྱུར་ཚུལ་བཤད་སྲོལ་འདུད་མོད། མཚམས་རེར་ངག་རྒྱུན་ནི་ངག་རྒྱུན་རང་ལས་མ་འདས་པར་བདེན་པ་བདར་བའི་འབེལ་གཏམ་ལས་རིང་ཞིག དེ་ཡང་འབྲེལ་ཡོད་ཁ་ཅིག་ལ་དོགས་འདྲི་སྐབས་སུ་ད་ལྟ་འཚོ་བཞུགས་སུ་ཡོད་པའི་བགྲེས་སོང་གནས་བརྟན་པ་ཁ་ཅིག་གིས་འོ་མང་ཚང་ཁྲི་རྒན་མ་ཞལ་མཇལ་ཡོད་ཚུལ་གསུང་པ་ལྟར་ན་ཉེ་རབས་དུས་འགྱུར་སྐབས་སུ་གདོང་ཐོག་དགོན་དུ་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཞིག་བྱོན་པ་མངོན་པར་ལས་ཆེས་སྔ་མའི་དུས་བྱོན་པར་མ་ཚོར་ཞིག དེའི་ཕྱིར་ཆོ་ག་བསྒྱུར་བཅོས་གནང་མཁན་ཕལ་ཆེར་གདོང་ཐོག་སྤྲུལ་སྐུས་བསྒྱུར་ཚུལ་ཡོ་ལང་ལོ་རྒྱུས་བརྗོད་པ་ཟོལ་མེད་ངག་གི་རོལ་མོ་ལས་གསལ་ལྟར་ལས་མ་འདས་པ་སྙོམས་པར་སོམས་སོ།
༼གདོང་ཐོག་དགོན་པ་འདི་སྔོན་མ་ཚར་ལུགས་ཡིན་པར་སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་མཆོག་ནས་ཁོ་བོར་གསུངས་མྱོང་།༽ གལ་སྲིད་ཁོ་བོས་ནོར་ན་ཕལ་ཆེར་གདོང་ཐོག་སྤྲུལ་ཕྲེེང་གསུམ་པའི་སྐབས་སུ་ཆོ་ག་ངོར་ལུགས་སུ་བསྒྱུར་ཡོད་པར་སྣང་སྟེ། གདོང་ཐོག་སྐུ་ཕྲེང་གསུམ་པ་ངག་དབང་ཀུན་དགའ་བཀྲ་ཤིས་མཆོག་གཙང་ཕྱོགས་རྫོང་ལུ་གུ་ལ་སྐུ་འཁྲུངས་ཤིག མཁས་དང་གྲུབ་པ་བརྙེས་པའི་རྣལ་འབྱོར་དབང་ཕྱུག་ཆེན་མོ་ཞིག་བྱོན་ཞིག ཁྱད་པར་དུ་རང་དགོན་ལ་ཕྱི་ནང་གི་གཟིགས་སྐྱོང་ཧ་ཅང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་གསལ་བ་དང་། དེ་བཞིན་དུ་དགུ་གཏོར་ལྷ་འཆམ་ཡང་སྐབས་དེའི་དུས་སུ་དར་བ་སྔོན་སྟེ། གདོང་སྤྲུལ་མཆོག་གུར་གྱི་མགོན་པོའི་རྣལ་འབྱོར་པ་ཆེན་པོའི་རྣལ་པ་རོལ་བའི་ཚུལ་དུ་བྱོན་པ་སོགས་ཀྱི་ལོ་རྒྱུས་གཞིགས་པ་དང་གདོང་ཐོག་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་གིས་གསུངས་སྒྲོས་ལས་རི་དྭགས་བསེ་རུ་སྒྲ་ལས་ཆགས་ལ་མ་འདས་སོ། སྤྱིར་བཏང་རང་དགོན་དུ་གར་འཆམ་སོགས་ལོ་རྒྱུས་ག་དུས་དར་ཡོད་མེད་དེ་ཙམ་ཁ་གསལ་མེད་རུང་། གདོང་སྤྲུལ་ལྔ་པས་ཕལ་ཆེར་དར་ཡོད་ཚེ་འདུག་གསུང་པ་ལས་ཚིག་ཐོག་དོན་ཁེལ་གྱི་ལོ་རྒྱུས་ཤིག་ད་ལྟའི་བར་དུ་ཡང་མ་རྙེད་དོ། རེད་དེ་རང་དགོན་ཆགས་ནས་ད་ལྟའི་བར་དུ་མི་ལོ་ཧྲིལ་བོ ༤༣༡ ཡོད་པའི་བོད་བརྒྱུད་ནང་བསྟན་དཔལ་ལྡན་ས་སྐྱ་པའི་རྗེས་སུ་སློབ་པའི་རང་རྐང་ཐེག་པ་ཁུར་ལེན་པའི་ཆོས་སྡེ་ཆེན་མོ་འདིར་ང་ཚོས་རྗེས་འབྲངས་སློབ་མ་ཚོས་ངེས་པར་དུ་འཚོལ་ཞིབ་དང་དཔྱད་བསྡུར་དགོས་པར་མཐོང་། དེ་ཡང་དགུ་གཏོར་ཆེན་མོའི་དུས་མཆོད་ཤར་ལ་ཉེ་བའི་སྐབས་སུ་བླ་སློབ་ཚང་མས་ཉིན་མཚན་གཉིས་སུ་སྒྲུབ་མཆོད་ཚོགས་བཞིན་ཡོད། སྔོན་མ་ཁོ་བོས་དྲན་ཚེ་ལ་བོད་ཟླ་བཅུ་གཉིས་པའི་ནང་དུ་སྒྲུབ་མཆོད་ཚོགས་པ་ཚེས་ཉེར་བརྒྱད་དང་ཉེར་དགུ་ལ་གཏོར་རྒྱག་ཡིན་པར་ཚོར། ཕྱིས་སུ་རང་དགོན་བགྲེས་སོང་གནས་བརྟན་པ་ཚོ་དང་དཀར་མཛེས་དགོན་པ་གཉིས་དགུ་གཏོར་ཉིན་གཅིག་དུས་གཅིག་ཡིན་པས་མི་མང་མཆོད་མཇལ་བར་ཚོ་ལ་དཀའ་ངལ་སོགས་ལ་གཟིགས་ནས་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་དང་ཉེར་དགུ་ལ་གདོང་ཐོག་དགོན་པའི་དགུ་གཏོར་དང་བོད་ཟླ་བཅུ་གཉིས་པའི་ཉེར་བརྒྱད་དང་ཉེར་དགུ་ལ་དཀར་མཛེས་དགོན་པའི་གཏོར་རྒྱག་གི་དུས་མཆོད་ཞལ་འཆམ་གཅིག་མཐུན་གྲོས་དོན་ཐག་ཆོད་པ་ཞིག་ཡོད་ལུགས་གོ་མྱོང་ཡོད། བོད་ཟླ་བཅུ་པའི་ཚེས་གྲངས་བཅོ་བརྒྱད་བཅུ་དགུ་གང་རུང་ལ་ཟླ་གཅིག་སྦྱོང་བའི་འཆམ་རྒྱུགས་གནང་བར་དང་སྐབས་དེར་གཟན་དང་ཤམ་ཐམས་སྤུས་དག་གྱོན་པ་དང་གཟན་སྒྲོག་རྒྱག་ནས་ ༼གཟན་སྡོམ་བྱེད་ཀྱི་ཐག་པ་ལ་ཟེར།༽ འཆམ་རྒྱག་པ། འཆམ་མཇལ་བ་ཡང་ཧ་ཅང་མང་། དེ་ཡང་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ལ་དུས་མཆོད་དམ་སྒྲུབ་མཆོད་དབུ་དབུ་འཛུགས་ཏེ། འཆམ་པ་རྣམས་མ་གཏོགས། ཁྲི་པ་རིན་པོ་ཆེ་དབུས་པའི་བླ་སློབ་ཆ་ཚང་བསྐང་གསོ་རྟ་དབྱངས་དང་འབྲེལ་ཚོགས་པ་དང་བསྐང་གསོ་དེ་ཡང་ས་ངོར་ཚར་གསུམ་གྱི་བསྐང་གསོ་འདྲེས་མ་ཡིན་ཞིག དེ་བཞིན་དུ་མགོན་པོ་ཁྲོ་བཅུའི་སྒྲུབ་མཆོད་སོགས་ཚོགས་པ་དང་། ཚེས་ཉེར་ལྔ་ལ་མགོན་པོ་ཁྲོ་བཅུའི་ཟོར་གཏོར་གྲ་སྒྲིག་གནང་བ་དང་། མགོན་པོ་ཁྲོ་བཅུའི་ལྷ་འཆམ་དང་མགོན་པོ་ཁྲོ་བཅུ་ཚོགས་པ། སྔོན་མར་ཁོ་བོས་དྲན་ཚེ་ཡིན་ན་ཚེས་ཉེར་བརྒྱད་ལ་གོས་འཆམ་དང་། ཚེས་ཉེར་དགུ་ལ་འབག་འཆམ་བྱེད་སྲོལ་ཡོད། དེང་སང་ཚེས་ཉེར་བརྒྱད་དང་ཉེར་དགུ་གཉིས་ཆར་འབག་འཆམ་བྱེད་བཞིན་ཡོད་པ་དང་། དེ་ཡང་ཤོག་འབག་དང་གསེར་འབག་ཞེས་པའི་ཐ་སྙད་སྦྱར་ཏེ་ཚེས་ཉེར་བརྒྱད་ལ་ཤོག་འབག་གི་འཆམ་དང་ཉིན་དེར་འཆམ་གོས་ཡང་རྙིང་པ་རྣམས་གྱོན་ནས་འཆམ་རྒྱག་པ་དང་ཚེས་ཉེར་དགུ་ལ་གསེར་འབག་གི་འཆམ་དང་འཆམ་གོས་ཡང་གསར་པ་སྤུས་དག་གྱོན་ནས་འཆམ་རྒྱག་བཞིན་ཡོད། ཚེས་ཉེར་དགུ་ལ་དགུ་གཏོར་ཆེན་མོ་རྒྱག་པ། གནམ་གང་ལ་ཚོགས་མཆོད་ཀྱི་གཏང་རག་གཏོང་བ་སོགས་བྱེད་སྲོལ་ཡོད། འཆམ་པ་ཚོ་ནི་ལུས་སྟོབས་རྒྱས་ལ་དབང་པོ་སྐྱོན་ཅན་མ་ཡིན་ཞིང་དགོས་པ་དང་། ལུས་པོའི་སྒྱུ་རྩལ་བདེ་བོ་དང་གར་སྟབས་ཡག་པོ་དགོས་པ། ཁྱད་པར་དུ་ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་བའི་སྒོ་ནས་བླ་མེད་རྒྱུད་སྡེ་གང་རུང་གི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་ཡོད་མཁན་དང་། བསྙེན་སྒྲུབ་གང་མཚམས་ཡོད་མཁན། མ་མཐར་ཡང་ལས་རུང་གི་བསྙེན་པ་རེ་སྔོན་དུ་འགྲོ་དགོས་ཤིང༌། འཆམ་གོས་རྒྱས་སྤྲས་སྐབས་སུ་ལྷ་དེའི་ང་རྒྱལ་བརྟན་པོ་བཟུང་སྟེ་ངག་ཏུ་རྩ་སྔགས་བཟླས་པ་དང་། ཡིད་དམ་ལྷའི་གསལ་སྣང་དང་མི་བྲལ་བ་དགོས་པ། ལུས་ཀྱི་རྣམ་འགྱུར་ཐམས་ཅད་སྒེག་ཆོས་ཉམས་དགུའི་མཛེས་པ་དགོས་ཤིག འཆམ་པ་ཚོས་འཆམ་རྒྱག་པའི་སྐབས་སུ་གཞན་དུ་དེ་ལས་ལྡོག་སྟེ་རང་ཉིད་འཆོར་འདོད་དང༌། ངོམས་ངོམས། ཁེངས་དྲེགས་སོགས་ཀུན་སློང་ངན་པའི་དབང་དུ་སོང་ན། དམ་ཅན་ཆོས་སྲུང་ཐམས་ཅད་ཁྲོས་ཏེ་འཇིག་རྟེན་གྱི་ཁམས་སུ་བཀྲ་མི་ཤིས་པ་དང་རྟགས་དང་མཚན་ལྟས་ངན་པ་འབྱུང་ཉེ་བ་མ་ཟད། རྩ་ལྟུང་བདུན་པ་སྒྲོག་པས་ངན་སོང་གི་སྡུག་བསྔལ་མུ་མཐའ་མེད་པར་མྱོང་དགོས་པ་གཞུང་ལུགས་དུ་མ་ལས་གསུངས་སོ།
དེ་བཞིབ་དུ་འཆམ་གོས་གྱོན་སྐབས་གཡས་ནས་བླང་དེ་གར་སྟབས་པད་སྐོར་གྱིས་གྱོན་དགོས་པ་ལས་ནམ་རྒྱུན་གྱི་གོས་གྱོན་པ་ལྟ་བུར་ཡེ་ནས་མི་རུང་བ་དང་། གར་སྟབས་སྐབས་སུ་ངེས་པར་དུ་རྡོ་རྗེའི་འགྲོས་ཀྱིས་ལིང་ལིང་དུ་འགྲོ་དགོས་པ་དང༌། རྔ་བརྡུང་སྐབས་ཟུར་གསུམ་སྤྲོད་ལ་ལྷོད་གསུམ་བརྡུང༌། །རྒྱ་མཚོ་ཆེན་པོའི་དཀྱིལ་མ་དཀྲུག །རི་བོ་མཐོན་པོའི་མཐའ་མ་གཅོད། །ཅེས་གསུངས་པ་ལྟར་ཟུར་གསུམ་ནི་རིམ་བཞིན་རྔའི་ཟུར་དང༌། རང་གི་པུས་མོའི་ཟུར། ཐོད་པའི་ཟུར་བཅས་གསུམ་དང༌། ལྷོད་གསུམ་ནི་སེམས་དང༌། ལག་པ། རྔ་གཡོག་བཅས་གསུམ་ལྷོད་དགོས་ལ། རྒྱ་མཚོ་ཆེན་པོའི་དཀྱིལ་མ་དཀྲུག་ཅེས་པ་ནི་རྔའི་དཀྱིལ་འཁོར་གྱི་གསུམ་ཆ་གཅིག་གི་མཚམས་སུ་རྔ་གཡོག་བསྣུན་དགོས་ལུགས་དང༌། རོལ་མོ་དཀྲོལ་ལུགས་ལའང་སྟག་མོའི་ཁ་དང༌། རྒོད་པོའི་གཤོག་པ། གླང་པོའི་སྣ་ལྟར་ཞེས་གསུང་པ་བཞིན་དུ་གར་འཆམ་སྐབས་རོམ་མོ་རྔ་དང་སྦུབ་ཆལ་དང༌། དུང་ཆེན། རྒྱ་གླིང༌། རྐང་གླིང༌། ཏིང་ཤགས། རྡོར་དྲིལ། ཌ་མ་རུ་སོགས་ཀྱིས་སྔོན་གྱི་གཏམ་དཔེར། རྔ་ལ་དཔགས་པའི་འཆམ། །ཞེས་པ་ལྟར་རོལ་མོ་དེ་དག་གིས་གར་འཆམ་དང་ཕན་ཚུན་རམ་འདེགས་ཀྱི་ཚུལ་དུ་དཀྲོལ་བརྡུང་དགོས་པ། འཆམ་པ་ཚོས་རྔམ་བརྗིད་ལྡན་པ་ཞིག འཆམ་གྱི་འགུལ་སྟངས་དང༌། དབྱངས་འགྲོས། ལག་པ་རྒྱང་སྟངས། རྐང་པ་འགྲོ་སྟངས། གོམ་སྟབས་མཉམ་སྒྲིག་སོགས་ལ་མཐུན་སྦྱོར་གྱི་ཁྱད་ནུས་ཐོན་དགོས་པ་དང༌། དུང་གི་འབུད་ལུགས་དང༌། སྦུག་གི་དཀྲོལ་ལུགས། རྔ་ཡི་བརྡུང་ལུགས་དག་ཀྱང་ཞལ་འདོན་གྱི་གདངས་དབྱངས་དང༌། འཆམ་ཡིག་དང་འཆམ་པ་པོའི་འཆམ་རྒྱག་ལུགས་སོགས་ལ་བསྟུན་ནས་ཐུན་མོང་མ་ཡིན་པ་ཞིག་འབུད་བརྡུང་དཀྲོལ་གསུམ་བྱེད་དགོས་པ་ཡིན། དེ་ཡང་དགུ་གཏོར་སྐབས་སུ་གོས་འཆམ་དང་འབག་འཆམ་གང་ཡིན་ཡང་ཐོག་མར་ཨ་ཙ་ར་གཉིས་ཀྱིས་འཆམ་རྒྱག་པ་དེས་འདོད་ལྷ་རིས་དྲུག་གི་ཡ་གྱལ་ས་བླ་མཆོག་གི་མདུན་ནས་ས་བླངས་པའི་རྟེན་འབྲེལ་ཚུལ་དུ་འཆམ་རྒྱག་པ། དེ་ཡང་ཨ་ཙ་ར་ནི་ཚོགས་བདག་གླང་སྣའི་སྤྲུལ་པ་རྒྱ་གར་དཔལ་མགོན་བྲམ་ཟེ་རྣམ་པའི་ཐོག་གི་མཆོག་དང་ཐུན་མོང་གི་འདོད་པའི་དངོས་གྲུབ་མ་ལུས་འབྱུང་བའི་རྟེན་འབྲེལ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྩོལ་མེད་དུ་འབྱུང་བའི་རྟེན་འབྲེལ་མཚོན་པར་བཤད་སྲོལ་འདུག
དེའི་རྗེས་སུ་ཆོས་རྭའི་དབུས་སུ་མཆོད་རྫས་རྣམས་བཤམ་ནས་བཞུགས་ཁྲི་ཐོག་ཁྲི་རྒན་མ་བཞུགས་ནས་བླ་གྲྭ་ཉི་ཤུ་ཙམ་གྱིས་མགོན་པོ་ཁྲོ་བཅུའི་ཆོ་ག་སྒོ་ནས་གཏོར་སྒྲུབ་པ་དང་ལིང་ག་གཏོར་སྒྲུབ་ཡང་བྱས། ༼དེང་སང་ཁ་ཅིག་གིས་གར་འཆམ་དང་གཏོར་རྒྱག་དེ་ཚོ་བོན་ལུགས་ཡིན་བཤད་པ་དེ་ཡང་ཧ་ཅང་མ་དག་པ་ཡིན་ཏེ། འཇམ་དཔལ་མཚན་བརྗོད་ལས། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང༌། །གོམས་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་བ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་གསུང་པ་ལྟར་རྒྱུད་སྡེ་མང་པོ་ལས་གསུངས། དེ་བཞིན་དུ་དཔལ་ནག་པོ་ཆེན་པོའི་རྒྱུད་ལས། དབུས་སུ་ནག་པོ་འཁོར་བཅས་བསྐྱེད།། ལིང་ག་གཏོར་མ་དམ་རྫས་རྣམས།། ནག་པོའི་ཞལ་དུ་དབུལ་བར་བྱ།། སྔགས་འདི་བཟླས་ཤིང་བསྲེག་པར་བྱ།། གྫེ་ཛཱ་ལ་རཾལས་རྫོགས།། ཞེས་སོགས་གསུངས་པ་དང་། དེ་བཞིན་དུ་དུས་ཀྱི་འཁོར་ལོའི་སྲུང་མ་དྲུག་ཅུའི་གཏོར་ཆོག་སོགས་ལས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱིས་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན།།ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ།། རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །སྲུང་མ་དྲུག་ཅུའི་ཚོགས་ལ་འདུད།། གཙུག་ཏོར་གནོད་མཛེས་ངས་གནོད་མཛེས། །བགེགས་མཐར་བྱེད་དང་དབྱུག་པ་སྔོ། །ཤེས་རབ་མཐར་བྱེད་འདོད་པའི་རྒྱལ། །པདྨ་མཐར་བྱེད་མི་གཡོ་བ། །གཤིན་རྗེ་མཐར་བྱེད་སྟོབས་ཆེན་རྣམས། །ནམ་མཁའ་རླུང་མེ་ཆུ་དང་ནི། །ས་ཡི་ཟད་པར་གྲུབ་པ་རྣམས། །ཚངས་པ་ཁྱབ་འཇུག་བདེན་བྲལ་རླུང་། །གཤིན་རྗེ་མེ་དང་རྒྱ་མཚོ་དང་། །དབང་ཕྱུག་དབང་པོ་གནོད་སྦྱིན་རྣམས། །སྒྲ་གཅན་དུས་མེ་ཟླ་ཉི་མ། །ལྷག་པ་བཀྲ་ཤིས་པ་སངས་དང་། །ཕུར་བུ་མཇུག་རིང་སྤེན་པ་རྣམས། །རྒྱལ་བ་རྣམ་རྒྱལ་པད་སྟོབས་རྒྱུ། །ནོར་རྒྱས་དུང་སྐྱོང་རིགས་ལྡན་དང་། མཐའ་ཡས་འཇོག་པོ་པད་ཆེན་རྣམས། །རོ་ལངས་རྣམ་པར་འགྱུར་ཞལ་ཁྱི། །བྱ་རོག་ཕག་དང་བྱ་རྒོད་སྟག །འུག་པ་ཅེ་སྤྱང་ཁྱུང་གདོང་རྣམས། །འཁོར་དང་བཅས་ལ་གཏོར་མ་དྲི། །མེ་ཏོག་བདུག་པ་སྒྲོན་མེ་དང་། །མ་ཉམས་པ་འདི་བདག་འབུལ་གྱིས། འཁོར་བཅས་དེ་རྣམས་མྱུར་བྱོན་ནས། །གཏོར་མ་འདི་ནི་གཟུང་བར་མཛོད།།གསོལ་བར་མཛོད་ཅིག་བཏུང་བར་མཛོད ། ཛཿཧཱུྃ་བཾ་ཧོཿཡང་དག་ཚིམ། །སེམས་ཅན་ཀུན་ལ་ཞི་བ་དང་། །རྒྱས་དང་བསྲུང་དང་སྐྱབས་པ་དང་། །སྦ་བ་མཛོད་ཅིག་ཧཱུྃ་ཧཱུྃ་ཕཊ། །རྡོ་རྗེ་འཆང་གི་བཀའ་བཞིན་མཛོད། །སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ སརྦ་ཛྙཱ་ཤཱ་ལུ་པཎྜི་ཏ་དྷརྨ་པཱ་ལ་བྷ་ཏྲེ་ཎ་ཨཱ་ཛྙ་ནནྡ་པུཎྱེ་ན་ལི་ཁཾ་ཏཾ། ཨེ་ཝཾ།། ཞེས་སོགས་མདོ་རྒྱུད་དུ་མ་ལས་གསུངས་སོ།༽ དེའི་རྗེས་སོར་དགོན་པའི་གཙུག་ལག་ཁང་ཆེན་མོའི་སྒོ་འགྲམ་གཡོན་གཡས་གཉིས་ནས་རྒྱ་གླིང་པ་གཉིས་དང་འཁྲབ་ཅན་པ་གཉིས། གསེར་དཔུང་པ་གཉིས་དང་སྤོས་སྣ་པ་གཉིས། དུར་བདག་པ་གཉིས་དང་དུང་འབུད་པ་གཉིས་བཅས་དང་དབུས་ཆོས་ཁྲི་ཆེན་མོས་སྤོས་སྣའི་གཡོན་བསྐོར་དང་གཡས་བསྐོར་དང་འབྲེལ་ལྷ་འཆམ་ཆོས་སྐྱོང་སྲུང་མ་རྣམས་གདན་འདྲེན་གནང་དང་སྦྲགས། རྡབ་རྡོབ་ཀྱི་དཔོན་པོའམ་དགེ་གཡོག་དཔོན་པོས་ཕྲག་པ་གཡོན་པའི་སྟེང་དུ་སློག་ཞྭ་གཞག་པ་དང་ཕྱག་གཡས་པའི་ནང་དུ་དབྱུག་པ་རིང་པོ་ཞིག་བཟུང་ནས་སྒོ་མཆོར་མདུན་དུ་རྡོའི་སྐས་འཛེག་ཐོག་ཏུ་ཤུགས་རན་ཙམ་གྱིས་རྒྱག་ནས་ཡར་བཞེངས་ཤིག ཞྭ་མོ་དེ་མར་ཕུད་ཅིག་ཞེས་པའི་ལེན་གསུམ་སྒྲོགས་པའི་སྐབས་སུ་འཆམ་མཇལ་བ་མང་ཚོགས་དང་བླ་གྲྭ་ཡོངས་རྫོགས་ཡར་བཞེངས་ནས་བླ་གྲྭ་ཚོས་འབུད་རྡུང་དཀྲོལ་གསུམ་སོགས་གནང་བ་དང་མང་ཚོགས་དད་འདུས་ཀྱིས་སྨོན་ལམ་རྒྱག་པ་སོགས་བྱས། ཆོས་རྭ་གཡོན་ཕྱོགས་སུ་གྲྭ་པ་བཞིས་རེས་མོས་བྱེད་ནས་དུང་ཆེན་འབུད་པ་༼ཡུལ་སྐད་དུ་རག་དུང་ཟེར།དེ་ཡང་ཅ་དངོས་རག་ལས་བཟོས་པའི་མཆོད་རྫས་དུང་ཆེན་ཞིག༽། ཆོས་རྭ་གཡས་ཕྱོགས་ནས་གྲྭ་གཉིས་ཀྱིས་རེས་མོས་བྱེད་ནས་རྔ་བོ་ཆེན་བརྡུང་བ་དང་། དེ་ནས་རྡབ་རྡོབ་རྣམས་རིམ་བཞིན་བྱོན་པ་དང་བརྡ་བརྡོ་ཚོས་ཕྱག་ཏུ་ཤིང་ཧ་ཅང་སྤོམ་པོ་རིང་ཚད་ཁྲི་གསུམ་བཞི་ཙམ་ཡོད་པ་ཞིག་ཁུར་ནས༼ ཡུལ་སྐད་ལ་ཀ་བཅག་ཟེར། དེ་ཡང་རྡབ་རྡོབ་ཚོས་ཤུགས་ཚོད་གནམ་འདེགས་ཀ་བ་ཡང་བཅག་ནུས་པའི་ཤུགས་ཆེ་དཔའ་ཐལ་ཡོད་པའི་དོན།༽ བཞི་རིམ་བཞིན་བྱོན་ནས་ཆོས་རྭ་གཡོན་ཕྱོགས་སུ་བཞུགས། དེ་ནས་རིམ་བཞིན་དུ་དཔལ་ལྡན་གུར་གྱི་མགོན་པོ་མཆོག་བྱོན། དེའི་རྗེས་སུ་ཡུམ་ཨེ་ཀ་ཛ་ཏི་བྱོན། དེའི་རྗེས་སུ་དཔལ་ལྡན་ལྷ་མོ་ཕྱག་བཞི་མ་བྱོན། དེའི་རྗེས་སུ་དཔལ་མགོན་ཞལ་བཞི་པ་བྱོན། དེའི་རྗེས་སུ་གནོད་སྦྱིན་ནག་པོ་ཡབ་བྱོན། དེའི་རྗེས་སུ་ནག་མོ་གནོད་སྦྱིན་ཡུམ་བྱོན། དེའི་རྗེས་སུ་པུ་ཏྲ་ནག་པོ་པ་བྱོན། དེའི་རྗེས་སུ་བྷ་ཏྲ་ནག་པོ་པ་བྱོན། དེའི་རྗེས་སུ་སྲིན་མོ་རལ་གཅིག་མ་བྱོན། ༼གོང་གི་དཔལ་མགོན་ཞལ་བཞི་པ་མ་གཏོགས་གཞན་རྣམས་ལ་གུར་ལྷ་བརྒྱད་ཟེར།༽ དེའི་རྗེས་སུ་གདོང་ཐོག་བླ་བྲང་གི་སྲུང་མ་གནོད་སྦྱིན་བེག་རྩེ་ལྕང་སྲིང་བྱོན། དེའི་རྗེས་སུ་གདོང་ཐོག་དགོན་གྱི་སྲུང་མ་གནས་ཆུང་པེ་ཧར་རྒྱལ་པོ་བྱོན། དེའི་རྗེས་སུ་གནས་བདག་ལྷ་མོ་བྱོན། འདི་ནི་སྔོན་གདོང་ཐོག་སྐུ་ཕྲེང་བཞི་པ་ངག་དབང་ཀུན་དགའ་རྒྱལ་མཚན་མཆོག་གཙང་ངོར་ཨེ་ཝཾ་ཆོས་སྡེའི་ཉེ་འདབས་སུ་སྤེ་གྲོང་དུ་འཁྲུངས་ཤིག་དེའི་སྲུང་མ་གནས་བདག་ལྷ་མོ་མཆོག་དང་ལྷན་དུ་རང་དགོན་དུ་བྱོན། དེའི་རྗེས་སུ་དཔལ་ལྡན་གུར་གྱི་མགོན་པོའི་འཁོར་བྱ་ཆུང་བྱོན། དེའི་རྗེས་སུ་སེང་གེ་བྱོན། དེའི་རྗེས་སུ་གཟིག་བྱོན། དེའི་རྗེས་སུ་དམ་བྱོན། དེའི་རྗེས་སུ་དྲེད་བྱོན། དེ་རྣམས་ལ་སྒོ་བཞི་བྱ་ལྔ་ཟེར།༼རེད་དེ་ཡོངས་སུ་གྲགས་པ་སྒོ་མ་བཞི་ནི་རྟ་གདོང་མ། ཕག་གདོང་མ། དྲེད་གདོང་མ། སྤྱང་གདོང་མ་བཅས་ཟེར། དེ་ཡང་རྟ་གདོང་དམར་མོ་ལྕགས་ཀྱུ་འཛིན། ཕག་གདོང་ནག་མོ་ཞགས་པ་འཛིན། དྲེད་གདོང་དམར་མོ་ལྕགས་སྒྲོག་འཛིན། སྤྱང་གདོང་ལྗང་གུ་དྲིམ་ཆེན་འཛིན། ཞེས་གསུང་པ་འདིས་ཕྱོགས་བཅུའི་མུན་སེལ་ལས། སྒོ་མ་བཞིའི་ཡིས་ཕྱག་རྒྱས་རབ་ཏུ་མཛེས་པ་ནི། ཕྱིན་ཅི་ལོག་གི་བདུད་བཞི་འཇོམས་ཤིང་ཡེ་ཤེས་བཞི་ཡིས་རྒྱས་འདེབས་པ་བཅས་གསུངས།
གུར་ལྷ་བརྒྱད་དང་སྒོ་མ་བཞི་ལ་གུར་ལྷ་བཅུ་གཉིས་ཟེར། དེའི་ཡན་ཆད་ལ་མང་འཆམ་ཟེར་བ་དང་སྔ་དྲོའི་ཚན་པ་ཞིག་རེད། དེ་ཡང་འཆམ་རྒྱག་པའི་སྐབས་སུ་བསྲིང་བཤད། མདའ་ཐེན། དཔུང་རུས་དྲག་རྡུང་། དཔུང་རྒྱང་། རྔམ་འགྱུ༼ཁ་སྐད་དུ་རྔ་འཆམ་ཟེར།༽ ཆད་ལྡིང་རུ། ལམ་འདྲེན་བཅས༼ཐ་སྙད་འདི་ཚོ་འདི་རེད་ཟེར་ན་ཁ་ཚོན་གཅོད་ནས་བཤད་དཀའ་བར་སྣང་བས་ཁོ་བོས་འཆམ་རྒྱག་སྐབས་སུ་ཉམས་འགྱུར་ལྟོས་ནས་བྲིས་ཡོད།༽ ཀྱི་མང་འཆམ་རྣམས་རིམ་བཞིན་ཡར་ཕེབས་པར་བྱས། ཕྱི་དྲོར། སྐྱེས་པ་གཉིས་བྱོན། དེའི་རྗེས་སུ་འཁྲབ་ཅན་གཉིས་བྱོན། དེའི་རྗེས་སུ་བུད་མེད་བཞི་བྱོན༼བུད་མེད་དམར་པོ་གཉིས་དང་ནག་པོ་གཉིས།༽ དེའི་རྗེས་སུ་བྱ་ནག་གཉིས་བྱོན། དེའི་རྗེས་སུ་དགེ་སློང་གཉིས་བྱོན། དེ་རྣམས་ལ་རིག་གྲོལ་སྡེ་བཞི་ཟེར། དེའི་རྗེས་སུ་ཤྭ་བ་གཉིས་བྱོན། དེའི་རྗེས་སུ་བྱ་བྱོན། དེའི་རྗེས་སུ་སྒོ་མ་བཞི་བྱོན། དེའི་རྗེས་སུ་དུར་བདག་གཉིས་བྱོན། དེ་རྣམས་ཁེ་འཆམ་རྐྱང་རྐྱང་ཡིན། དེའི་རྗེས་སུ་མང་འཆམ་ཆ་ཚང་བསྐྱར་འཆམ་པ་དང་། དེའི་རྗེས་སུ་སེང་གེ་འཆམ་པ། སེངྒེའི་བཤད་པ་རྒྱག་པ། ལྷ་ཆེན་རྣམས་ཕེབས་པའི་སྐབས་སུ་དགེ་གཡོག་གིས་འབར་རྫས་རྒྱག་པ་བཅས་བྱེད་སྲོལ་ཡོད། ཉེར་དགུའི་གཏོར་རྒྱག་སྐབས་སུ་བརྡ་རྡོབ་ཚོས་བང་སྒྲིག་ནས་སྔོན་དུ་བྱོན་པ་དང་གུར་ལྷ་བཅུ་གཉིས་སོགས་རིམ་བཞིན་གཏོར་རྒྱག་སའི་གནས་སུ་ཕེབས་ཞོར་ངག་ནས་མ་ཧཱ་ཀ་ལ་ཧཱུཾ་ཕཊ་ཞེས་འདོན་བཞིན་ཕེབས། དེ་ནས་ཁྲི་པས་མགོན་པོ་ཁྲོ་བཅུ་སྒོ་ནས་་གཏོར་རྒྱག་པ་དང་བླ་སློབ་ཚང་མས་ཆོ་ག་གསུངས་ནས། ཁྲི་པ་རིན་པོ་མཆོག་གིས་ཟོར་གཏོར་འཕེན་པ་དང་ཟོར་གཏོར་དེ་ཡང་གཡག་རྭའི་ནང་དུ་རྫས་སྔགས་ཀྱི་གཏོར་མ་བླུག་ནས་རྩིད་པ་ལས་བཟོས་པའི་ཁ་དོག་ནག་པོས་ཁ་བཀག་ནས་རས་སྐུད་དངོས་རྫས་ཕྲ་ལ་རིང་བའི་ཐག་པས་དམ་པོར་བསྡམས་ཏེ་ཟུར་བཞི་ལ་ཟེ་མ་ར་མགོ་ལྟར་ཕྱོགས་གཉིས་ཀྱི་སྣེ་མོའི་རྩེ་ཧ་ཅང་རྣོ་ངར་ཅན་གྱི་ཤིང་སྐྱེར་པ་བཏགས་སྲོལ་འདུག འབར་རྫས་སྤར་བ་དང་མེ་མདའ་རྒྱག་པ་སོགས་བྱེད་སྲོལ་དང་། གཏོར་རྒྱག་དེ་ཡང་བསྟན་འཛིན་སྐྱོང་ཞིག་བར་ཆད་བཟློག་པ་ཡིན་ཏེ། རྡོ་རྗེ་གུར་ལས་ཧཱུྃ་ལྷོ་ཕྱོགས་རྒྱ་མཚོའི་ཕ་རོལ་ན། །དུར་ཁྲོད་འབར་བའི་ཀློང་དཀྱིལ་དུ། །གཤིན་རྗེ་ནག་པོ་ཕྱག་གཉིས་པ། །མཚན་ཆས་དགྲ་བགེགས་སྒྲོལ་ལ་བསྟོད། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛད། །དེ་ནས་དཀར་བདུད་དམ་ཅན། མཁའ་འགྲོ་སྤྱི་གཏོར། གཞི་བདག་སོགས་དཀྱུས་བཞིན་བྱ། དེ་བ་པི་ཙུ་ཅི་རིགས་པས་འགོ་དྲངས་ནས། མགོན་པོ་རྣམས་ཀྱི་སྔགས་ཅི་ནུས་པ་བཟླ།།ཞེས་པ་གསུངས་པ་དང་། ཟོར་གཏོར་མེ་ཕུང་སྟེང་དུ་བརྡ་བརྡོ་ཚོས་དར་ནག་ཕྱག་རྡོ་ས་ཐོག་ནས་སོར་མོ་གཉིས་གསུམ་མཚམས་ནས་བསྐོར་ར་ལེན་གསུམ་བྱས་མཐའ་ལག་པ་གཅིག་གིས་དར་ནག་ཕྱག་རྡོ་གནམ་ལ་བཀྱག་ནས་དཀྲུག་དཀྲུག་ལེན་གསུམ་རེར་བྱས། དར་ནག་ཕྱག་རྡོའི་རིང་ཐུང་ནི་ཁང་བརྩེགས་གཅིག་ལྷག་ཙམ་ཡོད་པ་དང་སྦོམ་ལུགས་ཕོར་པའི་ཁ་ཙམ་རེར་ཡོད། དེའི་སྟེང་དུ་ལྷ་ཆེན་སོ་སོ་མཚོན་པའི་གཟུགས་རིས་དང་ཁ་མདོག་ནག་པོ་ལས་གྲུབ་པ། ཐོག་མཐའ་བར་གསུམ་གསུམ་དུ་རས་དམར་པོ་འདོམ་གང་ལྷག་ཙམ་ཡོད། སྐབས་དེར་བརྡ་རྡོབ་སོ་སོར་ཤུགས་ཡོད་མེད་ཚོར་ཐུབ། ཕོ་གསར་དང་གྲྭ་གསར་ཚོས་ལྟད་མོ་ལྟ་ས་ལ་འཚང་ཁ་ཤིག་ཤིག་བརྒྱབ་ནས་གཟིགས་ཤིག རིམ་བཞིན་ཡར་ཕེབས་ཞོར་མ་ཧཱ་ཀཱ་ལ་འདོན་དབྱངས་སྒྲོགས་བཞིན་འཆམ་རྭར་བྱོན། དེའི་རྗེས་སུ་སེང་གེ་འཁྲབ་པ་དང་གྲྭ་མང་ནས་མཇལ་དར་སྒྲོན་ནས་བཀྲ་ཤིས་པའི་བཤད་པ་གནང་བ་དང་སྦྲགས་ལྷ་རྒྱལ་ལོ་ཞེས་ཀུ་སྒྲ་སྒྲོགས་ནས་ལེགས་པར་གྲུབ་པ་བྱས། གནམ་གང་ལ་དགུ་གཏོར་ལེགས་པར་གྲུབ་པའི་ཚོགས་འཁོར་མཆོད་པའི་གཏང་རག་གཏོང་བའི་བྱེད་སྒོ་ཧ་ཅང་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད་ལུགས་སྲོལ་འདི་སྔོན་སློབ་དཔོན་པདྨ་འབྱུང་གནས་མཆོག་གིས་བསམ་ཡས་གཙུག་ལག་ཁང་ལེགས་གྲུབ་ཀྱི་རྟེན་འབྲེལ་དུ་གར་འཆམ་གསར་བཏོད་མཛད་པ་ནས་ད་ལྟའི་བར་དུ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་གར་འཆམ་ཁྱད་ཆོས་ལྡན་ཞིག སྔོན་བྱོན་མཁས་གྲུབ་ལོ་པཎ་རྣམས་ཀྱི་ཕྱག་རྒྱུན་ད་ལྟའི་བར་དུ་མི་ཉམས་པར་ཆོས་སྡེ་ཆེན་མོ་གདོང་ཐོག་རིག་གྲོལ་ཕུན་ཚོགས་གླིང་དུ་ཕྱག་ལེན་བསྟར་བཞིན་མཆིས།
གསལ་བཤད་དགུ་གཏོར་ལོ་རྒྱུས་སྙིང་བསྡུས་འདིའི་ནང་དུ་ཆད་ལྷག་དང་ནོར་འཁྲུལ་ཡོད་ངེས་པའི་རྒྱུས་མངའ་ཡོད་པའི་ལོ་རྒྱུས་སྨྲས་བ་རྣམས་དང་ཁྱད་པར་དུ་རང་དགོན་གྱི་བགྲེས་སོང་གནས་བརྟན་པ་ཚོ་གཙོས་ནོར་འཛོལ་ཡོ་བསྲང་གནང་རོགས།
རྗེས་སོར་ནོར་བཅོས་བྱེད་ཆོག འཕགས་ལྗོངས་རྒྱ་གར་ནས་དཔལ་ལྡན་ས་སྐྱ་པའི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་བོས་པ་དེས་སུག་བྲིས་བགྱིའོ། ༢༠༡༨།༡།༡༨
བསམ་ཚུལ་ཕྲིས།