ལོ་མཇུག་ཁ་ཤས་མཉམ་དུ་བསྐྱལ།

རྩོམ་ཡིག་འདི་ཐེངས་ 634 བཀླགས་འདུག


ན་གཞོན་སྙན་ངག་པ་སྙིང་མིག་གི་༢༠༡༩ལོའི་སྙན་ངག་ཡག་ཤོས་ཁག་ཅིག

 

ཚེ་ཡི་ལྷག་མ་སྐྱ་བོའི་ལམ་དུ་ཆས།།

གཏམ་དང་མྱི་ཁ་བྱ་རྒོད་ཤ་ལ་གཟན།།

ཕ་མ་རྒན་རྒོན་དག་པའི་ཞིང་དུ་བཞུད།།

འདས་ལོ་ཁ་ཡར་ཡི་མུག་འཚོ་བས་བསྐྱལ།།

 

སྙིང་རླུང་ནད་ཀྱིས་ནམ་ཕྱེད་གཉིད་ཀྱང་ཡན།།

རྨི་ལམ་རྟ་ཁྱུ་ཁྲམ་པས་རི་ལ་དེད།།

ཨབ་རའི་གཞུག་མ་ནགས་ཚལ་འདབས་སུ་འཐེན།།

ཌ་རུ་ཆ་ལང་བྲག་རྫོང་ལོགས་སུ་འཁྲོལ།།

 

ཅི་ཞིག་འོང་ན་དེ་ལྟར་འོང་བར་སྙམ།།

གང་དུ་འགྲོ་ན་དེ་ལྟར་སོང་བར་སྙམ།།

ཅིས་ཀྱང་དགོས་མེད་སྙམ་པའི་འདུན་མ་ཡིས།།

ཁེ་རུ་གཉོམ་མོའི་ཉི་ཟླ་ལྷོད་པར་བྱས།།

 

འོན་ཀྱང་ད་ནས་ཞི་བ་ཆེན་པོ་འོ།།

སོ་སོའི་སྡིག་སྒྲིབ་སེམས་ཀྱི་ཆུ་བོས་སོ།།

གུ་ཡངས་རི་སུལ་ནང་གི་ཏིང་འཛིན་གྱིས།།

བག་ཕེབས་བདེ་བའི་གཉུག་མ་རོལ་བར་བྱ།།

 

འདང་དང་བརྩེ་བའི་ཆོན་ཐག་མཐུད་པ་ཡི།།

ཤ་རུས་སྙིང་ལ་འོང་བའི་མིང་སྲིང་ངོ་།།

འདི་ནས་ཁོ་བོས་བརྩོན་པའི་ཆུ་བོ་ཡིས།།

ངེད་ཚང་མགོ་བོ་དགུང་དུ་བསྟོད་པར་བགྱི།།
༢༠༡༩/༡༢/༣༡ སྙིང་མིག

སྐད་ཆ་བསླས་མ།
ནམ་སྩ་ཕལ་ཆེར་ཨན་ཙམ་ཕྱིན་པ་རེད།།
ད་དུང་དགུན་གྱི་ཁ་བ་སྔར་བཞིན་འབབ།།
གནམ་གྱི་བདག་པོའི་ཞུ་ཡིག་ཁ་ཕྱེ་ན།།
ན་ནིང་ལོ་དེ་ཞེ་ལ་ཡང་སེ་འོངས།།

བདག་གི་གམ་ལ་ནགས་ཚལ་རྔུབ་པ་ཡི།།
ཁ་སྤུ་ཡ་ཟུང་ནུབ་ཀྱི་ཉི་མ་ལྡེ།།
ལོགས་སུ་ཨ་རག་འཐུང་བའི་སྤྲེ་འུ་དག།
གནའ་མི་རྒད་པོའི་ངག་སྒྲོས་གླེང་བར་བྱས།།

རྒོད་མ་བཏགས་པའི་སྡོང་ལོ་ཉལ་མ་ཉིལ།།
དུས་དེར་འདབ་ཆགས་འགའ་ཡང་འཕར་མ་འཕུར།།
སྡེ་གཞུང་འདི་ནས་བསླས་མའི་ཡི་གེ་གཉིས།།
མྱི་ཆེན་ཞིག་གི་དོར་མ་ལྷུག་པ་འདྲ།།

མདུད་པ་རེ་གཉིས་བཏབ་པའི་སྐུད་པ་དེ།།
ཤིག་དང་སྲོ་མའི་རྫོང་སྒོ་ཇེ་དམ་ཡིན།།
ངེད་ནི་ཡེ་གཤེན་ལྷ་ཡི་བྱིན་རླབས་ཀྱིས།།
ད་དུང་རི་ཁྲོད་འདི་ལ་ཏིང་ངེ་འཛིན།།

སྐྱེས་ནས་ཕལ་ཆེར་ཞག་མ་ཉི་ཤུ་ཡིན།།
བྱེ་མའི་ཐང་ལ་གཤོག་ཡ་འགྱུར་ཙམ་བྱས།།
བ་མོའི་ངོགས་སུ་ཐིགས་པའི་སྙན་ངག་དག།
ང་ཡི་གོང་མའི་ལུང་བསྟན་ཡིན་པ་རེད།།
༢༠༡༩/༣/༡༣ སྙིང་མིག

གྲོགས་རྒན་ལྗང་གསར་ལ་བསྐུར་བ།

འདི་ནས་བརྩིས་ན་ལམ་ནི་གཙང་པོ་འོ།།
ལམ་ཁར་ཉ་པ་རྒད་པོ་ཞེ་ནག་གོ།
ཟླ་བ་འགའ་ཞིག་ཁ་ངོ་མ་མཐོང་བས།།
སྐར་མའི་མིག་ཆུ་ལྷན་དུ་སྐྱོ་བ་བྱས།།

མྱི་ཁྱོད་ལུང་སྟོད་འདི་ཡི་གངས་རི་ཡིན།།
ཨ་ར་ཁ་སྤུ་ཤིགས་སེ་དགུང་ལ་སྡོད།།
ང་ཡང་ལུང་མདའ་འདི་ཡི་སྡོང་ལོ་ཡིན།།
ད་ནི་རླུང་དང་ལྷགས་པས་ཡར་མར་ཁུར།།

ང་ཡིས་རི་མོ་ཁྱག་ཁྱོག་འབྲི་ཤེས་ན།།
གྲོགས་འདི་ཐང་གའི་ནང་གི་གཙོ་ལྷ་བཞེངས།།
ལྷ་ཆེན་དེ་ཡི་མར་མར་གཤམ་དེ་ལ།།
ང་ཡང་ཁོ་ཡི་སྲུང་མ་ཚུལ་དུ་འབྲི།།

ཆུ་ལ་རྒྱེབ་ན་ཆག་སྒྲ་ཏིག་ཚད་འོད།།
བྲག་ལ་རྒྱེབ་ན་ཀག་སྒྲ་ཏིག་ཚད་འོད།།
གློ་ལ་བཏགས་པའི་ཐུང་མདའ་ཞིག་ཡིན་ན།།
དགྲ་ལ་འཕངས་ན་ཕོབ་སྒྲ་ཏིག་ཚད་འོད།།

སྐྱ་ཆད་སྔོ་ལ་སྡུག་པའི་ལོ་ངོ་དག།
ངེད་གཉིས་ཟས་དང་ཕོར་བ་མཉམ་དུ་བྱས།།
གཉིས་ཀའི་གཤིས་ཀ་གཉིས་ཀ་བློ་ལ་བབ།།
ཕན་ཚུན་སེམས་ཀྱི་ཆུ་མོ་ཡང་ཡང་འདྲེས།།
༢༠༡༩/༣/༢༩ སྙིང་མིག

དབྱངས་རྡོ་རྗེ་གདན།

འཕྱང་འཕྲུལ་དྲ་བའི་དཔྱངས་ཐག་ཡན།།

མེ་ཏོག་ཞགས་པ་ཕྱོགས་སུ་བསྣར།།

འདུ་ལོང་སྐྱོམ་པ་འགྲོན་པོའི་རླབས།།

ཟླ་བའི་མ་མའི་ཁམས་ལ་བསྲེས།།

 

སྨུག་སྤྲིན་བསླས་མའི་ཟོམ་ན་ལྡེམ།།

འཇའ་ཚོན་སྣམ་བུའི་གུང་ལ་འཐག།

མཆོད་སྡོང་གཡེར་ཁའི་དབྱངས་ཀྱི་རོ།།

ནགས་ཀྱི་ཁུ་བྱུག་དག་ལ་འདྲེས།།

 

ངུར་སྨྲིག་སར་པའི་བླ་གོས་གཡེང་།།

རྗེས་ཆགས་ཟུར་མིག་མེ་ཏོག་གཡོ།།

དད་འདུན་དྲི་བཞོན་ལྷ་མོའི་མདངས།།

གཡེར་ཁའི་སྨོན་ལམ་ལྷན་དུ་ཆས།།

 

ལན་ཀན་འདབས་སུ་ཕུག་རོན་ཁྱུ།།

རྩེ་འདོད་དགའ་མར་ཡོངས་སུ་འཁྱུད།།

བྱང་ཆུབ་ལྗོན་པའི་ལོ་མ་ལས།།

དུང་སེམས་གཡོ་བའི་བུང་བ་རྩེན།།

 

འདིང་བའི་གདན་ཡང་ཤེལ་གྱི་སྒོ།།

ལུས་སེམས་འདག་པའི་ཆུ་བོ་བྲུབ།།

ཙན་དན་ཕྲེང་བའི་ཐུ་ལུ་ལས།།

བསུང་ཞིམ་དངར་མོ་ཕྱོགས་སུ་འཕུར།།

 

ཆོས་ཀྱི་སྒྲ་ཆེན་རྔ་བོ་ཆེ།།

གྲག་སྟོང་རྒྱུད་མངས་རོ་ལ་ནེམ།།

རྟེན་འབྱུང་གཤིས་ལུགས་མཐུ་བོ་ཆེ།།

མ་གྷ་དྷ་ཡི་སྤོ་ལ་བརྙེས།།

 

ཉི་འོད་ཁུར་བའི་འགྲོན་པོ་དག།

ཟླ་འོད་རློན་པའི་ཟོལ་གྱིས་འོངས།།

མུན་པའི་ལྭ་བ་འདར་བྱེད་པའི།།

ཞེ་ལ་བདུད་རྩིའི་བུ་ཡུག་བཏགས།།

 

སྲིད་པའི་སྣང་བ་ཕྲ་མོ་རེ།།

ཡུད་ཙམ་སྐྱེངས་པའི་བྱིན་རླབས་རྡུལ།།

ཀུན་ལ་འགྱེད་པ་གང་གི་སྐུ།།

མཇལ་བའི་མོད་ལ་དབྱངས་སུ་བཞེངས།།

 

༢༠༡༩/༡/༥ མར་པ་ལོ་ཙཱས། “རྟེན་མ་ཧཱ་བྷོ་དྷི་ཡང་རྒྱ་གར་ལ་བཞུགས། ང་ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།“ ཞེས་བསྟོད་བསྔགས་མཛད་པའི་རྟེན་ཁྱད་པར་དུ་འཕགས་པ། དད་ལྡན་གྱི་སྐྱེ་བོ་སུ་ཞིག་གིས་མཇལ་ནའང་རེ་ཞིག་ཐ་མལ་གྱི་སྣང་ཞེན་སྐམ་པོ་འགག་པར་བྱེད་པའི་བྱིན་རླབས་དང་ནུས་མཐུ་མངའ་བའི་མཆོད་སྡོང་ཆེན་པོའི་མདུན་དུ་ཡི་གེར་གཏགས་སོ། སྙིང་མིག

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *