འབྲས་ལྗོངས་སྐོར་བའི་ཟིན་ཐོ།

རྩོམ་ཡིག་འདི་ཐེངས་ 1012 བཀླགས་འདུག

བཀྲ་ཤིས་དོན་གྲུབ།
འབྲས་ལྗོངས་ནི་གུ་རུའི་སྦས་ཡུལ་རྩ་ཆེན་ཞིག་ཡིན།
དེ་ཡང་གུ་རུ་སྲིན་ཡུལ་ལ་གཤེགས་ཁར་བོད་མི་རྣམས་ལ་ཤར་གནོད་སྦྱིན་གངས་ར། ལྷོ་བར་ཡུལ་གངས་ར། ནུབ་རྩིབས་རི་གངས་ར། བྱང་ལ་ཕྱི་གངས་ར་སྟེ་ཕྱོགས་བཞིའི་ཡུལ་ཆེན་བཞི་དང་མཚམས་བརྒྱད་ཀྱི་ཡུལ་ཕྲན་བརྒྱད་སོགས་ལུང་བསྟན་ཡོད་པ་ལས། འབྲས་ལྗོངས་ནི་ལྷོ་བར་ཡུལ་གངས་ར་ཞེས་པ་དེ་ཡིན་ཞིང་། སྦས་ཡུལ་ཐམས་ཅད་ཀྱི་རྒྱལ་པོར་བསྔགས་ཡོད། ལར་སྦས་ཡུལ་ཞེས་པ་ནི། ཆོས་ཕྱོགས་ནས་བཤད་ན་གུ་རུ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་ཤིང་། ལྷ་དང་མཁའ་འགྲོ་སོགས་དག་པའི་འགྲོ་བ་རྣམས་གནས་འཆའ་ས། སྐྱེས་བུ་ལས་ཅན་མ་གཏོགས་བགྲོད་མི་བཏུབ་པའི་ཡུལ་གཉན་པོ་དག་ལ་བཤད།
ཐུན་མོང་སྣང་ཚུལ་གྱི་ངོས་ནས་བཤད་ན། གནའ་བོའི་དུས་སུ་བགྲོད་པར་དཀའ་བའི་གནས་ཏེ། ནགས་ཁྲོད་གངས་ཁྲོད་དང་རི་གཟར་ཆུ་ཆེན་གྱིས་མཐའ་བསྐོར་ཏེ་གནས་ཤིང་། ཕྱི་མི་རྣམས་ལ་རྒྱུས་ཆེན་པོ་མེད་པར་གསང་བའི་ཚུལ་དུ་ལུས་ཡོད་པའི་ཡུལ་བཙན་པོ་དག་ལ་ཟེར་བ་ཡིན། སློབ་དཔོན་ཆེན་པོ་རྒྱ་གར་ནས་བོད་ལ་ཕེབས་པའི་ལམ་ཞོར་ནས། རྫུ་འཕྲུལ་མེད་པའི་མིས་བགྲོད་ཐབས་མེད་པའི་ཡུལ་བཙན་པོ་དེ་དག་གཟིགས་ཡོད་ལ། ཡུལ་དེ་དག་ནི་མ་འོངས་བོད་ལ་དུས་འགྱུར་རབས་དང་རིམ་པ་བྱུང་སྐབས་བོད་མི་རྣམས་བྲོས་བྱོལ་གྱིས་འཚོ་སྡོད་བྱེད་སར་ཕན་ཐོགས་འབྱུང་ངེས་པ་མཁྱེན་ཡོད་པས། སྦས་ཡུལ་ལུང་དུ་བསྟན་པའི་གནས་ཡིག་གང་ལ་བལྟས་ཀྱང་དོན་དག་གཅིག་རང་བྱུང་བ་ནི། བོད་བཙན་པོའི་དུས་རབས་མཇུག་རྫོགས་རྗེས། སངས་རྒྱས་ཀྱི་བསྟན་པར་ཉམས་ཆག་བྱུང་བ་དང་གྲུབ་མཐའ་ཕན་ཚུན་བར་ནང་འཁྲུགས་ལང་ངེས་ལ། བོད་ཁམས་ཡོངས་རྫོགས་སིལ་བུར་ཐོར་རྗེས་གཅིག་འོག་ཏུ་གཅིག་མི་འདུ་བའི་དུས་འཆར་སྐབས། མཐའ་མིའི་དམག་དང་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་ངེས་ན། དེ་དུས་གནས་ཡིག་རྣམས་ལ་ལེགས་པར་བརྟགས་ཏེ། ལམ་སྣ་འབྱེད་ཐབས་སོགས་འཛོལ་བ་མེད་པར་ལུང་བསྟན་པ་ལྟར་བྱས་ནས་སྦས་ཡུལ་དག་ཏུ་བརྟོལ་བར་གདམས་ཡོད། སྦས་ཡུལ་ལུང་བསྟན་པའི་གནས་ཡིག་དག་ཏུ་ཆོས་ཕྱོགས་དང་འབྲེལ་བའི་དག་སྣང་གི་སྐད་ཆ་མང་པོ་བྱུང་ཡང་། གནད་ཀྱི་རྡོག་པོ་ནི་གོང་དུ་བཤད་པ་དེ་དག་རང་ཡིན།
འབྲས་ལྗོངས་ནི་བོད་དབུས་གཙང་ཕྱོགས་ཀྱི་ལྷོ་ཁུལ་དུ་ཆགས། ཡུལ་འདིའི་ས་བབས་ནི་གནམ་ལ་ཟུག་པའི་རི་བོ་དང་། གཡག་རྩིད་ལྟར་འཛིངས་པའི་ནགས་ཚལ། ཤང་ཤང་དུ་བབས་པའི་ཆུ་མོ། མཆེ་བ་ལྟར་རྣོ་བའི་གངས་རི་སོགས་ཀྱི་མཐའ་ནས་སྐོར་ཞིང་དབུས་ནས་བརྒྱན། གྲོང་པ་དང་སྨུག་སྤྲིན་ལྷན་དུ་འདྲེས་ནས་ཡོད་ཅིང་། རྦབ་ཆུ་དང་སྣུམ་ལམ་སྐེད་པ་སྦྲེལ་ནས་ཡོད། ཡུལ་འདིར་བཏབ་ན་མི་སྐྱེ་བའི་འབྲུ་རིགས་ཤིག་མེད་ཚོད་ཡིན་ཡང་གཙོ་བོ་ཨ་ཤོམ་དང་འབྲས་གྲོ་ལས་གཞན། སྔོ་ཚལ་གྱི་རིགས་སྣ་ཚོགས་འདེབས་ལས་བྱེད་མོད། ཞིང་ཁ་ཡོད་ཚད་ཐེམ་ཞིང་ཡིན་པ་ལས་ཐང་ཞིང་ནི་མེད། སྤྱིར་ན་ཞིང་ཁའི་རྒྱ་ཁྱོན་ཡང་ཤིན་ཏུ་ཆུང་། གནས་ཡིག་ལྟར་ན་ཡུལ་གྱི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིང་ལ་བྱེད་དགོས་ཤིང་། དེ་ནས་འབྲས་མོ་ལྗོངས་ཀྱི་ཡུལ་སྤྱི་བམ་ཙམ་མིག་འོག་ཏུ་ཆུད་པར་བཤད། བྲག་དཀར་བཀྲ་ཤིས་ལྡིང་ནི་ཡུལ་གྱི་ལྟེ་བ་ཙམ་ཡིན་པར་མ་ཟད། འབྲས་མོ་ལྗོངས་ཡོངས་ཀྱི་གནས་ཀྱི་རྒྱལ་པོ་ཡང་ཡིན། བཀྲ་ཤིས་ལྡིང་ནས་བརྩིས་པའི་ཕྱོགས་བཞི་ལ། ཤར་སྦས་ཕུག་དང་བྱང་ལྷ་རི་སྙིང་ཕུག་ནུབ་བདེ་ཆེན་ཕུག་ལྷོ་མཁའ་འགྲོ་གསང་ཕུག་བཅས་ཕུག་པ་རྩ་ཆེན་བཞི་བརྩི་རྒྱུ་ཡོད། གང་ལྟར་གནས་ཀྱི་རྒྱལ་པོ་ནི་བྲག་དཀར་བཀྲ་ཤིས་ལྡིང་ཡིན། གནས་འདིར་རྣལ་འབྱོར་པ་རྟོགས་ལྡན་རྣམས་འབྱོར་ཚེ་རྟོགས་པ་བོགས་ཐོན་པར་བཤད་ཅིང་། ཐ་མལ་པ་དད་པ་གཡོ་མེད་ཅན་ཡིན་ཡང་། རེ་ཞིག་རྣམ་རྟོག་འོག་རྒྱུའི་འདུ་བྱེད་དབྱིངས་སུ་ནུབ་ནས་དག་སྣང་ཕྱོགས་མེད་དུ་རྒྱས་རྒྱུ་ཡོད་ཟེར་ཡང་། རང་རེ་ནི་དེ་གཉིས་ཀའི་མཐའ་ལས་འདས་ཟིན་པས་ས་རྡོ་རི་བྲག་མིན་པ་ཅི་ཡང་མཐོང་རྒྱུ་མ་བྱུང་། འདི་ན་མཇལ་དུ་ཡོད་པ་ནི་གུ་རུའི་བཞུགས་ཁྲི། དགོངས་འདུས་ལྷ་ཚོགས་ཀྱི་དཀྱིལ་འཁོར། དུར་ཁྲོད་བསིལ་བ་ཚལ་དང་མཉམ་པའི་དུར་ཁྲོད་ཅིག་སོགས་མཇལ་དུ་འདུག་ཀྱང་། གནས་ཡིག་ནང་ནི་ད་དུང་ལྷ་ཞལ་དང་དཀྱིལ་འཁོར་ཕུར་པ་སོགས་ཅི་རིགས་མཇལ་རྒྱུ་ཡོད་པར་གསུངས་མོད། བདག་གིས་དེ་འདྲ་དངོས་གནས་རང་མ་མཇལ་བས་འདི་ནས་མི་ཆོས་བླ་མའི་རྫུན་བཤད་དོན་མེད།
བྲག་དཀར་བཀྲ་ཤིས་ལྡིང་ནས་དེ་ཙམ་ཐག་མི་རིང་བའི་ས་ན་མཁའ་སྤྱོད་དཔལ་རི་ཞེས་པའི་མཚོ་ཤིན་ཏུ་ཉམས་དགའ་བ་ཞིག་ཡོད། ཁྱེད་ཉིད་གནས་སྐོར་ལ་ཕེབས་རྒྱུ་བྱུང་ཚེ། མ་མཐར་སྤྲོ་འཁྱམ་ཙམ་གྱི་ཆེད་མཚོ་འདིར་བསྐྱོད་རྒྱུ་མ་བརྗེད་ཅིག མཚོ་འདི་ནི་སྒྲོལ་མའི་བླ་མཚོ་སྟེ་གུ་རུའི་ཞབས་རྗེས་སུ་ཆགས་པར་བཤད། གནམ་ནས་པར་བཏབ་པ་རྣམས་ལ་བལྟས་ན་དངོས་གནས་ཞབས་རྗེས་འཁྲུལ་མེད་རེད། མཚོ་འདི་རྩ་ཆེ་བ་ལ་བསམས་ན་དེ་འདྲ་ཞིག་ཡིན་ཡང་། མཚོ་འདིའི་ཆུའི་བྲོ་བ་མྱངས་ཚེ་བདུད་རྩི་ཟེར་བ་འདི་འདྲ་ཞིག་ཡིན་ཤས་ཆེ་ཨང་སྙམ་པ་ཞིག་འོང་། ད་དུང་མཚོ་ཆགས་སའི་ཁོར་ཡུག་གི་མཛེས་སྡུག་ལ་ལོངས་སྤྱོད་པར་ཞུགས་ཚེ། “མནན་ན་ནེམ་ཞིང་བཏེག་ན་སྤར་བྱེད་པའི”ཁྱད་ཆོས་དེ་འདྲ་རང་མེད་རུང་། བདག་གི་བློ་ཡུལ་ན་ཡོད་པའི”ཞིང་ཁམས”ཞེས་པའི་འོལ་སྤྱི་ཙམ་དང་མཐུན་པ་ཞིག་ནི་འདུག་གོ།
དེ་ནས་འབྲས་ལྗོངས་ཡུལ་གྱི་ཕུད་དང་ལོ་རྒྱུས་ཀྱི་ཁུངས་དེད་ས”ཡུག་གསམ”ཡང་ཉེ་ཙམ་ཡོད། ང་རང་འགྲོ་དུས་སུ་སྣང་ཆུང་ཤོར་ཏེ་སྤྱི་ལེ་སོགས་ཞིབ་ཕྲ་འགོད་མ་ཐུབ་པར་ཀློག་པོ་རྣམས་ལ་དགོངས་དག་ཞུ་བ་ཡིན། “ཡུག་གསམ”ཞེས་པ་ལེབ་ཅའི་སྐད་ཡིན་ལ། “ཡུག”ཅེས་པ་བླ་མ་དང”གསམ”ཞེས་པ་གསུམ་གྱི་དོན་ཡིན་པས། འབྲུ་བསྡོམས་པས་བླ་མ་གསུམ་ཞེས་པའི་དོན་དུ་གོ འདི་ལྟར་མིང་ཐོགས་དོན་ནི། འབྲས་ལྗོངས་ཡུལ་གྲུ་འདི་གནས་སྒོ་འབྱེད་མཁན་གྱི་གཙོ་བོ་དང་། མདོ་རྒྱུད་སེམས་གསུམ་གྱི་བསྟན་པའི་ཆུ་འགོ་འདྲེན་མཁན་ཏེ། མངའ་བདག་སེམས་དཔའ་ཆེན་པོ་དང་། ལྷ་བཙུན་ནམ་མཁའ་འཇིགས་མེད(མཚན་གཞན་ཀོང་སྨྱོན་ཧེ་རུ་ཀ་ཡང་ཟེར) ཀཿཐོག་ཀུན་ཏུ་བཟང་པོ་གསུམ་པོ་ཐོག་མར་ཡུལ་འདིར་ཕེབས་ནས་རིང་ཙམ་བཞུགས་པས་ཡུལ་མིང་ཡང་དེ་ལྟར་ཆགས་ཟེར། དེར་མ་ཟད་འབྲས་ལྗོངས་རྒྱལ་པོ་ཐོག་མ་ཕུན་ཚོགས་རྣམ་རྒྱལ་ཡང་ཡུལ་འདི་ནས་ཁྲི་འདོན་མཛད་ཅིང་། སྐབས་དེ་དུས་ཀྱི་འབྲས་ལྗོངས་རྒྱལ་ས་ཡང་ཡུལ་འདི་ཡིན་པར་གྲགས། བླ་མ་གསུམ་པོ་དང་འབྲས་ལྗོངས་རྒྱལ་པོ་ཁྲི་མངའ་གསོལ་བྱས་པའི་རྡོ་བརྩིགས་ཀྱི་ཁྲི་དེ་དག་ད་ལྟ་ཡང་མཇལ་རྒྱུ་འདུག ཁྲི་དེ་དག་ལ་ར་བ་བསྐོར་ནས་བཞག་འདུག་ལ། ཁོར་ཡུག་དེའི་མིང་ལའང”ནོར་བུ་སྒང”ཞེས་བཏགས། བླ་མ་གསུམ་པོ་དང་རྒྱལ་པོ་བཅས་ལ་ཡོངས་གྲགས་སུ་རྣལ་འབྱོར་མཆེད་བཞི་ཞེས་འབོད། བླ་མ་གསུམ་པོ་ནི་བོད་ནས་སྤྱི་ལོ་1642 ཡས་མས་ལ་ཡུལ་འདིར་ཕེབས། དེའི་སྔོན་དུ་ཡུལ་འདིར་རྒྱལ་བློན་དང་ཆབ་སྲིད་འཛིན་སྐྱོང་གི་རྣམ་པ་གང་ཡང་ཆགས་མེད་པར། ཡུལ་མི་ཚོས་ནགས་ཁྲོད་ནས་རི་བྲག་པའི་ངང་ཚུལ་བཟུང་སྟེ་འཚོ་བ་རོལ་གྱིན་ཡོད་ཚོད།
སྤྱིར་ན་སྤྱི་ལོ་1373ལོར་རིག་འཛིན་རྒོད་ལྡེམ་ཅན་གྱིས་འབྲས་མོ་ལྗོངས་འདི་ཐོག་མར་གནས་སྒོ་འབྱེད་པ་ལ་འབད་ཡོད་ཀྱང་། གནས་འགའ་ཞིག་ལས་སྒོ་འབྱེད་མ་ཐུབ། དེ་ནས་རིག་འཛིན་རྒོད་ལྡེམ་གཉིས་པ་མངའ་རིས་རིག་འཛིན་ལེགས་ལྡན་རྡོ་རྗེས་ཀྱང་སྤྱི་ལོ་1568ཙམ་ལ་གནས་སྒོ་འབྱེད་པར་འབད་ཀྱང་གནས་ཡོངས་རྫོགས་སྒོ་འབྱེད་མ་ཐུབ། དེ་ནས་སྤྱི་ལོ་1642ལ་མངའ་བདག་སེམས་དཔའ་ཆེན་པོ་ཕུན་ཚོགས་རིག་འཛིན་ཕེབས། དེ་ནས་ལོ་གཉིས་རྗེས་ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་ཕེབས་ཏེ། སྒང་ཏོག་ཏུ་གནས་འཆའ་བའི་མི་ཉག་རྒྱལ་པོ་གྱད་པ་འབུམ་བསགས་ཀྱི་རྒྱུད་པ་སྒྲུབ་ཆེན་དོན་གྲུབ་དཔལ་བཟང་ཡུག་གསམ་དུ་གདན་དྲངས་ཏེ་ཐོག་མར་རྒྱལ་སྲིད་དུ་མངའ་སྲོལ་ཏེ། མཚན་ཡང་ཕུན་ཚོགས་རྣམ་རྒྱལ་ཏུ་བཏགས། རྒྱལ་པོ་འདི་པའི་རོགས་སྐྱོར་འོག སྤྱི་ལོ་1701ལོར་མངའ་བདག་སེམས་དཔའ་ཆེན་པོས་ཡུག་གསམ་རི་རྩེར་སྒྲུབ་སྡེ་དགོན་པ་བཞེངས། འདི་ནི་འབྲས་མོ་ལྗོངས་ཀྱི་དགོན་པའི་ཐོག་མ་ཡིན། དགོན་པ་འདི་ད་ལྟ་ཡང་མཇལ་དུ་ཡོད་ལ་ཤིན་ཏུ་དབེན་ཞིང་སིམ། ཡུལ་ལྗོངས་ཀྱི་བཀོད་པའི་མཛེས་སྡུག་ནི་བདག་གི་ཡི་གེའི་ནང་ཤོང་ཐབས་མི་འདུག་པས། ཁྱེད་ཉིད་དངོས་སུ་སོང་ནས་གཟིགས་དང་དེ་རང་བཟང་། དགོན་པ་འདིས་ཆུ་ངོགས་གཏམ་རྒྱུད་གློག་བརྙན་ནང་མཐོང་དུ་ཡོད་པའི་གནའ་བོའི་རྒྱ་ནག་གི་དགོན་རྙིང་དེ་ཚོའང་དྲན་དུ་འཇུག བློ་ཕམ་པ་ཞིག་ལ་ད་ལྟ་དགོན་པ་དེ་ན་སྡོད་མཁན་གྱི་གྲྭ་པ་རྡོག་གཅིག་མི་འདུག དུས་རབས་ཉི་ཤུའི་སྨད་ཙམ་ནས་དགོན་པ་འདི་འཛམ་གླིང་གནའ་ཤུལ(World Heritage)ཚན་པའི་ཁོངས་སུ་ཚུད་ཡོད་པས། ད་ལྟ་རྒྱ་གར་གཞུང་གི་གནའ་ཤུལ་སྲུང་སྐྱོབ་སྡེ་ཁག་གི་ལྟ་རྟོག་འོག་ཡོད། དགོན་པ་འདི་ལ་སུས་ལག་པ་འཆང་ནའང་ཧིན་སྒོར་ཁྲི་ལྔ་ལྷག་ཙམ་དང་ཟླ་བ་བཞི་ལྷག་བཙོན་ཁང་ནས་འདུག་དགོས་པའི་ཆད་ཡིག་དགོན་པའི་མཐའ་འཁོར་ནས་སྦྱར་འདུག་ན། ལོ་ཤས་སྔོན་ནས་ས་འགུལ་སྐབས་གྲུམ་སྐྱོན་ཤོར་བ་རྣམས་ཀྱང་ཞིག་གསོ་བྱེད་མཁན་མེད་པར་གས་ཆག་ནར་རེར་དབེན་འཇགས་སེར་ལུས་འདུག་པས་བལྟས་ན་ཞེ་སྐྱོ་རུ་འཇུག་པ་ཞིག་འདུག རྒྱལ་པོ་འདི་པས་བཞེངས་པའི་དགོན་པ་གཉིས་པ་ནི་པདྨ་ཡང་རྩེ་དགོན་ཟེར་བ་དེ་ཡིན་ཞིང་། དགོན་པ་དེ་ཡང་ཡུག་གསམ་དང་ཐག་རིང་པོ་མིན་པའི་ས་ན་འདུག ལོ་རྒྱུས་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ཕྱིན་དགོན་པ་དེར་མི་འགྲོ་ཐབས་མེད་ཡིན་ཏེ། དགོན་པ་དེར་འབྲས་ལྗོངས་ཡུལ་གྱི་གནའ་བོའི་བཟོ་བཀོད་སྒྱུ་རྩལ་གྱི་མཛེས་པ་མང་པོ་བལྟ་རྒྱུ་ཡོད་པས་མ་ཚད། འབྲས་ལྗོངས་ཀྱི་རྒྱལ་དར་ནས་བཟུང་སྟེ་གནའ་རྫས་མང་པོ་ཞིག་ཀྱང་བལྟ་རྒྱུ་ཡོད། དགོན་པ་དེར་ནི་ད་ལྟ་ཡང་བཤད་སྒྲུབ་ཀྱི་མིང་མ་སྟོང་ཙམ་ཞིག་ལུས་འདུག་གོ།
འབྲས་ལྗོངས་སུ་གནས་འཆའ་བའི་མི་རིགས་ནི་ལྷོ་མོན་ཙོང་གསུམ་རེད། ལྷོ་ནི་བུ་ཋི་ཡ(Bhutia)སྟེ་བོད་ནས་ཡོང་ཞིང་མི་ཉག་པའི་རིགས་རྒྱུད་ལས་མཆེད་པ་ཞིག་དང་། མོན་ཞེས་པ་ནི་ལེབ་ཅ(Lepcha)སྟེ་ཡུལ་འདིའི་གཉུག་གནས་མི་རིགས་མཚན་ཉིད་པ་དེ་ཡིན། མོན་ཟེར་དུས་ངེས་པར་འབྲུག་ཤར་ཕྱོགས་པ་དང་རྒྱ་གར་ཨ་རུ་ན་ཅལ་གྱི་མོན་པ་ལ་གོ་མི་དགོས། གནའ་དུས་བོད་ཚོས་མོན་ཟེར་དུས་རྒྱ་བལ་བོད་གསུམ་ས་མཚམས་ཀྱི་རི་བྲག་ལ་གནས་འཆའ་བའི་ནགས་ཁྲོད་མི་རིགས་ཐུན་མོང་གི་བརྡ་རུ་སྤྱོད་པར་འདུག འགའ་ཞིག་གིས་མོན་ནི་མུན་གྱི་སྒྲ་ཟུར་ཆག་པ་རེད་ཟེར་བ་ཡང་ཐོས་མོད། ཁོ་བོས་ཁུངས་ཡོད་མེད་ཚོད་མ་ཐིགས། གང་ལྟར་ཆོས་མི་དར་ཞིང་རི་དང་ནགས་ཚལ་རྣམས་ནས་ཀླ་ཀློའི་དོད་དུ་འཚོ་བ་སྐྱེལ་མཁན་རྣམས་ལ་ཀློ་དང་མོན་དུ་འབོད་པར་འདུག སྤྱིར་ན་འབྲས་ལྗོངས་ཀྱི་མོན་ནམ་ལེབ་དང་ཨ་རུ་ན་ཅལ་གྱི་ཀློ་པ་དང་མོན་པ། དེ་བཞིན་འབྲུག་ཤར་ཕྱོགས་པ་རྣམས་ཀྱི་བར་ན་ཐུན་མོངས་འདུ་ཤེས་ལྟ་ཚུལ་ཅན་གྱི་རིག་གནས་སྣང་ཚུལ་འགའ་ཡང་མཐོང་དུ་ཡོད་མོད། ཡིག་ཚོགས་ལ་འཇིགས་པས་འདིར་བྲི་བར་མི་བྱ། ཙོང་ནི་ད་ལྟ་བལ་ཡུལ་གྱི་ཁོངས་སུའང་ཡོད་པའི་ལིམ་བུ(Limbu)ཞེས་པའི་རིགས་དེ་ཡིན། དེ་ནི་བལ་ཡུལ་ནང་ཡང་གཉུག་གནས་མི་རིགས་ཨང་གཉིས་པའི་གྲས་སུ་སོན་པ་རེད་ཟེར་ལ། འབྲས་ལྗོངས་ཁུལ་དུའང་གཉུག་གནས་མི་རིགས་ཨང་གཉིས་པའི་གྲས་སུ་སོན་པ་ཡིན།
དེ་དག་ལས་བུ་ཋི་ཡ་རྣམས་ནི་བོད་རིགས་དག་མ་ཡིན་ལ། མི་ཉག་རྒྱལ་སྲས་གྱད་པ་འབུམ་བསགས་ཞུ་བ་ཞིག་ཚེ་འདི་སྣང་ལ་ངེས་པར་འབྱུང་ནས། ཡུལ་མི་སྟོང་ཕྲག་འགའ་དང་ལྷན་དུ་བསྡེབས་ནས་དབུས་གཙང་བརྒྱུད་སྦས་ཡུལ་འཚོལ་དུ་ཡོང་ནས་འབྲས་མོ་ལྗོངས་སུ་གནས་ཆགས་པ་ཞིག་རེད་ཟེར། ལར་ཁོ་བོས་ལོ་རྒྱུས་མི་ཤེས་ཀྱང་རྨོངས་འཆར་གཞིར་བཞག་པའི་སྐད་ཆ་བཤད་ན། སྔར་བོད་སིལ་བུའི་སྐབས་དང་དེའི་རྗེས་སུ་སོག་དམག་གིས་བོད་ལ་རབས་དང་རིམ་པར་གཙེས་ཡོད་ལ། མི་ཉག་རྒྱལ་རྒྱུད་ནི་སོག་དམག་གིས་ཚར་གཅོད་ཡུལ་དགྲའི་གཙོ་བོ་ཞིག་ཀྱང་ཡིན་པར་གོ་བས། དེ་འདྲའི་དམག་འཁྲུག་གི་ཉེ་ཞོས་མི་ཉག་པ་རྣམས་ཞེ་གཏིང་ནས་སུན་ཏེ་ཡུལ་གང་སར་བྲོས་བྱོལ་དུ་འགྲོ་འགོ་བརྩམས་ཡིན་ཚོད། བལ་ཡུལ་མངའ་ཁོངས་ཤར་པ་རྣམས་ཀྱང་མི་ཉག་པའི་རྒྱུད་པ་ཡིན་སྐད། ཁོང་ཅག་ཀྱང་སྦས་ཡུལ་འཚོལ་དུ་ཡོང་ནས་ཤར་ཁུམ་བུའི་ཕྱོགས་སུ་ཡུལ་གྱར་བར་བཤད། ཤར་པ་དང་བུ་ཋི་ཡ་གཉིས་ཀ་མི་ཉག་པའི་རྒྱུད་ཡིན་པར་གཅིག་པ་དང་། གཉིས་ཀ་སྦས་ཡུལ་འཚོལ་དུ་ཡོང་ནས་ཡུལ་འཁྱམ་དུ་གནས་པ་ཡང་གཅིག་ཅིང་། ཁོང་ཅག་གནས་འཆའ་སའི་འབྲས་ལྗོངས་དང་ཤར་ཁུམ་བུ་གཉིས་ཀྱི་ས་བབས་དང་གནམ་གཤིས་སོགས་ཀྱང་སྒོ་ཀུན་ནས་འདྲ་བ་ལ་གཞིགས་ན། ཤར་པ་རྣམས་ཀྱང་མི་ཉག་རྒྱལ་སྲས་གྱད་པ་འབུམ་བསགས་ཀྱི་རྗེས་སུ་འབྲངས་ནས་སྦས་ཡུལ་འབྲས་མོ་ལྗོངས་འཚོལ་ཆེད་དུ་ཆས་པ་ལ། ལམ་འཛོལ་ཐེབས་ཏེ་ཤར་ཁུམ་བུའི་ཕྱོགས་སུ་གྱར་བའི་རུ་སྡེ་ཞིག་ཨེ་ཡིན་ནམ་སྙམ།
ཤེས་དགོས་པ་ཞིག་ལ། འབྲས་མོ་ལྗོངས་ཀྱི་ཡུལ་འདི་ནི་སྤྱི་ལོ་ཆིག་སྟོང་དྲུག་བརྒྱ་བཞི་ཅུ་ཞེ་གཉིས་ཞེ་གསུམ་ནས། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གཉིས་དོན་གསུམ་བར་རང་བཙན་རྒྱལ་ཕྲན་ཞིག་གི་རྣམ་པར་བསྡད་མྱོང་། དབྱིན་ཇིས་རྒྱ་གར་ལ་བཙན་འཛུལ་བྱས་རྗེས་ཀྱང་འབྲས་ལྗོངས་ལ་བཙན་འཛུལ་བྱས་མེད་པར་བཤད། དེ་ནི་འབྲས་ལྗོངས་པ་སྟོབས་ཆེ་བས་མིན་ལ་དབྱིན་ཇི་འདོད་རྔམ་ཆུང་བས་མིན་པར། གོང་དུ་བཤད་པ་ལྟར་འབྲུག་དང་འབྲས་ལྗོངས་ཀྱི་ཡུལ་རྣམས་ས་བབ་བཙན་པས་དབྱིན་དམག་གིས་ས་ཚོད་ཐིགས་དཀའ་ཞིང་ལམ་བགྲོད་དཀའ་བས་ཡིན་པར་འདོད། དགོད་བྲོ་བ་ཞིག་ལ། འབྲས་ལྗོངས་ཀྱིས་རྒྱ་གར་གནས་སྡོད་དབྱིན་གཞུང་ལ་རྡོ་རྗེ་གླིང(Darjeeling)གཡར་བར་གྲགས་ཤིང་། གཡར་གླ་ཟླ་རེར་ཧིན་སྒོར་ལྔ་སྟོང་ཡས་མས་ཤིག་སྤྲོད་དགོས་པར་བཤད། འོན་ཀྱང་རྒྱ་གར་རང་བཙན་ཐོབ་རྗེས་རྡོ་རྗེ་གླིང་གི་གཡར་གླ་འཇལ་རྒྱུ་ཕར་ཞོག རིམ་པས་འབྲས་ལྗོངས་ལའང་དབང་བསྒྱུར་བྱས་ཡོད་པ་རེད། འབྲས་ལྗོངས་རྒྱ་གར་གྱིས་བཟུང་བ་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གྲངས་ནང་ཡིན། དེ་དུས་འབྲས་ལྗོངས་རྒྱལ་ཐོག་བཅུ་གཉིས་པ་ཡིན་པ་འདྲ། རྒྱ་གར་གྱིས་བཙན་བཟུང་བྱས་རྗེས་འབྲས་ལྗོངས་རྒྱལ་ཁྲིར་མངའ་གསོལ་བའི་རྒྱལ་སྲས་རྒན་པ་དེ་གྲོངས།(མང་པོས་རྒྱ་གར་གཞུང་གིས་ངན་བྱུས་གཏིང་ནས་བཀྲོང་པར་བཤད) དེའི་རྗེས་སུ་རྒྱལ་སྲས་འབྲིང་བ་དབང་ཕྱུག་རྣམ་རྒྱལ་ནི། ཕ་ནོར་དང་རྒྱལ་གཞིས་སོགས་བདོག་པ་ཡོད་ཚད་ཕྱི་ས་བཞིན་དོར་ཏེ་བྱ་བྲལ་སངས་རྒྱས་རྡོ་རྗེ་བླ་མ་རུ་བསྟེན་ནས། དབེན་གནས་རི་ཁྲོད་ཁོ་ན་འགྲིམས་ཏེ་བྱ་བྲལ་པའི་བརྟུལ་ཞུགས་འབའ་ཞིག་ཉམས་སུ་བཞེས་ནས་བཞུགས་ཡོད། འབྲས་ལྗོངས་མི་དམངས་ལ་མཚོན་ན། རྒྱ་གར་གྱིས་འབྲས་ལྗོངས་ལ་དབང་བསྒྱུར་བ་ནི་འོས་འཚམ་ཞིག་ཏུ་འདོད་ཀྱིན་འདུག བོད་ཚོ་སྡེ་པ་གཞུང་ལ་ཞེ་སུན་པ་ལྟར། འབྲས་ལྗོངས་པ་བརྒྱ་ཆ་དགུ་བཅུ་འབྲས་ལྗོངས་བཙན་རྒྱལ་ལ་ཞེ་སུན་ལང་གི་འདུག
འབྲས་ལྗོངས་ཡུལ་གྱི་རིགས་རུས་མཐོ་ཤོས་ནི། ཡ་བ་དང་ཀ་ཇི་མཱན་ཌ་ལ་ཟེར་བ་དེ་རྣམས་ཡིན། དེ་དག་ལས་ཡ་བ་ནི་བུ་ཋི་ཡའི་རིགས་ཀྱི་རིགས་རུས་མཐོ་ཤོས་ཡིན། ངའི་གྲོགས་པོ་ཨོ་དོན་གྱིས་བཤད་པ་ལྟར་ན། ཡ་བ་ཞེས་པ་བོད་སྐད་ཀྱི”ཡབ”ཅེས་པའི་སྒྲ་ཟུར་ཆག་པ་ཡིན་སྐད་པ་བདེན་དུ་སེམས། རྒྱུ་མཚན་ནི་འུ་ཚོས་སྐུ་དྲག་དཔོན་ཆེན་ཚོའི་ཁྱིམ་གཞིས་ལ”ཡབ་གཞིས”སོགས་ཟེར་བ་ལྟར། འབྲས་ལྗོངས་ཡུལ་གྱི་ཡ་བ་ཞེས་པ་ཡང་རྒྱལ་པོའི་གཉེན་ཉེ་ལས་མཆེད་པ་དང་། བོད་ནས་ཡོང་བའི་སྐུ་དྲག་གི་རིགས་རྒྱུད་ལས་མཆེད་པ་རྣམས་ལ་ཟེར་སྐད། ཀ་ཇི་ནི་ལེབ་ཅའི་རིགས་ཀྱི་རིགས་རྒྱུད་མཐོ་ཤོས་སུ་བཤད་ཀྱང་། དེ་ཇི་ལྟར་ཡིན་པའི་ཁུངས་སོགས་མ་ཤེས། མཱན་ཌ་ལ་ནི་རྒྱལ་པོ་དང་བླ་ཆེན་ཚོའི་གཡོག་ཏུ་བཀོལ་བའི་ནེ་པཱ་ལིའི་རིགས་རྒྱུད་དག་ཡིན། མི་དམངས་དཀྱུས་མ་ཚོའི་དབུས་སུ་དེ་དག་ཀྱང་རིགས་ཆེན་ཡིན་པ་རེད། རིགས་དེ་གསུམ་གང་རུང་ཡིན་པའི་མི་རྣམས་ད་ལྟ་ཡང་ས་གཞིས་མང་པོར་དབང་བའི་ཕྱུག་བདག་རྐྱང་ཡིན་འདུག བུ་ཋི་ཡ་རྣམས་བོད་གཙང་མ་ཡིན་ཡང་། ཁོང་ཚོར་བུ་ཋི་ཡར་མི་འབོད་པར་བྷོ་ཊེ་ཞེས་བོས་ཚེ་ཁྱོད་ཤི་ང་གསོན་གྱི་འཛིང་མོ་ལ་གཏུགས་ངེས། དེ་བས་ཁོ་ཚོར་ངེས་པར་བུ་ཋི་ཡ་ཞེས་བརྗོད་དགོས་པ་ལས་བྷོ་ཊེའམ་བྷོ་ཊ་ཞེས་གཏན་ནས་བརྗོད་མི་རིགས། དེ་བཞིན་དུ་ལེབ་ཅ་རྣམས་ལ་གནའ་དུས་སུ་ལབ་རྩེ་ཞེས་བརྗོད་སྐད་ཀྱང་། ད་ལྟ་ལེབ་ཅ་ཞིག་ལ་ལབ་རྩེ་ཞེས་བོས་ཚེ། འབོད་མཁན་དེའི་ཁའམ་སྣ་གང་རུང་ཆག་རལ་དུ་གྱུར་ངེས། སྤྱིར་ན་འབྲས་ལྗོངས་པའི་རིགས་འདི་བོད་མིར་དགའ་པོ་མི་བྱེད། ཁོ་ཚོ་རང་རློམ་དང་སྒྱིད་ལུག་ཕྲག་དོག་གསུམ་ཀ་ཆེ། སྔར་རང་དབང་ལ་ནས་བོད་རྣམས་ཡར་རྒྱས་ཆེན་པོ་སོང་བ་ཁོ་ཚོའི་མིག་ལ་མ་སོང་སྟེ། བོད་རྣམས་ཀྱིས་རང་དབང་ལའི་ཡུལ་སྐོར་སྤྲོ་འཁྱམ་བསྟི་གནས་སུ་ཚོང་གཉེར་མི་ཆོག་པ་ཡང་བཟོས་སྐད། འབྲས་ལྗོངས་དཔོན་པོ་ཅམ་གླིང་ཟེར་བ་དེའི་གཏམ་བཤད་ཅིག་ཏུ་ཡང་བོད་རྣམས་འཇོན་ཐང་ཅན་གྱི་མཚན་གཞིར་བཀོད་པར་བཤད། དེ་བས་འབྲས་ལྗོངས་པ་འདི་དག་བོད་མིར་མི་དགའ། སྐད་ཆ་འདི་འདྲ་ཐོས་སྐབས་བོད་མི་བྱབ་ཆུང་ཚོ་ལམ་སེང་གཡམ་རྒྱུག་ལངས་ཏེ། གནས་ངེས་མེད་ནས་འབྲས་ལྗོངས་པའི་མི་ལ་སྙིང་ནད་རྩོད་སྲིད་ཀྱང་། འདི་དག་ནི་བོད་ཆོལ་ཁ་གསུམ་པོ་ནང་ཁུལ་ལ་འཛིན་པའི་ཆགས་སྡང་གི་རྣམ་འགྱུར་དང་འདྲ་བ་ཙམ་ཞིག་ལས། རྩ་བའི་ཆ་ནས་འབྲུག་པ་དང་འབྲས་ལྗོངས་པ་སུ་ཡང་བོད་ལ་ལ་རྒྱ་དང་དགའ་ཞེན་མེད་པ་མིན། དེ་ཡང་ཡིན་ཏེ། ད་ལྟའི་བར་ཁོ་ཚོའི་ཡུལ་རྣམས་སུ་བོད་རྣམས་ལ་མི་རིགས་ཀྱི་དབྱེ་འབྱེད་མེད་པར་སྐྱིད་ཉལ་རྒྱག་རྒྱུའི་གོ་སྐབས་གནང་ཡོད་པ་མིན་ནམ། དེའི་ཕྱིར་ན། སྤྱི་དང་བྱེ་བྲག་གི་གནས་ཚུལ་ལ་དབྱེ་ཞིབ་དང་རྒྱུས་ལོན་གནང་རྒྱུ་གལ་ཆེ་བ་ཡིན། འབྲས་ལྗོངས་པའི་མི་རྣམས་གཟུགས་ཆུང་ཞིང་ཤ་མདོག་དཀར་ལ་ངོ་ལེབ་རྐྱང་ཡིན་པས་ཀུན་ཀྱང་མི་གཅིག་ལྟར་ཡོད། ཕྱུ་ར་རུལ་པོ་དང་གྷུན་དྷུར་ཟེར་བ་པད་ཚལ་རྙིད་ཅིང་རུལ་བཅུག་པ་ཞིག་དང་། སི་པན་དམར་རྡོག་སོགས་བཟའ་རྒྱུར་དགའ། ཕོ་ནད་ཅན་ཚོས་ཟ་ཆས་འདི་དག་ལ་ཚོད་ལྟ་མ་གནང་ན་བཟང་། དྲི་ངན་ལ་འཛེམས་མཁན་ཚོས་དེ་བས་ཚོད་ལྟ་གནང་མི་ཉན། ཤ་ཆང་གཉིས་ལས་ཆང་གི་གོང་ཚད་ཤིན་ཏུ་ཆུང་། བཏུང་ཚད་ཀྱང་ཞེ་དྲགས་མཐོ་བས་མི་མང་པོ་ཨ་རག་གིས་ཤི་བ་ཡིན། ས་ག་ཟླ་བ་དང་ལོ་གསར་གྱི་སྐབས་ཤ་ཁང་ཡོད་དོ་ཅོག་སྒོ་རྒྱག་དགོས་ཤིང་ཤ་གཏན་ནས་བཙོང་མི་ཆོག འདི་ནི་སྔར་རྒྱལ་པོའི་སྐབས་ཀྱི་ཆོས་ཁྲིམས་ཡིན་མོད། ད་ལྟའང་ལག་བསྟར་བྱེད་བཞིན་འདུག འདིའི་དགེ་མཚན་ནི་བླ་ན་མེད། ཁྲིམས་བཟང་འདི་འདྲ་ནི་ཆོས་ལུགས་དང་འབྲེལ་བ་ཙམ་དུ་མི་ལྟ་བར་ཀུན་གྱིས་ལག་བསྟར་འོས་པའི་ཁྲིམས་སུ་མཐོང་། ཁོ་བོ་རྩ་རྒན་ཡིན་པས་ནོངས་པ་འདྲ་སྟེ། ཡུལ་གང་དུ་སོང་ཡང་དེ་ན་བུད་མེད་མཛེས་མ་འདྲ་ཨེ་འདུག་བལྟ་རྒྱུ་གོམས་གཤིས་སུ་འཇགས་ཡོད། རེད་དེ་འབྲས་ལྗོངས་ན་བུད་མེད་མཛེས་མ་ཞིག་བདག་གིས་མ་རིག དེ་ནི་འབྲས་ལྗོངས་པའི་ཕམ་ཁ་ཆེ་ཤོས་ཤིག་ཀྱང་ཡིན་ངེས། འབྲས་ལྗོངས་ཀྱི་ཡུལ་མི་ཚོར་དུས་ངེས་མེད་དུ”ཨ་ཙི་ངོ་ཚ་བ་ལ”ཟེར་རྒྱུ་མང་པོ་ཡོད། གལ་ཏེ་ཁྱོད་ཀྱིས་ཁྲོམ་ནས་སྒོ་ང་ཉོས་ཏེ་ཁུག་མར་མ་བཅུག་པར་སྒོ་ང་རྗེན་པ་ལག་ཏུ་ཐོགས་ནས་སོང་ཚེ། འབྲས་ལྗོངས་པ་ཚོས་དེ་ངོ་ཚར་བརྩི་ངེས། ཁྱོད་ཀྱིས་རྐང་ཤུབ་ཡུ་བ་རིང་པོ་དེ་འདྲ་གོན་ན། “ཨ་ཙི་ངོ་ཚ་བ་ལ”ཞེས་ལྐོག་ནས་འཕྱ་དགོད་བྱེད་སྲིད། འོན་ཀྱང་གྲྭ་པས་ཀོ་བའི་སྟོད་ཐུང་ནག་པོ་གོན་ནས་སྒྲོབ་ཉམས་ངོམ་ཚེ”ངོ་ཚ་བ་ལ”མི་ཟེར། རྫུན་བཤད་པ་དང་སྣོག་རྒྱག་པ་སོགས་ལའང་ངོ་ཚ་ཆེར་མི་བརྩི། ངོ་ཚ་བརྩི་ལུགས་ཀྱི་རྣམ་གཞག་མི་འདྲ་བ་དེ་འདྲའི་རིགས་མང་དུ་མཆིས། བུ་ཋི་ཡ་རྣམས་ང་རྒྱལ་རབ་ཏུ་ཆེ། འབྲས་ལྗོངས་ལུང་དུ་བསྟན་པའི་གནས་ཡིག་རྣམས་སུ། ཡུལ་དེ་ན་ཡོད་པའི་ཕོ་ཐམས་ཅད་དཔའ་བོ་དང་མོ་ཐམས་ཅད་དཔའ་མོ་ཡིན་པར་བཤད་པ་རྒྱུ་མཚན་དུ་བྱས་ཏེ། ཁོ་ཚོ་ནི་བླ་མེད་ཀྱི་མི་རིགས་ཤིག་ཏུ་རློམ་སྟེ་གཞན་རྣམས་མི་གྲལ་ལ་མི་འཇོག དངོས་གནས་བྱས་ན་བུ་ཋི་ཡ་རྣམས་བོད་ནས་ཡོང་བ་ཡིན་པ་ལས། འབྲས་ལྗོངས་ཀྱི་ཡུལ་མི་ངོ་མ་མིན་པས་ཕོ་ཐམས་ཅད་དཔའ་བོ་དང་མོ་ཐམས་ཅད་དཔའ་མོ་ཡིན་མཁན་ཁོང་ཅག་མིན་པར་ལེབ་ཅ་རྣམས་ཡིན་དགོས། རེད་དེ་བུ་ཋི་ཡ་རྣམས་བོད་ནས་ཡོང་བའི་མི་ཡིན་པས། རང་རིགས་མིན་པ་ཐམས་ཅད་མི་གྲལ་དུ་མི་འཇོག་རྒྱུ་དེ། བོད་མིའི་འདུ་ཤེས་འཛིན་ཚུལ་དེ་རང་བརྒྱུད་འཛིན་བྱས་པ་ཞིག་ཡིན་འདུག དོན་དུ་བུ་ཋི་ཡའི་མི་འདི་ལ་འཇོན་ཐང་སྣེ་གཅིག་མེད། ཡུལ་གྱི་དཔོན་པོ་སོགས་གོ་གནས་ཆེ་གྲས་རྣམས་ཀྱི་བདག་པོ་ནི་ནེ་པ་ལི་ཡིན། རང་སྐད་རང་ཡིག་ལ་ནི་བདག་བྱེད་མ་ཐུབ་པར། ནེ་པ་ལིའི་སྐད་དང་ཡི་གེ་སྤྱད་ནས་བསྡད་ཡོད། བོད་སྐད་ཡིག་ལ་ནི་མི་འདོད་པ་ཆེན་པོ་བྱེད། འབྲུག་པས་རྫོང་ཁའི་ཁ་སྐད་ཡི་གེར་བྲིས་པ་ལྟར་ཁོ་ཚོས་ཀྱང་བུ་ཋི་ཡའི་ཁ་སྐད་ཡི་གེར་བྲིས། སློབ་གྲྭ་ཁག་གི་སློབ་ཚན་དུ་ཡང་སྐད་ཡིག་དེ་རང་སྤྱད། སྤྱིར་ན་བུ་ཋི་ཡའི་རིགས་འདི་དང་འབྲུག་པའི་མི་རིགས་བར་ལ་རིན་ཐང་ལྟ་བ་འདྲ་བའི་ཆ་ཤིན་ཏུ་མང་། ད་ནི་བཙན་བྱོལ་བོད་མིའི་ཤེས་རིག་ལས་ཁུངས་ཀྱིས་ཀྱང་འབྲུག་པ་དང་བུ་ཋི་ཡའི་གསར་གཏོད་དེ་ལ་མིག་དཔེ་གཟིགས་ཀྱི་ཡོད་པ་འདྲ་སྟེ། ཐོན་མིའི་བརྡ་སྤྲོད་གཞུང་ལམ་གྱི་སྒྲིག་གཞི་ཅི་དགར་གཏོར་ཏེ་གཞིས་ཆགས་ཀྱི་ཁ་སྐད་ཡི་གེར་བྲིས་པའི་སློབ་དེབ་དཔར་འགོ་བརྩམས། བོད་གཞུང་གིས་བྱས་ཚད་དཀར་རྐྱང་དུ་གཟིགས་པའི་མཁས་རྒན་ཆུང་ཚེ་རིང་སོགས་ཀྱིས། ལས་སུ་བྱ་བ་དེར་གསར་གཏོད་དུ་བསྔགས། འདི་དག་ཞོར་འཕྲོས་སུ་ཐལ་ལོ།།
གཞན་འབྲས་ལྗོངས་ཁུལ་གྱི་ཡུལ་མིང་ས་མིང་མང་པོ་བོད་སྐད་ཀྱི་ཡོད། དཔེར་ན་སྔར་ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་དབུ་བླ་གསུམ་གྱིས། ཡུག་གསམ་ནས་སྒང་ཏོག་ཏུ་རྒྱལ་པོ་བསུ་བར་མངགས་པའི་བསུ་མི་རྣམས་ཐང་གཅིག་ནས་རྒྱལ་པོ་དང་འཕྲད་སྐབས། རྒྱལ་པོས་ད་ནི་འབྱོར་ལ་ཁད་ཡོད་པ་འདྲ་གསུངས་པས་ས་དེའི་མིང་ཡང་འབྱོར་ཐང་དུ་ཆགས་སྐད། རྒྱལ་པོ་ལམ་བར་ནས་འགྲོ་བཞིན་པའི་ཚེ་ན་ཡུལ་ཞིག་ཏུ་འབྱོར་བ་ལ། ཡུལ་དེའི་མི་ཚོས་རྒྱལ་པོ་ལ་མར་མང་པོ་ཕུལ། རྒྱལ་པོས་མར་དེ་རྣམས་འཁུར་དུ་མ་ལྕོག་པར་ཡུལ་དེར་གཏམ་ནས་བཞག་པས། ཡུལ་མིང་ཡང་མར་གཏམ་དུ་ཆགས་སོགས་ཟེར། དེ་བཞིན་དུ་སྒང་ཏོག ལ་ཆེན་ལ་ཆུང་། གངས་ཅན་མཛོད་ལྔ། སྟག་རྩེ་སོགས་བོད་མིང་ཅན་མང་ལ། རུམ་ཏེག་དང་ཡུག་གསམ་སོགས་ལེབ་ཅའི་མིང་དུ་ཆགས་པ་ཡང་མི་ཉུང་བ་ཞིག་མཆིས། ཡུལ་གྱི་ས་བབས་ནི་ཤིན་ཏུ་མཐོ་བའི་རི་བོ་ལས་ཐང་བདེ་ཁོད་སྙོམས་ཅན་ཤིན་ཏུ་རབ་ཏུ་དཀོན། དབྱར་གཞུང་ལ་ཆར་པ་བབས་འགོ་ཚུགས་ཚེ། གཟའ་འཁོར་གཅིག་ཙམ་རེ་ཆར་པ་གཏན་ནས་ཆད་མེད་དུ་བབས། སྤྱི་ཟླ་གསུམ་པ་བཞི་པ་ནས་འགོ་བཟུང་སྟེ་བརྒྱད་པ་དགུ་པའི་བར་ཆད་མེད་དུ་བབས། ཆར་པ་བབས་པའི་ཚད་ནི་ཧང་སང་བའི་ཚོད་དུ་འདུག ངས་མི་ཚེ་འདིར་འབྲས་ལྗོངས་ནང་བཞིན་ཆར་པ་གཏོང་སའི་ཡུལ་གྲུ་གཞན་མ་མཐོང་། ཆར་པ་ལྷན་དུ་སྨུག་པ་གཏུགས་པོ་དཔག་མེད་འཁྲིགས་ཏེ་རང་གི་རྐང་མགོ་ཡང་མི་མཐོང་བའི་ཚོད་དུ་འོང་། དུས་ཚོད་འདི་འདྲར་གནས་སྐོར་སོགས་ལ་འགྲོ་བ་ནི་ལེགས་པ་མ་ཡིན། ཆར་ཤུགས་ཆེ་དྲགས་ཏེ་ས་རུད་རྡོ་རུད་བརྒྱབ་པ་དང་གཞུང་ལམ་ཞིག་ཉིལ་དུ་སོང་བ་གྲངས་མེད། དེ་བཞིན་སྨུག་འཐུམས་བརྒྱབ་སྟེ་ལམ་མི་མཐོང་བའི་དཀའ་ངལ་ཡང་ཆེ། རྩ་གསེང་ཤིང་གསེང་ཐམས་ཅད་པད་པའི་རྒྱལ་ཁམས་ཡིན། རྐང་ལམ་ཡོད་ཚད་ལ་ཆུ་དྲེག་ཆགས་ཏེ་འདྲེད་བརྡབ་ཤོར་ཉེན་ཧ་ཅང་ཆེ། དེ་སྔ་བདག་ལའང་རྒྱུས་མེད་པས་ལན་བཞི་ལྔ་རྐང་ལམ་དེ་དག་ནས་འདྲེད་བརྡབ་ཤོར་མྱོང་། དབྱར་ཆར་ཤུགས་ཆེ་ཞིང་དགུན་གྲང་ངར་ཆེས་བས། གནས་སྐོར་དང་སྤྲོ་མཁྱམ་གང་ལའང་དུས་ཚོད་དེ་གཉིས་མི་བཟང་། དཔྱིད་འགོ་དང་སྟོན་ཀ་ནི་ཡུལ་འདིར་སྐྱིད་པའི་དུས་ཚོད་ཏིག་ཏིག་དེ་ཡིན། ཡུག་གསམ་དང་བཀྲ་ཤིས་ལྡིང་སོགས་ན་དུག་ལྷ་གསོ་མཁན་དང་དུག་གཏོང་མཁན་མང་། གནས་བསྐོར་སྐྱོད་ཚེ་སོ་སོས་ཁ་ཟས་འཁུར་བའམ་ལྟོག་སྒོམ་རྒྱག་པ་གང་རུང་བྱེད་དགོས་པ་ལས། ཟ་ཁང་སོགས་ནས་ཁ་ཟས་ཟ་མི་རིགས་མ་གཏོགས། ལྟོ་ཐེངས་གཅིག་གིས་ཕྱི་མའི་ལྔ་ལམ་དུ་གཏོང་ཉེན་ཡོད་དོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *