དབྱངས་ཅན་སྐྱབས་ཀྱི་སྙན་གསར་ཁག་གསུམ།
རྩོམ་ཡིག་འདི་ཐེངས་ 612 བཀླགས་འདུག
ལམ་གླུ་གཤོག་ཐོགས་མ།
དབྱངས་ཅན་སྐྱབས། (དཀར་མཛེས)
རྫ་རི་བྲག་གཉིས་ཀྱི་ཐུར་མཚམས་སུ།།
ཤྭ་སྨུག་ཆུང་དུང་རུའི་ཁ་རྒྱན་བཞིན།།
བློ་ཞེ་འགྱོད་བྲལ་བའི་འབྲོག་དགོན་དུ།།
སྨུག་བུན་ནེར་སྤྱིལ་ཆུང་སྐྱིབས་དང་ལྷན།།
ཚེ་མར་མེ་ག་དུས་གཟིམ་གྱི་བར།།
འདིར་སྡོད་རྒྱུ་བྱུང་ན་ཨ་རེ་བསམ།།
ཤིང་དུད་སྤྲིན་འཐིབས་པའི་ཉག་ག་ནས།།
ངག་གླིང་བུ་འབུད་པའི་ལུག་རྫི་བཞིན།།
གནས་འདིར་སྡོད་མེེད་པར་རྩྭ་ཐང་འགྲིམས།།
ལར་ཨོང་ཐུན་རྒུམ་ནས་ཇ་ཡང་སྐོལ།།
ཞེ་སྣང་བའི་ཉམས་མགུར་ཐན་ཐུན་རེ།།
གདངས་འཇེབས་པར་འགུགས་ན་ཨ་རེ་དགའ།།
ཆབ་ཆུ་བོ་འཁྱིལ་བའི་ཕར་ངོགས་ནས།།
བྲག་ཐེམ་པ་བརྩིགས་པའི་ཚུར་ངོགས་ནས།།
བྱ་ཐང་དཀར་གཤོག་འགྱུར་ལྡེམས་པ་བཞིན།།
དབྱར་མེ་ཏོག་ལུང་པའི་ཕྱེ་ལེབ་བཞིན།།
དགུང་གནམ་འཕངས་གཅོད་ན་ཨ་རེ་བསམ།།
སེམས་ཆགས་སྡང་བྲལ་བའི་གནས་ཤིག་ཏུ།།
ལར་སྙེག་རྒྱུ་བྱུང་ན་ཨ་རེ་དགའ།།
༢༠༡༨-༣-༡༦ཉིན།
དབྱངས་ཅན་མ།
མ་བཅོས་རང་སྒྲ་འཇེབས་པའི་སྙན་གླུ་ཡིས་བསྐུལ་ཏེ།།
མཉེན་ལྕུག་དད་པའི་དབུ་ལོ་གཡོ་རྐྱེན་ལ་དགོངས་ཚེ།།
ངག་དང་རིག་པའི་གཏེར་མཛོད་དབྱངས་ཅན་གྱི་མཁའ་འགྲོ།།
འཛད་མེད་གསེར་གྱི་བུམ་ཆུང་བསྩལ་བ་རེ་བྱུང་ངམ།།
དགའ་སྐྱོ་རེས་སུ་འཆར་བའི་སོ་སྐྱེས་ཀྱི་ང་ཅག།
རས་རྐྱང་ཐུ་ཞབས་འོག་གི་ཁེར་རྐྱང་གི་བུས་པ།།
སེམས་ཉིད་འཕལ་ཀ་མ་འཕྲོད་སྐྱོ་གདུང་གི་བར་ནས།།
མ་ཉིད་ཤིན་ཏུ་དྲན་པའི་རྒྱང་གླུ་ཡིས་བསྐུལ་ན།།
བརྩེ་ཆེན་ཐུགས་ཀྱི་དབུས་ནས་བོར་བ་རེ་མ་གནང་།།
སེམས་ཉིད་སྒྱུ་འཕྲུལ་འབྱམས་ཀླས་ནམ་མཁའ་ཡི་དབུས་སུ།།
ཁྱེད་ཐུགས་སྙིང་རྗེ་དཀར་པོ་ཟླ་བ་བཞིན་ཚེས་ཏེ།།
མི་ཤིགས་ཡིད་ཀྱི་དད་པ་གངས་རི་བཞིན་བརྟན་ལ།།
ཐ་སྙད་འབུམ་ཕྲག་བརྡལ་བའི་གླེགས་བམ་གྱི་རྩིབ་མར།།
བྱིན་རླབས་སྤོས་དྲི་ཐུལ་ལེ་སིལ་སྒྲ་བཅས་སྒྲོགས་ཤིང་།།
རིག་བྱེད་སྙན་ཚིག་བདུད་རྩིའི་དགའ་སྟོན་དུ་བྱོན་ན།།
ངལ་བའི་མུན་པ་ཁྲག་ཁྲིག་རང་ས་རུ་ཞི་སྟེ།།
གཉུག་མའི་དགྱེས་ཞལ་མཇལ་བ་ཐག་རིང་ཞིག་མིན་ཚོད།།
སྟོང་ཉིད་གླུ་ཆུང་འདི་ཡང་ཤང་ཤང་གིས་ལེན་ཚེ།།
དབྱངས་ཅན་མཁའ་འགྲོ་མཉེས་པའི་དངོས་གྲུབ་རེ་མཛོད་ཅིག།
2019-2-13ཉིན།
སྣང་བ་ལྡེམ་པའི་གླུ།
རྣམ་པར་རྟོག་པའི་སྐར་ཚོམ་ཁྲ་ཆིལ་དགུ་ཆིལ།།
ཚོར་བའི་མེ་ཏོག་སྤྲུས་ཤིང་ཟིལ་བ་ལེན་ཆོག།
ལུས་སེམས་གྲང་ཅང་ཅང་གི་རི་སུལ་འདི་ནས།།
ལུག་ཁྱུ་བསྐོར་བདའ་བྱེད་ཅིང་མེ་སྒོང་བརྒྱབས་ཏེ།།
སྐྱོ་དུབ་ལན་ཆགས་སྤྲུགས་ནས་གླུ་རེ་ལེན་པེ།།
ཡང་ན་འཁོར་བའི་གྲོང་དང་དགོན་མཐའ་འགྲིམས་ནས།།
དུང་འབུད་རྔ་རྡུང་བྱས་ཤིང་ཁྲོམ་སྲང་ཉུལ་པེ།།
ལམ་གྱི་དཀའ་སྡུག་དོས་པོ་ལུ་གུའི་རྒྱུད་ལྟར།།
མི་ཚེའི་ལ་ཐང་ཆོས་དཔེ་རྫོགས་རྫོགས་བྱེད་པེ།།
ཡང་ན་ནགས་བརྒྱ་རི་བརྒྱའི་བྲག་སྐྱིབས་དེ་ནས།།
བྱིན་ཆགས་ཡངས་པའི་ཁམས་ཀྱང་ཤུག་དྲི་ཐུལ་ལེ།།
དམ་ཚིག་ཤེལ་གྱི་བུམ་ཆུང་མ་གཅོག་སྡོད་དང་།།
དམིགས་མེད་བརྩེ་བའི་ངང་དུ་ཅུང་ཟད་བཞུགས་དང་།།
ཞེ་སེམས་རྣལ་མའི་མེ་ཏོག་ཁྲ་འཛོམས་དགུ་འཛོམས།།
སྣང་བའི་མགུར་ལ་བརྒྱུས་པའི་རྟེན་འབྲེལ་ལགས་ན།།
བདག་གཞན་ཁ་དན་བཞེས་པའི་རྟེན་དུ་ཉར་ཆོག།
ཡང་ན་ངེས་མེད་ཡ་ཀིའི་རི་དྭགས་ཇི་བཞིན།།
སྨུག་ལོང་ཉག་སྒང་འདི་ནས་སྨྲེང་བ་རྒུམ་སྐད།།
མིག་གི་མཐའ་རུ་དགའ་སྐྱོའི་གཏམ་རྒྱུད་བྲིས་ཏེ།།
འཚོ་བ་ཆུ་འཁྱག་འདྲ་བོ་བརྒལ་ནས་ཡོང་དུས།།
ཉོན་མོངས་བུ་ཡུག་འཚུབ་ལ་སྒྱུ་མའི་རླུང་ཡང་།།
ང་ཡི་མདུན་དང་རྒྱབ་ནས་ངེར་ངེར་གཡུག་ན།།
བྱ་གཞག་སྒྱུ་མའི་རྟ་གླང་ཆུ་ཁར་འདེད་ཅིང་།།
དར་ཅིག་སེམས་ངལ་གསོ་བའི་ཏམ་བུ་འདེགས་ཨང་།།
༢༠༡༩-༤-༨ཉིན།
བསམ་ཚུལ་ཕྲིས།