ཤེལ་དཀར་པོའི་བདམས་བཀོད་སྙན་ངག་ཁག་ཅིག

རྩོམ་ཡིག་འདི་ཐེངས་ 911 བཀླགས་འདུག

 

ཤེལ་དཀར་པོ། བོད། དཀར་མཛེས།
རྟོག་འཆར།

 སུ་ཞིག་ཁྲོ་བའི་གཉེར་རིས་ཁོ་བོར་འཚེས།།

དཀར་པོའི་འཛུམ་ལ་གྱེབ་ཀྱི་རྩི་ཞིག་ཆགས།།

དྲང་བོའི་གཏམ་ལ་རྫུན་གྱི་དྲི་ཞིག་འཐུལ།།

རྒྱུས་ཡོད་མི་ལ་རྒྱུས་མེད་མདངས་ཤིག་ཤར།།

 

 ལོ་ཟླ་རིང་མོ་ཞིག་གི་འགྲམ་ངོགས་ནས།།

བཙའ་ཡིས་བཟུང་བའི་གཞས་ལ་བཙན་གྱིས་མཉན།།

སྒྱུ་མའི་སྙན་ངག་འགའ་རེ་མེར་སྦར་བས།།

འདང་ཆེན་ཁུར་བའི་མི་ཞིག་ཡལ་ཏེ་བོར།།

 

 

འཚོ་བའི་སྨིག་རྒྱུ་ཡིད་ལ་རབ་རིབ་ལྡང་།།

སྣང་བའི་རྨི་ལམ་ཞེ་ལ་འཇིགས་སྔངས་འཁོར།།

ཚིག་ལ་རལ་གྲི་ཐོགས་པས་ལོས་ཀྱང་ཡིན།།

ཚོར་བའི་སྙིང་གིས་དངན་པ་མུ་རུ་ཧལ།།

 

 

གདོང་ལ་འདྲ་འབག་ཁྲ་ཁྲ་བབས་པ་ཡི།

ཁྱི་སྤྱང་མཆེ་སྡེར་རྣོན་པོ་ཡར་ཕྱར་ནས།།

སུ་ལ་འཆའ་བའི་གཟི་ཤུགས་ཡང་བསྐྱེད་པས།།

དངངས་ལ་སྙིང་རྗེ་འདྲེས་མའི་སེམས་ཤིག་སྐྱེས།།

ཐོལ་བྱུང་།

 ཤེལ་དཀར་པོ།

སུ་ཞིག་ཁྲོ་བའི་གཉེར་རིས་ཁོ་བོར་འཚེས།།

དཀར་པོའི་འཛུམ་ལ་གྱེབ་ཀྱི་རྩི་ཞིག་ཆགས།།

དྲང་བོའི་གཏམ་ལ་རྫུན་གྱི་དྲི་ཞིག་འཐུལ།།

རྒྱུས་ཡོད་མི་ལ་རྒྱུས་མེད་མདངས་ཤིག་ཤར།།

ལོ་ཟླ་རིང་མོ་ཞིག་གི་འགྲམ་ངོགས་ནས།།

བཙའ་ཡིས་བཟུང་བའི་གཞས་ལ་བཙན་གྱིས་མཉན།།

སྒྱུ་མའི་སྙན་ངག་འགའ་རེ་མེར་སྦར་བས།།

འདང་ཆེན་ཁུར་བའི་མི་ཞིག་ཡལ་ཏེ་བོར།།

འཚོ་བའི་སྨིག་རྒྱུ་ཡིད་ལ་རབ་རིབ་ལྡང་།།

སྣང་བའི་རྨི་ལམ་ཞེ་ལ་འཇིགས་སྔངས་འཁོར།།

ཚིག་ལ་རལ་གྲི་ཐོགས་པས་ལོས་ཀྱང་ཡིན།།

ཚོར་བའི་སྙིང་གིས་དངན་པ་མུ་རུ་ཧལ།།

གདོང་ལ་འདྲ་འབག་ཁྲ་ཁྲ་བབས་པ་ཡི།།

ཁྱི་སྤྱང་མཆེ་སྡེར་རྣོན་པོ་ཡར་ཕྱར་ནས།།

སུ་ལ་འཆའ་བའི་གཟི་ཤུགས་ཡང་བསྐྱེད་པས།།

དངངས་ལ་སྙིང་རྗེ་འདྲེས་མའི་སེམས་ཤིག་སྐྱེས།།

                    ཐོལ་བྱུང་།

                                ཤེལ་དཀར་པོ།

ལོ་ཟླས་རིང་དུ་ཕྱེས་བའི་བར་ཐག་ཅིག་ན།།

བདེན་རྫུན་ཆ་མེད་ཅིག་གི་རྣམ་རྟོག་བཞད་དེ།།

མདུན་གྱི་མེ་ལོང་དེ་ལ་བཙའ་ཞིག་འཁོར་བས།།

རང་ངོ་རང་གིས་མ་ཤེས་ལོ་ཟླ་འགོར་སོང་།།

བྱེ་རྡུལ་དྲག་ཏུ་སྤྲུག་པའི་འཁོར་བའི་གྲོང་ལ།།

སྨྲེ་སྔགས་རླུང་གིས་ཁུར་བའི་འདུ་འཛི་མཆེད་འདུག།

འཁོར་བ་ལྷག་ཏུ་འཁོར་བའི་གྲུ་གའི་ནང་ན།།

མིག་ཟུང་ཆུ་ལ་ལྷུང་བའི་ཉམས་ཤིག་དོད་འོང་།།

དངན་པ་དབྱིངས་ལ་སྤུར་བའི་ནོར་འཛོལ་ཁྲོད་དུ།།

ཚོར་བའི་ལྕག་གིས་བཞུས་བ་ལེན་གྲངས་མང་བས།།

གྲོལ་གླུ་ཐན་ཐུན་ཞིག་ལ་རྔམ་པ་འཆོར་དུས།།

སྡོང་ལོ་སེར་པོའི་ཁ་ཕྱོགས་ངེས་མེད་འགྱུར་སོང་།།

སྣང་བའི་ཆུ་ལ་འཇའ་ཡི་རི་མོ་བྲིས་ཏེ།།

སྙིང་གི་ལག་ནས་བསྐལ་བའི་དུས་ལ་གཉར་བས།།

སེམས་པ་དབྱངས་ལ་སིམ་པའི་སྨྲེང་ཉམས་དེ་ཡང་།།

སུ་ཞིག་ཞེ་ལ་ལྷུང་བའི་ནག་ཉེས་ལོས་ཡིན།།

                             གཏམ་བཟང་ཞིག་གིས་བྲིས་པའི་སེམས་ཚོར།

                                          ཤེལ་དཀར་པོ།

རྒྱང་རིང་ཕ་ཡུལ་ནས་འོད་ཅིག་མཆེད་དེ།།

སེམས་ཀྱི་ས་སྲོས་ལ་དྲོད་ཅིག་སྦྱིན་པས།།

སྤྲོ་བའི་རྒྱུད་སྐུད་དེ་ལྷོད་ཀྱིས་འགུལ་ནས།།

སྙན་པའི་དབྱངས་རྟ་ཞིག་ངང་གིས་འབྱམས་སོང་།།

སྣང་བའི་ནེའུ་གསིང་ལ་མེ་ཏོག་བཀྲམ་འདྲ།།

རྐང་དྲུག་བུང་བ་ཡིས་འཕུར་ལྡིང་རོལ་འདྲ།།

དབྱར་གྱི་མཛེས་རིས་དེ་སེམས་ལ་བྲིས་ནས།།

འཇིག་རྟེན་ཆགས་ལུགས་ལ་བསྟོད་གླུ་བླངས་བྱུང་།།

ཚོར་བ་འཛད་མེད་ཀྱིས་སྐོར་བྲོ་འཁྲབ་ནས།།

བྲང་གཞུང་སྐམ་པོ་ནས་སྤྲོ་རླབས་འཕྱུར་བྱུང་།།

རྨི་ལམ་དོག་མོ་ལ་འོད་ཞགས་འཁྱུག་པས།།

མི་ཚེའི་ལས་རླུང་ལ་སྐྱིད་ཅིག་འཁོར་བྱུང་།།

དྲན་ཤེས་འཇའ་ཚོན་གྱི་ཀློང་ལ་དཔྱངས་ཤིང་།།

ཚོར་བའི་ཉམས་འགྱུར་གྱི་རི་མོ་དྭངས་མ།།

ལུས་ཀྱི་བྲང་ཁོག་གི་སྦུབ་ན་བསྐྱོམས་པས།།

རྣམ་ཤེས་ཕྲ་མོ་དེ་དགའ་བས་བཟི་འདུག།

ཉི་མའི་གཟི་འོད་དེ་རབ་ཏུ་གསལ་ལ།།

ཟླ་བའི་རང་མདངས་ལ་དཀར་རྩི་བྱུགས་པས།།

དགུ་ཚིགས་ཁྲ་ཁྲ་དེ་འཛུམ་གྱིས་བཞད་འདུག།

འཛུམ་པ་ཡག་མོ་དེ་རྟག་ཏུ་བརྟན་ཤོག།

                                              གྱེས་ཁའི་སྨོན་ལམ།

                            ཤེལ་དཀར་པོ།

བདེ་མིན་སྡུག་བསྔལ་འཁོར་བའི་གཏིང་མཐའ་ལས་འཕགས་པའི།།

དབེན་པའི་རྫ་རིའི་སྐེད་པའི་ལྷིང་འཇགས་དང་འགྲོགས་ཏེ།།

ཐུན་བཞིའི་རྣམ་འབྱོར་སྐྱོང་བའི་མཆེད་གྲོགས་ཀྱི་དབུས་ནས།།

ཟླ་གསུམ་ཉུལ་བ་དེ་ཡང་བསོད་ནམས་རང་རྨད་དོ།།

གནས་མཆོག་དགའ་བ་བརྒྱད་ལྡན་འོག་མིན་གྱི་ཞིང་དུ།།

འདུག་པའི་སྐལ་བ་དེ་ཡང་ངང་ཐུང་དུ་མཆིས་པས།།

གྱེས་བའི་སྐལ་བ་ཞིག་ལ་མིག་ཆུ་ཡིས་འཇུས་སོང་།།

འདི་ཡང་ཚོགས་གཉིས་ཕྲ་བོ་རྫོགས་པ་དེ་ལོས་ཡིན།།

ཆོས་བརྒྱད་རླུང་གིས་བསེད་པའི་སྐད་ཅིག་གི་སེམས་བྱུང་།།

འཇིག་རྟེན་འདུ་འཛིའི་ཉེས་དམིགས་ཉི་ཤུ་ཡིས་བཟས་འགྲོ།

དེ་དུས་ད་དུང་དབེན་པའི་རྫ་རི་ནས་ཉུལ་འདོད།།

གྱེས་ནས་འཇའ་ཚོན་བདའ་བའི་འཚོ་བ་དེ་མི་འདོད།།

འོན་ཀྱང་ལས་ཀྱི་བཤུལ་ལམ་བཅོས་ཐབས་རང་དཀའ་བས།།

ནམ་མཁའི་གྲུ་དང་འགྲོགས་པའི་ཉི་ཟེར་གྱི་མཐའ་ནས།།

ལས་ཀྱི་འདྲེས་བའི་རྡོ་རྗེ་མཆེད་གྲོགས་དང་བྲལ་ཏེ།།

རྒྱང་རིང་ཕ་མཐའི་ཕ་མཐར་བག་ཡངས་ཀྱིས་ཆས་སོང་།།

དེ་རིང་ལས་ཀྱིས་གྱེས་བ་ལས་བཀོད་ལ་བསྒོམས་ནས།།

མིག་མཐའི་ཟིལ་བ་དེ་ཡི་ཕྲེང་ཐག་དེ་བཅད་བཞག།

སང་ཉིན་དབེན་གནས་འདི་རུ་མཆེད་གྲོགས་ཚོ་ལྷན་དུ།།

ལས་ཀྱིས་འཛོམ་པའི་ལས་སྨོན་རྣམ་དག་ཅིག་བཏབ་ཡོད།།

                                   དྲན་པའི་སྨྲེང་གླུ།

                     ཤེལ་དཀར་པོ།(དཀར་མཛེས)

དུས་ཀྱི་ལས་རླུང་གི་འགྱུར་བག་རྒོད་པོས།།

དབྱར་གྱི་སྤང་ཐང་གི་སེར་ཆེན་མེ་ཏོག།

སྤུར་བའི་མྱ་ངན་གྱིས་འཛིན་མའི་གདོང་ལ།།

མི་འདོད་སྐྱི་གཉེར་གྱི་རི་མོ་བཏབ་བྱུང་།།

དཔལ་ལྡན་དགེ་ལེགས་ཀྱིས་ཉེ་བར་འཁྱུད་ཅིང་།།

ལྷག་བསམ་ཤེལ་དཀར་གྱི་རང་མདངས་དོད་པའི།།

ཡིད་བཞིན་རྒྱལ་པོ་ཡི་སྲིད་གསུམ་ནོར་བུ།།

གཞི་དབྱིངས་ལྷ་ལམ་ལ་ཐིམ་པས་སྨྲེང་བྱུང་།།

བླ་མའི་བླ་མ་ཡི་སེམས་དཔའ་སྒོམ་ནས།།

གདུང་གླུ་ཐན་ཐུན་དེ་ངག་ནས་སྐྱོར་དུས།།

མིག་ཆུའི་ཕྲེང་རྡོག་དེ་ས་ལ་ཟེགས་པས།།

ས་གཞི་ཆེན་པོ་ལ་དགུན་ཁ་ཚེས་བྱུང་།།

མཐོན་མཐིང་ངུར་སྨྲིག་གི་ཞི་དུལ་སྐྱོར་བའི།།

ཁྱེད་སྐུ་པད་མོ་དེ་དུས་ཀྱིས་ཟུམ་ཡང་།།

མཛད་བཟང་ཟླ་མེད་ཀྱི་རྟ་ལྗང་དབང་བོའི།།

གསེར་འོད་གླིང་བདུན་གྱི་མཁའ་རུ་འགྱེད་འདུག།

སྙིང་གི་སྙིམ་པ་ལ་འཁྱིལ་བའི་མཚོ་མོ།།

ལྷོད་ཀྱིས་བརྡོལ་བ་ལས་མཆེད་པའི་དཔལ་གྱི།།

ལྷག་བསམ་ཟླ་གཞོན་གྱི་ཁྲ་ཆུང་དབང་པོས།།

དྲན་པའི་སྨྲེང་གླུ་དེ་ཡང་གཅིག་བསྒུལ་བྱུང་།།

རྒྱང་འབོད་ཀྱི་སྙན་ངག་གློག་འགྱུ་མ།

                   —— གྲོགས་པོHLལ་ཕུལ་བ།

                             ཤེལ་དཀར་པོ།

དུས་ཀྱི་ཆུ་བོ་བས་མཐའི་གྲོང་ལ་བཞུར།།

བརྡ་ཡིག་གཉེར་མས་ཐོད་ལ་རེ་ཁཱ་བྲིས།།

འདས་པའི་རྐང་རྗེས་ལོ་ཟླས་གསུབ་དུས་སུ།།

སེམས་ཀྱི་གྲིབ་མ་དྲན་པའི་ནད་དུ་གྱུར།།

གང་གི་ཞལ་རས་འཛུམ་ཆུང་ཟླ་བ་གོར།།

མཛའ་གཅུགས་རྡོ་རྗེ་གཤིས་ཀྱི་ཕྱི་ཐག་གིས།།

ལང་ཚོའི་པད་མ་རྒྱས་ལ་དྲོད་གཤེར་སྩལ།།

ཁོ་བོ་ངལ་བའི་སེམས་ཀྱི་སྔས་མགོ་ཡིན།།

རྩེད་འཇོ་གར་སྟབས་ཡིད་ཀྱི་དྲོད་ལ་འཁོར།།

སྙིང་གཏམ་ཚིག་དེ་རྣ་བའི་དཔལ་དུ་ཆགས།།

ཞེ་འདང་དཀར་ལ་དཀར་པོའི་གྲོགས་པོ་དེ།།

གྱེབ་ཀུན་བྲལ་བའི་ཡིད་བཞིན་དབང་གི་རྒྱལ།།

ཤེས་བྱའི་ཚལ་ནས་བླངས་བའི་མཉམ་གླུ་དེས།།

གཞན་སེམས་བཀུག་ནས་སྨོན་པའི་མེ་ཏོག་ཐོབ།།

བདེ་དགའ་འགྱེད་པའི་དུས་ཀྱི་མཐའ་མ་ལ།།

ཟླ་བཞིའི་སྐར་ཆས་རང་རང་ལམ་དུ་བཀྲམ།།

ལས་ཀྱི་ལམ་ནས་དྲན་པའི་གདུང་གླུ་ཞིག།།

ཁུ་བྱུག་གདངས་ཀྱིས་ལན་རེར་བཀྲོལ་བས་ནི།།

སེམས་ཀྱི་རླབས་རིས་འཕྱོ་བའི་ཟེགས་མ་ཡང་།།

སྐམ་པོ་རྡོ་བའི་ཚོགས་ཀྱི་མིག་ཆུ་གྱུར།།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *