རོལ་སྐུད་ཀྱི་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 941 བཀླགས་འདུག
རོལ་སྐུད། བོད། རྔ་བ།
གངས་རི་ཐོད་དཀར་གྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་རྗེས་སུ་དྲན་པའི་སྙན་ངག་རིག་བྱེད་མེ་ཏོག་ཚལ་གྱི་གླིང་བུ།
ཡར་བལྟས་མཐོ་ཞིང་བརྗིད་པའི་བྲག་དམར་གྱི་རྩེ་ནས།།
ཉམས་འགྱུར་ཐང་དཀར་རྒོད་པོས་གཤོག་འགྱུར་གར་རྩེན་ན།།
ཆོས་ཀུན་ནམ་མཁའི་མཐའ་རྒྱ་ཅིག་ཆར་དུ་གཅོད་པའི།།
གངས་རི་ཐོད་དཀར་སྦས་པའི་རྣལ་འབྱོར་དེ་དྲན་ནོ།།
ཚུར་བལྟས་རང་སེམས་རྟ་ཕོ་རི་ཤོར་དང་འདྲ་བའི།།
རྣམ་རྟོག་བྱེ་བས་བཅིངས་པའི་ངར་འཛིན་ལ་བལྟས་ན།།
ཅིར་སྣང་ཐམས་ཅད་བདེན་མེད་སྒྱུ་རིས་སུ་མཐོང་བའི།།
ཨ་ཏིའི་དོན་རྟོགས་རིག་པའི་རྒྱལ་པོ་དེ་དྲན་ནོ།།
མར་བལྟས་འཁོར་བའི་འདམ་གྱི་འདུ་འཛི་ལ་དགའ་ཞིང་།།
ཆོས་བརྒྱད་ལས་ཀྱིས་མྱོས་པའི་སེམས་ཅན་ལ་བལྟས་ན།།
སྔ་འགྱུར་བསྟན་པའི་སྙིང་པོ་ལུང་རྟོགས་ཀྱི་ཆོས་ཀུན །
འུབ་ཆུབ་ཡེ་ཤེས་མཐར་རྡོལ་རྣལ་འབྱོར་དེ་དྲན་ནོ།།
ཡུལ་སྣང་སྲིད་པའི་སྒྱུ་མ་ཉིན་མཚན་གྱི་ཆོ་འཕྲུལ།།
སྣང་ཞེན་གཏད་སོ་བྲལ་བའི་ངོ་བོ་ལ་བསྒྱུར་ཚེ།།
གྲོལ་འཁྲུལ་སྤུ་རིས་འབྱེད་པའི་སྤྲོས་མཚན་དེ་དྭངས་པའི།།
གནས་ལུགས་རྒྱལ་ས་ཟིན་པའི་རྣམ་འབྱོར་དེ་དྲན་ནོ།།
ཀུན་མཉམ་ཕྱལ་བ་མཁྱེན་པའི་ཁྱབ་བདལ་གྱི་ཀློང་ནས།།
རྣམ་བདུན་རིན་ཆེན་མཛོད་ཀྱི་ལོངས་སྤྱོད་ཅིག་བསྩལ་ཅིང་།།
དངོས་སྣང་འོད་གསལ་དྭངས་མའི་ངོ་བོ་རུ་བསྟིམས་པའི།།
རྒྱལ་བ་ཀུན་གཟུགས་ཀློང་ཆེན་རབས་འབྱམས་ཁྱེད་དྲན་ནོ།།
རང་རིག་འོད་གསལ་སྟོང་ཆེན་ནམ་མཁའ་ཡི་དཀྱིལ་ན།།
མཁྱེན་བརྩེའི་གཤོག་ཟུང་བརྐྱངས་པའི་བྱ་རྒྱལ་གྱི་རྒོད་པོ།།
ནང་མཉམ་ཡེ་གྲོལ་གཉིས་མེད་ཆོས་དབྱིངས་སུ་བསྐྱོད་པའི།།
ཚོགས་དྲུག་རང་གྲོལ་དྲི་མེད་འོད་ཟེར་དེ་དྲན་ནོ།།
དྲི་མེད་དྭངས་བསིལ་བརྒྱད་ལྡན་རྒྱ་མཚོ་ཡི་སྟེང་ཀར།།
འགྱུ་དྲན་རྟོག་ཚོགས་རླབས་རིས་རང་རིག་ངོར་ཤེས་ཤིང་།།
གང་སྣང་ཆུ་ཟླ་རིག་པའི་འོད་གསལ་ཉིད་སྟོན་པའི།།
དབྱིངས་རིག་ཡེ་ཤེས་མཇལ་བའི་རྣམ་འབྱོར་དེ་དྲན་ནོ།།
ངེས་གསང་རྡོ་རྗེ་སྙིང་པོའི་གྲུབ་མཐའ་ཡི་མཐར་ཐུག །
ཨ་ཏིའི་གནད་རྫོགས་གསང་སྔགས་ཕ་ཆོས་ཀྱི་སྙིང་ནོར།།
རྡོ་རྗེ་ལུ་གུ་རྒྱུད་ཀྱི་རང་ཞལ་དེ་མཇལ་བས།།
ཡབ་རྗེ་མཚུངས་མེད་ཀློང་ཆེན་རབ་འབྱམས་དེ་དྲན་ནོ།།
ཆུ་འཛིན་བ་གམ་འཁྲིགས་པའི་ནམ་མཁའ་ཡི་དཀྱིལ་ན།།
རང་སྣང་ཞི་ཁྲོའི་བཀོད་པ་ལྷུན་གྲུབ་ཏུ་རྫོགས་མཁན།།
འཇིགས་མེད་གཞོན་ནུ་བུམ་སྐུའི་རྒྱལ་ས་རུ་གཤེགས་ཤིང་།།
ཐུགས་ཡིད་གཅིག་ཏུ་འདྲེས་པའི་བྱིན་རླབས་ཤིག་སྩོལ་ཀྱེ།།
སྒོ་གསུམ་ལས་ཉོན་མུན་པའི་ཁ་ཟས་སུ་གྱུར་ཡང་།།
ཡིད་ཤེས་དད་པའི་ངོ་བོ་ཁྱེད་ས་རུ་ཕྱོགས་པས།།
རིང་མིན་སྒྲོན་མ་བཞི་རྫོགས་ཡེ་ཤེས་ཀྱི་ངོ་བོར།།
འཇའ་ལུས་འཕོ་ཆེན་གྲོལ་བའི་བྱིན་རླབས་ཤིག་ཞུའོ།།
ཞེས་སྔ་འགྱུར་ཤིང་རྟ་པ་ཆེན་མོ་རྒྱལ་བ་དྲི་མེད་འོད་ཟེར་དགོངས་པ་ཆོས་དབྱིངས་སུ་གཤེགས་ཏེ་བགྲང་བྱ{ ༦༥༦}ལོན་པའི་ཉིན་བླ་རུང་ཆོས་སྒར་ནས་སོ།།
བསམ་ཚུལ་ཕྲིས།