ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་གསར་པ།《 ལོ་དེ་ལ།》

རྩོམ་ཡིག་འདི་ཐེངས་ 1020 བཀླགས་འདུག

 

གཅིག

ལོ་དེ་ལ། ཁོ་ལོ་བཅུ་དགུར་སོན་ཙམ་ཡིན།

མར་ནང་གྲོང་འདབས་སུ།  དབྱིབས་གྲུ་བཞི་དང་། ཟུར་གསུམ།  ནར་མོ་སོགས་ཀྱི་རིས་སུ་བགོས་ཡོད་པའི་ལོ་ཏོག་གི་ཞིང་ས་དེ་དག་ལྗང་ཏིག་ཏིག་ཏུ་སྣང་། ཞིང་གི་རྣང་མའི་བར་ནས།  ཁོས་ཞ་སྨྱུག་གིས་འགྱིག་སེར་བོའི་ཕྱི་ཐུམ་ཅན་གྱི་ཟིན་བྲིས་འབྲི་དེབ་ཏུ་བུ་མོ་ཞིག་གི་གཟུགས་བརྙན་སྐྱ་རིས་སུ་འགོད་བཞིན་བསྡད། ཁོས་སྨིན་མ་གཞོགས་གཅིག་ཏུ་བསྡུས་ནས་ཧ་ཅང་གཟབ་ནན་གྱིས་རི་མོ་དེ་འབྲི་ཞིང་། དབྱར་ཁའི་ཚ་གདུག་གིས་ཟ་འགྲམ་ནས་རྔུལ་ཆུའི་དོག་པ་རེ་འཛུམ་ཡོང་། ཁོར་རི་མོ་འབྲི་བའི་འཇོན་ནུས་དཔེ་མེད་ཅིག་ལྡན་པས། ཇ་ཡུན་ཙམ་གྱི་རིང་ལ་རི་མོ་ལེགས་འགྲུབ་བྱུང་བ་དང་། རི་མོའི་ནང་གི་གཞོན་ནུ་མ་དེས་བརྩེ་གདུང་ཟབ་མོས་ཁོར་བལྟས་འདུག དེ་ནི་གྲོང་ཚོའི་ནང་གི་བུ་མོ་གསལ་སྒྲོན་རེད། ཡིན་ན་ཡང་། ཁོས་དེ་ལྟར་རི་མོ་བྲི་བཞིན་ལོ་དེ་ལ་མར་ནང་གྲོང་འདབས་ཀྱི་ཞིང་ཁུག་ནས་གྲོང་ཚོའི་ནང་གི་བུ་མོ་གསལ་སྒྲོན་ལ་སྒུག་ཀྱང་།  ཁོ་མོ་དུས་ཆད་བཏབ་པ་བཞིན་བསླེབ་མ་བྱུང་བས།  འབྲི་དེབ་དེ་སྙིང་ཁར་བཞག་ནས་རྒྱ་གར་ཞྭ་མོ་ཚི་དྲེགས་ཀྱིས་ཟིན་ཡོད་པ་དེ་གདོང་ལ་བཀབ་ཅིང་རྩྭ་འཇག་མ་དང་དང་ལྡུམ་བུའི་ཚོགས་རྫོང་མཐུག་པོར་སྐྱེས་པའི་ཁུད་དུ་ཀན་རྐྱལ་དུ་ཉལ་ནས་བསྡད།

ཚང་ཚིང་དུ་སྐྱེས་པའི་སྐྱེས་དངོས་དེ་དག་གི་གསེང་ནས་སྔོ་དྲི་འགོག་མེད་དུ་འཐིབས་ཡོང་སྟེ་ཁོའི་སྣོམ་བྱེད་ཀྱི་བུ་གུར་འཚང་ཡོང་བ་དང་། མཚམས་ཤིག་ལ་མེ་ཏོག་གི་རྩི་བཅུད་གཞིབས་པར་བྲེལ་བའི་གསེར་སྦྲང་ཞིག་གིས་སིར་སྒྲ་སྒྲོག་བཞིན་ཐད་འཕུར་གནམ་གྲུ་ཞིག་དང་མཚུངས་བར་ཁོའི་གཡས་གཡོན་གང་རུང་ནས་ཕར་འཕུར་ཚུར་འཕུར་བྱེད། ཕྱི་གསལ་ནང་གསལ་གྱི་གཤོག་ཟུང་ཕན་ཚུན་གཙུབ་ཅིང་བརྡབས་པའི་སྒྲ་དེ་ཡིས་ཁོར་གཉིད་ཀྱི་སྣང་བ་ལྡབ་ལྡིབ་ཅིག་འགོག་མེད་དུ་བཀུག་ཡོང་ལ། དེ་ནི་སེམས་ཟེར་བའི་འདུ་ཤེས་ཀྱི་ས་ཆེན་དུ་གཏི་མུག་ཟེར་བའི་ས་སྲོད་ཀྱི་གྲིབ་སོས་རིམ་གྱིས་བསྒྲིབས་ཡོང་བ་དང་མཚུངས། ཡིན་ན་ཡང་། སྲིན་འབུ་ཞིག་རྐང་ལག་ཀྲབ་ཀྲབ་ངང་ཁོའི་དཔུང་བའི་ཤ་རྗེན་དུ་འགོས་ཡོང་ནས་གཉིད་ལ་བར་ཆད་བཏང་། དེར་མ་ཟད། སྐེད་པའི་འོག་ཏུ་ཡང་སེམས་ཅན་གང་ཞིག་བྲེལ་འཚུབ་ཀྱིས་ཀྲིག་ཀྲིག་འགུལ་པ་དང་།  ཁོའི་ཤ་ཁྲག་གདོས་བཅས་ཀྱི་གཟུགས་ཕུང་གཏོས་ཆེ་བ་དེས་རྩྭ་གསེང་གི་འཇིག་རྟེན་དེའི་སེམས་ཅན་དག་གི་རྒྱུན་ལྡན་གྱི་འཚོ་བར་དཀྲོགས་དཀྲུགས་ཆེན་པོ་ཞིག་བཏང་ཡོད་པ་ངེས་གཏན་རེད། ཟ་ཟིའི་ངང་དེ་ལྟར་མར་ནང་གྲོང་ཚོའི་ཞིང་ཁུག་དེ་ནས་གཏི་མུག་གཉིད་ཀྱི་དབང་དུ་འགྲོ་བའི་ལོ་དེ་ལ། ཁོས་ཡོ་གཟུར་མེད་པར་རང་གི་དཔུང་བའི་ཤ་རྗེན་དུ་རྐང་ལག་ཀྲབ་ཀྲབ་ཀྱིས་འགོས་ཡོང་བའི་སྲིན་འབུ་མ་རུང་བ་དེ་ཐལ་ལྕག་གཅིག་གིས་རང་སོར་དུ་གཅིར་ནས་བསད་ཅིང་། ཉམས་ཆུང་གི་ཚེ་སྲོག་དེ་དེ་ལྟར་ལྔ་ལམ་དུ་བཏང་བར་འགྱོད་བཤགས་ཀྱི་སེམས་ཅི་ཡང་སྐྱེས་རྒྱུ་མ་བྱུང་། དེ་ལས་ལྡོག་སྟེ་རྩྭ་གསེང་དུ་འཐིབས་ཡོང་བའི་ཚ་སྨིག་གིས་ཁོ་ཀློང་ཀློང་བོར་བཏང་བ་དང་། ལོ་དེ་ལ་ཁོ་དེ་ལྟར་རྩྭ་གསེང་དུ་ཀན་རྐྱལ་དུ་ཉལ་ནས་གྲོང་ཚོའི་ནང་གི་བུ་མོ་གསལ་སྒྲོན་གྲོ་ཞིང་གྲུ་བཞི་མ་དེ་ལ་ཡུར་མ་ཡུར་དུ་ཡོང་བར་སྒུག

སྔོན་ཏག་ཏག་ལ། ཁོས་རྒྱ་གར་ཞྭ་མོ་དེ་མགོ་ལ་གཟུར་གྱོན་གྱིས་མར་ནང་གྲོང་ཚོའི་འདབས་ཀྱི་ཚེར་ཕུང་ཁུག་བརྒྱུད་ནས་མར་ཡོང་སྐབས།  ཨ་མ་རི་མོར་འཕྲད་བྱུང་།  རྒན་མོ་དེས་ཡུར་རྩྭ་སླེ་བོ་གང་རྒྱབ་ཏུ་འཁུར་ནས་རྔུལ་ནག་ཁྲོམ་ཁྲོམ་གྱིས་ཚེར་ཕུང་ཁུག་གི་ལམ་ཕྲན་ལུག་གི་རྒྱུ་མ་ལྟ་བུ་དེ་དེད་ནས་དབུགས་ཧལ་ཧལ་གྱིས་ཡར་ཡོང་བ་དང་། ཁོ་གཉིས་དེ་ལྟར་ལམ་འཕྲད་བྱུང་རྗེས་ཁོར་ལམ་གཟུར་བའི་ཟོལ་གྱིས་འགྲམ་ལོགས་ཀྱི་གད་ཁ་ཅུང་མཐོ་ས་ཞིག་སྟེགས་སུ་བྱས་ཏེ་སླེ་བོའི་ཞབས་དེར་བཞག་པ་དང་། གདོང་གི་གཉེར་མའི་གསེབ་ཀྱི་རྔུལ་ནག་རས་ལྭའི་ཕུ་ཐུང་གིས་ཕར་འབྱིད་བཞིན་ཁོ་ལ་འཛུམ་འཚེར་འཚེར་གྱིས་“ཨ་ཞི་ལི།  ཁྱོད་ཉིན་གུང་ཙད་པའི་ནང་དུ་གང་ཞིག་ལ་འགྲོ་བཞིན་ཡོད་དམ”ཞེས་སྐད་ཆ་དབྱངས་ལ་འགུག་པ་ལྟ་བུ་ཞིག་གིས་དྲིས་བྱུང་།

“ང་རྟ་རྒན་གྱི་རྟོད་ཁ་གསོར་དུ་འགྲོ་བཞིན་ཡོད”ཁོས་དེ་ལྟར་བཤད་ནས་རྒན་མོ་དེ་དང་ཅུང་རིང་དུ་བཀྱེད་དེ་བསྐྱོད་པ་དང་། དེ་མ་ཐག་རྡོག་འོག་ནས་མཆོངས་རྩལ་ཅན་གྱི་སྲིན་འབུ་མང་པོ་ཞིག་འདྲོགས་ནས་ཐོལ་གྱིས་མཆོངས་ལྡིང་དང་བཅས་ཕྱོགས་ཕྱོགས་སུ་འཐོར་སོང་།

“ཨ་ཞི་ལི།  ཁྱོད་ནམ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་བཅའ་རུ་འགྲོ་རྒྱུ་ཡིན་ནམ”ཨ་མ་རི་མོའི་གདོང་གི་འཛུམ་གཉེར་མ་ཡལ་བར་ཁོ་ལ་དེ་ལྟར་ཡང་བསྐྱར་དབྱངས་ལ་འགུག་པ་ལྟ་བུའི་ངག་གིས་བཤད་བྱུང་།

ཁོ་གད་པ་ཆུང་ཆུང་དེ་ནས་མར་ལྟིག་སྒྲ་དང་བཅས་ཏེ་ལྡིང་བ་དང་། དེ་ནས་རྩྭ་གསེང་ལ་དམིགས་ས་ཅི་ཡང་མེད་པར་རྡོག་ཐོ་ཞིག་གཡུགས་པ་ན། དེ་གར་དེ་བས་ཀྱང་མང་བའི་མཆོངས་རྩལ་ཅན་གྱི་སྲིན་འབུ་མང་པོ་ཞིག་འདྲོགས་ནས་ཕྱོགས་ཕྱོགས་སུ་འཐོར་སོང་། ཁོས་རྒན་མོ་དེར་མུ་མཐུད་དུ་ཁ་ཡ་མ་བྱས། སྐད་ཆ་དེ་རིགས་ཐོས་དུས་ཁོའི་སེམས་ནང་དུ་མིང་མེད་པའི་ཁོང་ཁྲོ་ཞིག་ལངས་སྲིད། ལོ་དེ་ལ་གྲོང་ཚོའི་ནང་གི་མི་སུར་འཕྲད་ན་ཡང་ཁོ་ལ་དེ་ལྟར་འདྲི། མ་གཞིར་ཁོ་ཚོའི་སེམས་སུ་ཁོ་དེ་ལྟར་མར་ནང་གྲོང་ཚོར་སྡོད་པ་ནི་གནས་སྐབས་ཙམ་གྱི་ཡུན་ཏེ། ཡུན་རིང་མི་འགོར་བར་ཁོ་ལུང་བ་འདིའི་ཕྱི་རོལ་ཏུ་བསྐྱོད་ནས་སྲིད་གཞུང་གི་ལས་བྱེད་པ་ཞིག་ཏུ་འགྱུར་ངེས་རེད་བསམས་ཡོད་པ་འདྲ།  ཡིན་ན་ཡང་ཁོ་ཟི་ལིང་གི་འབྲིང་རིམ་སློབ་གྲྭ་དེའི་མཛེས་རྩལ་ཆེད་ལས་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཟླ་ཕོགས་ལེན་ཐུབ་པའི་ལས་ཀ་ཅི་ཡང་རེག་མ་བྱུང་ལ། ལོ་དེ་ལ་ན་སོའི་ལྗོན་རྐང་ཡང་དེ་ལྟར་ཕྲ་བས་ཁོ་རང་ཉིད་སྐྱེས་ས་སྐྱེས་ཡུལ་དེ་ནས་དེ་ལྟར་ལས་མེད་སོས་དལ་གྱིས་སྡོད་པ་ལས་ས་ཆ་གཞན་གང་ཞིག་ལ་འགྲོ་དགོས་པ་གཏན་ནས་མི་ཤེས། ལོ་དེའི་ཁོ་ནི་སྨིག་ལོང་ནང་གི་ཕྲུ་གུ་མགོ་འཁོར་ཞིག་དང་འདྲ། དེར་མ་ཟད་སེམས་ཀྱི་རྫ་མགོར་སངས་མཐའ་མེད་པའི་ཅི་ཞིག་འཐིབས་ནས་རང་གི་མདུན་ལམ་ཡང་གསལ་བོར་མི་མཐོང་། ཡིན་ན་ཡང་། མར་ནང་གྲོང་ཚོའི་མི་རྣམས་ཀྱིས་ལོ་དེར་ཁོ་ལ་ “ཁྱོད་ནམ་ཞིག་ལ་འགྲོ་རྒྱུ་ཡིན་ནམ” ཞེས་ཡང་ཡང་འདྲི།

ཁོས་འཛུམ་འཚེར་འཚེར་བྱེད་པའི་རྒན་མོ་དེར་ལན་ཅི་ཡང་མ་བཏབ་པར་ལྗང་མདོག་གི་རླབས་རིས་འཕྱུར་བའི་ཞིང་ཁུག་ཏུ་བསྐྱོད།

“ཨ་ཞི་ལི།  རྐང་འོག་ལ་གཟབ་གཟབ་བྱོས་ཨང་།  སྦྲུལ་གྱི་སྟེང་སྤོ་ཡོང་།” ཨ་མ་རི་མོས་དེ་ལྟར་ཁོའི་རྒྱབ་གཟུགས་ལ་ཕྱོགས་ནས་སྐད་ཆ་དབྱངས་སུ་བཀུག་སྟེ་བཤད་བྱུང་།

ལོ་དེ་ལ། ཁོ་དང་གསལ་སྒྲོན་གྲོ་ཞིང་གི་རྣང་མའི་བར་ནས་ཐང་ཉལ1བྱས་པའི་དོན་དེ་ཉིན་ཁ་ཤས་ཀྱི་རྗེས་ནས་གྲོང་ཚོའི་ནང་རླུང་ལྟར་ཁྱབ་སོང་། ཡིན་ན་ཡང་དབྱར་ཀའི་ཉིན་གུང་དེར་མར་ནང་ཞིང་ཁུག་ཏུ་མི་གཅིག་ཀྱང་མཐོང་རྒྱུ་མེད་པས། དེ་ཕྱི་ལ་བསྒྲགས་མཁན་སུ་ཡིན་ནམ།  གྲོང་ཚོའི་མདུན་རི་གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་ནི་ནག་ཡོར་སེར་ཚུར་བལྟས་ཡོད་པའི་ཟོལ་གྱིས་གནས་ན་ཡང་། དེས་ནི་གྲོང་མི་ག་གེ་མོ་ཞིག་གི་རྣ་རྩར་ལོ་དེའི་མར་ནང་ཞིང་ཁུག་ཏུ་བྱུང་བའི་གསང་བ་དེ་ཤུབ་བུར་བརྗོད་མེད་པ་ཏན་ཏན་ཡིན།  དེ་བས། ཁོས་ཁོ་དང་གསལ་སྒྲོན་ཐང་ཉལ་བྱས་པའི་དོན་དེ་ཕྱི་ལ་སྒྲོག་མཁན་ནི་ཚེར་ཕུང་ཁུག་ནས་ལམ་འཕྲད་བྱུང་བའི་ཨ་མ་རི་མོ་ཡིན་པ་རིགས་འདེད་བྱས།

“ཨ་མ་རི་མོས་དངོས་སུ་མཐོང་མེད་ཀྱང་། ངེད་གཉིས་སྔ་ཕྱིར་ཞིང་ཁུག་ཏུ་བསྐྱོད་པ་དང་འཕྲད་ཡོད་པས།  རིགས་འདེད་བྱས་ནས་སྒྲོག་པ་ཡིན་སྲིད” ཉིན་ཁ་ཤས་ཀྱི་རྗེས་ནས་གསལ་སྒྲོན་དང་ཁོ་གཉིས་ཡང་བསྐྱར་ཐང་ཉལ་བྱེད་དུས་ཁོས་དེ་ལྟར་གསལ་སྒྲོན་ལ་རང་གི་དྲན་ཕྱོགས་བཤད།

ཡིན་ན་ཡང་། གསལ་སྒྲོན་གྱིས་ཨ་མ་རི་མོ་ཡིན་མི་སྲིད་ཟེར།  ཁོ་མོ་ཡུར་མ་ཡུར་དུ་ཡོང་བའི་ལམ་དུ་ཁོ་ནང་བཞིན་ཨ་མ་རི་མོར་འཕྲད་མ་བྱུང་ཟེར།  དེ་ལས་ལྡོག་སྟེ་གསལ་སྒྲོན་གྱིས་གཅིག་བྱས་ན་དོན་དེ་ཕྱི་རུ་བསྒྲགས་མཁན་ནི་མདུན་རི་གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་ཡིན་ཀྱང་སྲིད་ཟེར། ལབ་ཙེ་དེ་ནི་མར་ནང་གྲོང་ཚོའི་གཞི་བདག་གངས་དཀར་གཡུ་སྒྲོན་མའི་བཞུགས་མཁར་ཡིན་ཞིང་། ཡུལ་མི་རྣམས་ཀྱིས་དུས་ཆེན་དང་ཉི་བཟང་སྐར་བཟང་དག་ཏུ་ཤིང་གིས་བཟོས་པའི་མདའ་མདུང་གྲི་གསུམ་སོགས་མཚོན་ཆའི་རིགས་དང་། ལྗོན་ཤིང་གི་ཡལ་ཀ  དེ་མིན་མཆོད་རྫས་སྣ་ཚོགས་འཁུར་ནས་ལབ་ཙེ་དེ་བསྟོད་པར་འགྲོ་ཞིང་།  རྒྱང་ནས་བལྟས་ཚེ་ལབ་ཙེ་དེ་ནི་བོད་ཆས་སྤྲས་པའི་བུད་མེད་ཅིག་དང་མཚུངས་པར་རི་བོའི་མཐོ་ས་ནས་ནག་ཡོར་སེ་འགྲེངས་ཏེ་དུས་དང་རྣམ་པ་ཀུན་ཏུ་མར་ནང་ལུང་ཁོག་གི་བདེ་སྡུག་ཡོད་ཚད་སྤྱན་འོག་ཏུ་བསྡུས་ནས་སྲུང་ཡོད།  གང་ལྟར་ཀྱང་།  ཁོས་གསལ་སྒྲོན་ལ་“གངས་དཀར་གཡུ་སྒྲོན་མས་དོན་དེ་ལྟ་བུ་ཞིག་ལ་ཐེ་གཏོགས་བྱེད་པ་ནི་མི་འོས་” ཞེས་ཀུ་རེ་དང་སྦྲགས་ནས་བཤད།

“ཡུལ་ལྷ་གཞི་བདག་ལ་ཕོག་ཐུག་གཏོང་བའི་སྐད་ཆ་དེ་འདྲ་ལབ་མི་རུང་ཨང”གསལ་སྒྲོན་གྱིས་དེ་མ་ཐག་ཁོའི་ཁ་ཐལ་མོས་བཀག་བྱུང་།

ཁོས་རྒྱ་གར་ཞྭ་མོ་ཚི་དྲེགས་ཀྱིས་ཟིན་པ་དེ་གདོང་ལ་བཀབ་ནས་ཉལ་ཏེ་ཁོ་མོར་བསྒུགས་པའི་ཉིན་དེར་ཡང་གསལ་སྒྲོན་གྱིས་སྐད་ཆ་དེ་འདྲ་ཞིག་ལབ་མྱོང་།  དེར་བརྟེན་ཁོ་མོས་ཁོ་གཉིས་ཞིང་རྣང་མའི་བར་ནས་ཐང་ཉལ་བྱས་པའི་དོན་དེ་ཕྱི་ལ་བསྒྲགས་མཁན་གངས་དཀར་གཡུ་སྒྲོན་མའི་སྤྲུལ་གཟུགས་འཛིན་པའི་ལབ་ཙེ་དེ་ཡིན་ཟེར་པར་ཡང་རིགས་འདེད་བྱེད་རྒྱུ་ཡོད།

ལོ་དེ་ལ། མར་ནང་གྲོང་ཚོའི་མི་རྣམས་ཕལ་ཆེར་རིགས་འདེད་བྱེད་པར་གོམས་ཡོད་པ་འདྲ། ཁོ་ཚོས་ཁོ་སློབ་གྲྭ་ནས་མཐར་ཕྱིན་པ་ན། རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་སྲིད་པ་རིགས་འདེད་བྱེད་ཅིང་། གསལ་སྒྲོན་དང་ཁོ་གཉིས་སྔ་ཕྱིར་ཞིང་ཁུག་ཏུ་བསྐྱོད་པ་མཐོང་ཚེ། རིགས་འདེད་ཀྱིས་དེ་གཉིས་ཞིང་རྣང་མའི་བར་ནས་ཐང་ཉལ་བྱས་སོང་ཞེས་བསྒྲགས། མ་གཞིར་དངོས་གནས་དེ་འདྲ་ཞིག་ཡིན་ནམ།

ཉིན་དེར། ཁོས་རི་མོ་དེ་བྲིས་རྗེས་རྩྭ་གསེང་ནས་དེ་ལྟར་ཉལ་ཏེ་དུས་ཚོད་རིང་ཙམ་ཕྱིན་ཡོད་ལས་ཆེ། མཚམས་ཤིག་ལ་གཉིད་ཟ་ཟི་ཞིག་ཁུག་པ་དང་། དེའི་རིང་ལ་རྨི་ལམ་ཡང་རབ་རིབ་ཅིག་བཏང་ཡོད་ཚོད་ཡིན་མོད་ད་ལྟ་ཅི་ཡིན་འདི་ཡིན་ལ་གསལ་ཁ་མེད། དེ་ནས་གསལ་སྒྲོན་གྱིས་ཁོ་གཉིད་ལས་དཀྲོགས།  ཁོས་མིག་ལ་སྲུབས་ཀ་ཞིག་འབྱེད་དུས་གསལ་སྒྲོན་གྱིས་ཁོའི་གདོང་དུ་བཀབ་པའི་རྒྱ་གར་ཞྭ་མོ་དེ་ཡར་བཀྱགས་ཤིང་ཁོའི་འགྲམ་དུ་པུས་བཙུགས་སུ་མར་སྒུར་ཏེ་མིག་རིག་རིག་གིས་ཁོའི་གདོང་ལ་ཞིབ་ལྟ་བྱེད་བཞིན་འདུག

ཁོས་མིག་འབྱེད་མ་ཟུམ་གྱིས་ཡར་བལྟས་ནས་བསྡད། གསལ་སྒྲོན་གྱིས་དཀར་ནག་གི་མིག་ཟུང་དྭངས་མོ་དེ་ལྷེམ་ཙམ་ལྷེམ་ཙམ་བྱེད་བཞིན་ཁོ་ལ་བལྟས་ནས་བསྡད། དེ་ལྟར་རེ་ཞིག་འགོར་རྗེས་ཁོས་ཁོ་མོ་ཤུགས་ཀྱིས་མར་འཐེན།

“འདི་ནས་གངས་དཀར་གཡུ་སྒྲོན་མའི་ལབ་ཙེ་ཡང་མཐོང་ཡོང་བས། ཡུལ་ལྷ་གཞི་བདག་ལ་ཕོག་ཐུག་གཏོང་བའི་ལས་འདི་འདྲ་བྱ་མི་རུང་ཨང་།”གསལ་སྒྲོན་གྱིས་དེ་ལྟར་ཁོའི་ལག་པ་ཕར་འབུད་བཞིན་བཤད་པ་དང་། དེ་ནས་“ཁྱོད་འདི་ལྟར་རྩྭ་གསེང་དུ་གཉིད་ན་སྦྲུལ་ཁ་ནང་དུ་འཛུལ་བར་མི་ཞེད་དམ”ཟེར།

“ཧི་ཧི། ང་སྦྲུལ་བཞིན་ཁྱོད་ཀྱི་ཚང་ནང་དུ་འཛུལ་བར་མི་ཞེད་དམ”ཁོས་དེ་ལྟར་གསལ་སྒྲོན་ཡང་བསྐྱར་མར་འཐེན་བཞིན་བཤད།

ལོ་དེ་ལ། ཁོ་དང་གསལ་སྒྲོན་གཉིས་ཞིང་རྣང་མའི་བར་ནས་ཐོག་དང་པོར་ཐང་ཉལ་བྱེད་དུས། ཁོ་མོས་ལབ་པ་ནང་བཞིན་སྦྲུལ་ཁོའི་ཁ་ནང་དུ་འཛུལ་རྒྱུ་མ་བྱུང་ཡང་ཁོ་སྦྲུལ་བཞིན་ཁོ་མོའི་ཚང་ནང་དུ་འཛུལ། རྩྭ་གསེང་གི་སེམས་ཅན་ཕྲ་མོ་དེ་དག་གི་འཇིག་རྟེན་ལ་དཀྲོགས་དཀྲུགས་དེ་བས་ཀྱང་ཆེན་པོ་ཞིག་ཐེབས་ཡོད་ཚོད་རེད་ཨང་། གསལ་སྒྲོན་གྱིས་ཁོའི་ཤ་གནད་འབུར་དུ་ཐོན་པའི་དཔུང་བའི་ཐོག་ཏུ་སེན་རྗེས་མངོན་པར་གསལ་བ་མང་པོ་ཞིག་ཕབ་སོང་བ་དང་།  ཁོ་གཉིས་ཅི་ཞིག་གི་རྩེ་མོ་ནས་མར་ལྷུང་རྗེས་ཁོ་མོས་ཁོའི་དཔུང་བའི་སེན་རྗེས་དེ་དག་ལ་བྱིལ་བྱིལ་བྱེད་བཞིན“གྲོག་མ་འདི་ངས་གཅིར་བ་ཡིན་ནམ”ཟེར། ཁོས་སྣང་མེད་ངང་རང་གི་དཔུང་བར་འབྱར་ཡོད་པའི་གྲོག་མ་དེའི་ཕུང་བོར་ཕུ་བཏབ་ནས་སར་གཡུགས་པ་དང་“དེ་ངས་གཅིར་བ་ཡིན”ཞེས་བཤད།

“སྲོག་ཆགས་གྲོག་མ་ཡིན་ཡང་རྣམ་ཤེས་ཡོད་པས།  ཁྱོད་ཀྱིས་དེ་ལྟར་སྲོག་གཅོད་པའི་སྡིག་ལས་བྱེད་མི་རུང་།” གསལ་སྒྲོན་གྱིས་ཁོར་དེ་ལྟར་སློབ་གསོ་རྒྱག་ཅིང་། དེ་ནས་ལོགས་སུ་གཡུགས་ཡོད་པའི་ཁོའི་འབྲི་དེབ་ཏུ་བྲིས་ཡོད་པའི་རང་གི་གཟུགས་རིས་དེར་ལྟ་བཞིན “འདི་སུ་ཡིན་ནམ” ཞེས་དྲིས་བྱུང་།

“དེ་ཁྱོད་ཡིན” ཁོས་སྟོད་གོས་གྱོན་བཞིན་དེ་ལྟར་བཤད།

“ང་འདི་འདྲའི་མཛེས་མ་ཞིག་ཡིན་ནམ”གསལ་སྒྲོན་གྱིས་རས་ལྭ་སྲབ་མོ་ལུས་ཐོག་ཏུ་བཀབ་ཅིང་ཀན་རྐྱལ་དུ་ཉལ་ནས་དེ་ལྟར་རི་མོར་ལྟ་ཞིང་རང་གི་གདོང་ལ་ལག་པས་རེག་རེག་བྱེད།

“ང་ལ་ཁྱོད་ཀྱི་སྨིན་མ་འདི་དེ་བཞིན་དུ་འབྲི་བའི་ལག་རྩལ་མི་འདུག” ཁོ་མར་སྒུར་ནས་གསལ་སྒྲོན་གྱི་སྨིན་མའི་རྩེ་མོར་ལག་པས་སེམས་ཆུང་གིས་རེག་ཙམ་བྱས། གསལ་སྒྲོན་གྱི་སྨིན་མ་ནི་མིག་ཟུང་དྭངས་མོ་དེའི་སྟེང་ཕྱོགས་སུ་བྱ་ཡིས་གཤོག་ཟུང་བརྐྱངས་བ་བཞིན་ཕྲ་ཞིང་དཀྱུས་རིང་བར་ལྡེམ་མེར་གཡོ། ཁོས་རང་ལ་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལྟ་བུའི་ལག་རྩལ་མེད་པས། ཁོ་མོའི་སྨིན་མ་དེའི་མཛེས་ཉམས་ཇི་བཞིན་དུ་མ་འཁྱོངས་བར་ཞེ་ཕངས་བྱུང་།

“ཁྱོད་ཅི་འདྲའི་ལག་བདེ་ཞིག་རེད་ཨང།” ཡིན་ན་ཡང་གསལ་སྒྲོན་གྱིས་དེ་ལྟར་ཟེར།

ཉིན་ཁ་ཤས་ཀྱི་རྗེས་ནས། གསལ་སྒྲོན་དང་ཁོ་གཉིས་ཐང་ཉལ་བྱས་པའི་དོན་དེ་མར་ནང་གྲོང་ཚོའི་སྐྱེས་ཕོ་མོ་ཀུན་གྱིས་ཕན་ཚུན་ལ་ཤུབ་བུར་བརྗོད་ནས་ཀུན་གྱིས་གོ་འདུག  ཁོས་གསལ་སྒྲོན་ལ་དོན་དེ་ཕྱི་རུ་བསྒྲགས་མཁན་ནི་ཨ་མ་རི་མོ་ཡིན་ཞེས་རིགས་འདེད་བྱས་ན་ཡང་། ཁོ་མོས་མོས་མཐུན་མི་བྱེད།  སྐད་ཆ་དེ་དག་བཤད་དུས་ནི་ཉིན་ཁ་ཤས་ཀྱི་རྗེས་ཡིན་ཏེ་ཁོ་དང་གསལ་སྒྲོན་ཡང་བསྐྱར་ཐང་ཉལ་བྱེད་དུས་ཡིན། ཐེངས་དེར་གསལ་སྒྲོན་གྱིས་རས་ལྭའི་སྐ་རགས་ཀྱི་མདུད་པ་དམ་དུ་བསྡམས་ནས་ཞིང་གི་རྣང་མར་རྒྱབ་བསྙེས་ཀྱིས་འདུག་ཅིང་། ད་ནི་ཁྱོད་དང་ཐང་ཉལ་མི་བྱེད་ཁོ་ཐག་ཡིན། མི་ཁའི་དུག་གི་མཚོན་ཆ་དེ་བཟོད་ཐུབ་མི་འདུག་ཟེར། དེ་ལྟར་བཤད་རྗེས་གསལ་སྒྲོན་གྱིས་ཁོ་ལ་ཡང་བསྐྱར་སྦྲུལ་གླེང་བྱུང་། ཁོ་མོས་ཐེངས་དེར་སྦྲུལ་ཁོའི་ཁ་ནང་དུ་འཛུལ་འགྲོ་ཞེས་མི་བཤད་པར་དེ་ལས་ལྡོག་སྟེ་ཁོ་མོས་རྨི་ལམ་དུ་སྦྲུལ་ཆེན་པོ་ཞིག་རྨིས་ཤིང་། སྦྲུལ་དེ་རང་གི་གཟུགས་པོའི་ནང་དུ་འཛུལ་བ་རྨིས་བྱུང་ཟེར།

“གཟུགས་པོའི་སྟོད་ནས་འཛུལ་སོང་ངམ་སྨད་ནས་འཛུལ་སོང་།”ཁོས་དེ་ལྟར་ཀུ་རེ་རྩེད་མཚར་བཤད།

གསལ་སྒྲོན་ནི་མར་ནང་གྲོང་ཚོའི་མཛེས་མ་རྩེ་གྲ་དེ་ཡིན། ཡིན་ན་ཡང་ཁོ་ནི་མར་ནང་གྲོང་ཚོའི་ཕོ་གསར་རྫིག་ཤོས་དེ་མིན། ལོ་དེ་ལ་གསལ་སྒྲོན་ཁོ་དང་ཐང་ཉལ་བྱེད་དོན་ནི་ཁོས་ཁོ་མོར་“ང་མི་འགྱངས་བར་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་སྲིད་པས།  ཁྱོད་ཟླ་ཕོགས་ལེན་མཁན་གྱི་ཆུང་མ་བྱེད་མི་འདོད་དམ”ཞེས་མགོ་སྐོར་གྱི་སྐད་ཆ་སླུ་བྲིད་ཅན་དེ་བཤད་པས་ཡིན།

དེ་ལ་གསལ་སྒྲོན་གྱིས“ང་ལ་བསོད་ནམས་དེ་འདྲ་ཞིག་ཨེ་ཡོད་དམ”ཟེར།

ཁོས་“ཡོད”ཅེས་བཤད།

དེ་ནས་གསལ་སྒྲོན་ཁུ་སིམ་མེར་གྱུར་བ་དང་། རས་ལྭ་སྲབ་མོའི་སྐ་རགས་ཀྱི་མདུད་ཁུག་ལ་འཆང་བའི་ལག་པ་དབང་མེད་དུ་ལྷོད་ཙམ་བྱས་ཤིང་། སླར་ཡང་དམ་དུ་བསྡམས་ཙམ་བྱས་ནས་“ཁྱོད་ཀྱིས་ཁྲེལ་མེད་བྱས་ན་གངས་དཀར་གཡུ་སྒྲོན་མས་བལྟས་ཡོད་པ་འདི་རེད་ཨང”ཟེར།

ཁོས་ཁོ་མོའི་སྐ་རགས་བཤིགས་བཞིན་“བལྟས་ཡོད་ན་ཅི་རེད”ཅེས་དྲིས།

“ཁྱོད་ཀྱིས་ང་ལ་རྗེས་མ་ཁྲེལ་མེད་བྱས་ན། གཞི་བདག་གིས་རང་དགར་བསྐྱུར་མི་སྲིད”གསལ་སྒྲོན་གྱིས་ལོ་དེར་ཁོ་ལ་ཚིག་ཐག་ཆོད་པོས་དེ་ལྟར་ཐ་ཚིག་བསྒྲགས།

 

གཉིས།

ཁོས་ལོ་དེར་གསལ་སྒྲོན་ལ་ཁྲེལ་མེད་བྱས།

སྟོན་ལོ་སེར་བོ་རླུང་གིས་ཤོག་སྒྲ་དང་བཅས་སྤུར་ཏེ་ས་རུ་ཟགས་པའི་དུས་ཚིགས་དེར། མེ་ཏོག་གི་ནམ་ཟླའི་རྐང་རྗེས་སྔ་མོ་ནས་ཡལ་ཅིང་།  རྒྱང་རིང་གི་རི་སུལ་གྱི་རྩྭ་མགོ་སེར་བོར་གྱུར་ནས་སེར་ལམ་ལམ་བྱེད། གྲོང་ཚོའི་ཁོ་ར་ཁོར་ཡུག་ཀུན་ནས་གཡོགས་ཡོད་པའི་ཡུལ་སྡོང་གི་ཡལ་ཀ་དག་ལས་ལོ་མ་ལེབ་མོ་དེ་ཚོ་མཚམས་ཚིགས་མེད་པར་རེ་རེ་བཞིན་ག་ལེར་ས་རུ་འཐོར་ཡོང་བཞིན་འདུག་ལ།  དེ་ནི་ཆོས་ཐམས་ཅད་མི་རྟག་པའོ་ཟེར་བའི་འཛིན་མེད་གཟུགས་མེད་ཀྱི་གནས་ལུགས་དེ་གཟུགས་ཅན་དུ་སྤྲུལ་བའི་སྣང་བརྙན་དང་མཚུངས། ལོ་མ་སེར་པོ་དེ་དག་ས་རུ་ཟགས་རྗེས།  སླར་ཡང་རླུང་གིས་སྒུལ་ཏེ་ས་ཐོག་ནས་འཕྱོ་ཙམ་འཕྱོ་ཙམ་བྱེད། དེ་ནི་བྱ་གཤོག་ཐོགས་ཤིག་བར་སྣང་ནས་ས་ལ་ལྷུང་རྗེས་ཡང་བསྐྱར་མཐོ་རུ་འཕུར་འདོད་པའི་བཟོ་ལྟ་ཡིན་ངེས་ཤིང་།   ངང་ཚུལ་དེ་ནི་ཁོས་རང་གི་ལས་དབང་དང་ཤིན་ཏུ་འདྲ་པོ་ཡོད་པར་བསམས། ཁོས་སེར་བོར་གྱུར་བའི་སྟོན་ལོ་དེ་དག་ས་རུ་ཟགས་ཀྱང་ད་དུང་སྙིང་སྟོབས་ལ་ཉམས་པ་མེད་པར་མཐོ་སར་འཕུར་འདོད་བྱེད་པའི་ཧུར་བརྩོན་དེ་ལ་སེམས་ཀྱིས་བལྟས་ནས་ཡུན་རིང་སོང་རྗེས། རང་ཉིད་ཅིས་ཀྱང་མར་ནང་གྲོང་ཚོ་ནས་རྒྱང་དུ་གྱེས་དགོས་བའི་ཆོད་སེམས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་།

ཁོ་གྱེས་པའི་ཉིན་དེའི་ཞོགས་པར། མར་ནང་གྲོང་ཚོའི་མདུན་རི་གངས་དཀར་གཡུ་སྒྲོན་སྒང་གི་རྩེ་མོར་བ་མོ་ལྷུང་ནས་སྐྱ་སང་སང་ཏུ་སྣང་། ཁོས་རྡོག་ཁྲེས་སྟབས་བདེ་ཞིག་རྒྱབ་ཏུ་འཁུར་ནས་གྲོང་འདབས་ཀྱི་ཚེར་ཕུང་ཁུག་བརྒྱུད་ཅིང་དེ་ནས་ལུང་མདོའི་ཕྱོགས་སུ་འཐེན་ཡོད་པའི་ས་ལམ་སྐྱ་བོ་དེར་ཞུགས་ཏེ་ནུབ་ཕྱོགས་སུ་བསྐྱོད།

དེ་ལྟར་གྱེས་དུས། ཁོའི་དྲིན་ཆེན་ཕ་མ་རྣམ་གཉིས་དང་སྲིང་མོ་དག་གིས་ཁོ་ལ་གར་འགྲོ་གར་འདུག་གི་སྐད་ཆ་གསལ་བོ་ཞིག་དྲིས་མ་བྱུང་། ཕལ་ཆེར་ཁོ་ཚོ་ཁོ་འདི་ལྟར་གྱེས་འགྲོ་བར་སྔ་མོ་ནས་གོམས་ཡོད་པ་འདྲ། ལོ་བཅུ་ཕྲག་ཙམ་གྱི་རིང་ལ། ཁོ་འདི་ལྟར་མར་ནང་གྲོང་ཚོའི་ཕ་མ་སྤུན་མཆེད་དང་ཡང་དང་ཡང་དུ་གྱེས་ནས་སྔ་རྗེས་སུ་ཡུལ་ཚོའི་སློབ་ཆུང་དང་། རྫོང་མཁར་གྱི་སློབ་འབྲིང་། དེ་མིན་ཐག་རིང་གི་ཟི་ལིང་གྲོང་ཁྱེར་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་དེར་བསྐྱོད།  ལོ་དེ་དག་ཏུ། ཁོ་སློབ་གྲྭའི་གུང་གསེང་གི་སྐབས་སུ་མར་ནང་གྲོང་ཚོར་ལོག་ཡོང་དུས། ཡུལ་མི་རྣམས་ཀྱིས་“ནམ་ཡོང་བ་ཡིན་ནམ”ཞེས་འདྲི་བ་དང་། དེ་ནས་“ནམ་ཕྱིར་ལོག་དགོས”ཞེས་འདྲི་སྲིད། ཉམས་ཚུལ་དེ་ནི་ཁོ་ལ་དུས་ནམ་ཡང་ཕྱི་རོལ་ཅིག་ཏུ་ལོག་མལ་ཅིག་ཡོད་པ་དང་འདྲ་ལ། ཁོ་ཚོ་ཡང་ཁོའི་ནང་མི་དག་དང་འདྲ་བར་ལོ་དེ་དག་ཏུ་ཁོ་ཡང་ཡང་ལོག་ཡོང་ནས་ཡང་ཡང་གྱེས་འགྲོ་བར་གོམས་ཡོད་སྲིད།

ཡིན་ན་ཡང་། ལོ་དེར་ཁོ་འབྲིང་རིམ་སློབ་གྲྭ་དེ་ནས་མཐར་ཕྱིན་པ་དང་། ཕོགས་ཡོད་པའི་ལས་ཀ་འོས་མོ་ཅི་ཡང་རེག་མ་བྱུང་བས། ཁོས་རང་ཉིད་གང་ཞིག་ཏུ་འགྲོ་དགོས་པ་གཏན་ནས་མི་ཤེས། ཁོ་སྨུག་ལོང་ནང་གི་ཕྲུ་གུ་མགོ་འཁོར་ཞིག་དང་འདྲ། དེར་མ་ཟད་སེམས་ཀྱི་རྫ་མགོར་སངས་མཐའ་མེད་པའི་ཅི་ཞིག་འཐིབས་ནས་རང་གི་མདུན་ལམ་ཡང་གསལ་བོར་མི་མཐོང་། ཁོའི་རྨོངས་འཐོམ་འདི་ཕལ་ཆེར་སྐབས་དེར་མར་ནང་གྲོང་ཚོའི་མི་སུས་ཀྱང་རྟོགས་མི་སྲིད། ཁོ་ཚོས་དེ་ལས་ལྡོག་སྟེ་ཁོ་སློབ་མཐར་ཕྱིན་པའི་སྐད་ཆ་ཐོས་རྗེས་“ཨ་ཞི་ལི།  ཁྱོད་ནམ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་བཅའ་རུ་འགྲོ་རྒྱུ་ཡིན་ནམ”ཞེས་ས་གང་ནས་འཕྲད་ཀྱང་དེ་ལྟར་འདྲི། ཁོས་མཚམས་རེར་གསལ་སྒྲོན་ལ་རང་གི་མི་ཚེའི་གནས་སྐབས་དེའི་རྨོངས་འཐོམ་གླེང་འདོད་ཀྱང་། ཁོ་མོས་ཁོ་ལ་“ཁྱོད་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་ན། ང་ཡང་ཁྱོད་དང་ལྷན་དུ་རྫོང་མཁར་ནས་སྡོད་དགོས་པ་རེད་དམ”ཞེས་དྲིས་ཡོང་བས། ཁོས་“ཁྱོད་ཀྱང་ང་ནང་བཞིན་གྲོང་ཁྱེར་གྱི་མི་རུ་འགྱུར་འགྲོ་བ་རེད” ཅེས་སྐད་ཆ་སླུ་བྲིད་ཅན་དེ་རིགས་ཁོ་ན་བཤད་པ་ལས་ཐབས་གཞན་མ་བྱུང་།

དེར་བརྟེན། མར་ནང་གྲོང་དང་གྱེས་ཁའི་ཞོགས་པ་དེར། ཁོས་སུ་ལ་ཡང་གྱེས་ཕྱག་ཞུས་མེད་ཅིང་། ཁོར་སྐྱེལ་མ་བྱེད་མཁན་ཡང་མེད། གྱེས་ཁའི་ཉིན་གཅིག་གི་སྔོན་དུ། ཁོ་གསལ་སྒྲོན་དང་ལམ་འཕྲད་ཐེངས་གཅིག་བྱུང་བ་དང་། ཁོ་མོས་ཁོ་ལ་“ཁྱོད་ཀྱིས་སང་ཉིན་ཉིན་གུང་ཚེར་ཕུང་ཁུག་ནས་ང་ལ་སྒུག་སྡོད་དང་། ང་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད”ཟེར།

ཡིན་ན་ཡང་། ཁོ་ཉིན་དེར་དབྱར་ཁའི་ཉིན་མོ་དེ་དག་བཞིན་དུས་ཆད་བཏབ་པ་ལྟར་ཁོ་གཉིས་ལྷན་དུ་ཐང་ཉལ་བྱེད་སའི་ཚེར་ཕུང་ཁུག་གི་ཞིང་ཁུག་དེར་བསྐྱོད་མེད། དེ་ལས་ལྡོག་སྟེ་ཁོས་རྡོག་ཁྲེས་སྟབས་བདེ་ཞིག་ཁུར་ནས་དེ་ལྟར་མར་ནང་གྲོང་དང་གྱེས།

ལོ་དེར། ཁོས་དེ་ལྟར་གསལ་སྒྲོན་ལ་ཁྲེལ་མེད་བྱས། ཁོས་མར་ནང་ལུང་མདོ་ནས་ཕྱིར་རང་གི་ལྟེ་ཁྲག་འཕོ་སའི་ཕ་ས་གོར་མོ་དེར་མིག་ལྟ་བྱེད་དུས། གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་ནི་བོད་ལྭ་གྱོན་པའི་བུད་མེད་ཅིག་ཐོ་ཡོར་སེ་འགྲེང་ནས་རྒྱང་ལྟ་བྱེད་པའི་ཉམས་གྱིས་ཁོ་ལ་མིག་སྐྱེལ་བྱེད་བཞིན་འདུག ཁོས་ལོ་དེར་གསལ་སྒྲོན་ལ་ཁྲེལ་མེད་བྱས་པས། གསལ་སྒྲོན་གྱིས་བཤད་པ་ནང་བཞིན་མར་ནང་ལུང་བའི་གཞི་བདག་དེས་ཁོ་རང་དགར་བསྐྱུར་མི་སྲིད་པ་ཁོ་ཐག་ཡིན་པ་འདྲ།

ཡིན་ན་ཡང་། ཁོས་ལོ་དེར་གསལ་སྒྲོན་ལ་མངལ་འཁོར་ཡོད་པ་གཏན་ནས་མི་ཤེས།

ཉིན་དེར་ཁོ་གསལ་སྒྲོན་ལ་ལམ་འཕྲད་བྱུང་དུས་ཁོ་མོར་རྣམ་ཀུན་དང་མི་འདྲ་བའི་རྣམ་འགྱུར་ཅི་ཡང་མི་འདུག་ལ།  ཁོ་མོས་ཁོ་ལ་“ཁྱོད་ཀྱིས་སང་ཉིན་ཉིན་གུང་ཚེར་ཕུང་ཁུག་ནས་ང་ལ་སྒུག་སྡོད་དང་། ང་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད”ཟེར། དེ་ཡང་ཁོའི་སེམས་སུ་ཁོ་མོས་ཡར་སྔོན་ནང་བཞིན་ཁོ་ལ་ཁྱོད་དོན་དམ་དུ་ནམ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་ངེས་སམ་ཞེས་གཏིང་འདྲི་བྱེད་འདོད་ཡིན་ངེས་རེད་བསམས་པ་ལས། གཞན་སེམས་སུ་ཅི་ཡང་དྲན་རྒྱུ་མ་བྱུང་། ཁོ་མོས་དེ་ལྟར་བཤད་རྗེས་ད་དུང་ཅི་ཞིག་བཤད་རྩིས་བྱེད་ཀྱང་། སྲང་མདོ་ནས་གྲོང་ཚོའི་ནང་གི་ཕོ་གསར་རྫིག་ཤོས་རབ་བརྟན་གྱིས་རྟ་རྒན་ཞིག་གི་ཐུར་སྣེ་ནས་ཁྲིད་དེ་ཡར་བསླེབས་བྱུང་བ་དང་། དེ་མཐོང་བ་ན་གསལ་སྒྲོན་གྱིས་མགྱོགས་མྱུར་ངང་ཆུ་ཟོ་འཁུར་ཏེ་བུད་སོང་། ཁོས་གསལ་སྒྲོན་ཕར་བསྐྱོད་པའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་སྐབས།  ཆུ་ཡི་ཟེགས་མ་མང་པོ་ཞིག་ཁོ་མོའི་ཟོ་ཁ་ནས་འཕྱོ་སྟེ་ས་རུ་ཟགས་ཡོང་བ་མཐོང་།

གང་ལྟར་ཀྱང་། ལོ་དེར་ཁོས་དེ་ལྟར་གསལ་སྒྲོན་ལ་ཁྲེལ་མེད་བྱས་ནས་མར་ནང་གྲོང་ཚོ་དང་རྒྱང་དུ་གྱེས།

གསུམ།

མཐོ་ས་ནས་བལྟས་ན།  ས་ཆེན་པོ་འདིའི་ཕྱོགས་ཐམས་ཅད་རི་རྒྱུད་ཀྱི་སྟར་པ་རེ་རེས་འཕྲེད་གཞུང་གང་རུང་དུ་གཏུབས་ཤིང་བཅད་ཡོད་པ་དང་། དེ་ནི་ལྷ་ཟེར་བའི་འཇིག་རྟེན་བྱེད་པོ་སུ་ཞིག་གིས་ཐར་དུ་གཅལ་བའི་ས་གཞི་འདི་ལྟེབས་གཉེར་བཟོས་ནས་ནམ་ཞིག་ལ་ཨམ་ཕྲག་ཏུ་བཅུག་ནས་འཁྱེར་འགྲོ་རྩིས་ཀྱི་བཟོ་ལྟ་མངོན་འདུག རི་རྒྱུད་ཀྱི་བར་སྟོང་དེ་དག་ནི་གངས་ཅན་བོད་པའི་ཕ་ས་སྟེ་མདོ་དབུས་མཐོ་སྒང་གི་ཕྱིའི་སྣོད་ཀྱི་བཀོད་པ་རེད། ཁོ་བྱེས་སུ་འཁྱམས་པའི་ལོ་ཟླ་དེ་དག་ཏུ། མདོ་དབུས་མཐོ་སྒང་གི་ཤར་མཐའི་རི་ཀླུང་དེ་དག་གངས་དཀར་སེམས་ཀྱི་ཡོལ་ངོར་ཡང་ཡང་འཆར་ཡོང་།    སུ་རུ་དང་སྤེན་མ་སོགས་སྐྱེས་དངོས་དམའ་མོ་དག་སྐྱེས་ཡོད་པའི་རི་སུལ་དེ་དག་དང་། དབྱར་ལ་སྤང་ལྗང་གུ་དང་དགུན་ལ་ཁ་བ་དཀར་པོས་གཡོགས་པའི་རི་ཡི་རྩེ་མོ་དེ་དག ད་དུང་གནས་དེའི་རྡོ་བ་དང་། ལབ་ཙེ།  གནག་ཕྱུག དེ་མིན་གྲོ་ཞིང་།  རླུང་ཁ་ན་ག་ལེར་གཡོ་བཞིན་པའི་ཡུལ་སྡོང་དང་ཡུལ་ཁྱིམ་གྱི་ཁང་ཀླད་དུ་བཙུགས་ཡོད་པའི་དར་ལྕོག་དེ་དག  དེ་ནི་ཅི་འདྲའི་ལྷོད་འཇགས་ཀྱི་ཞིང་ཁམས་ཤིག་རེད་ཨང་།

མཐོ་ས་ནས་བལྟས་ན། གངས་དཀར་གཡུ་སྒྲོན་མའི་སྒང་རྒྱུད་དེ་ནི་མར་ནང་གྲོང་ཚོའི་ལྷོ་ཕྱོགས་སུ་ཤར་ནས་ནུབ་ལ་འཐེན་འདུག་པ་དང་།  རི་རྒྱུད་དེ་ནི་བུད་མེད་ཅིག་ཙོག་པུར་བསྡད་དེ་ནུབ་ལ་རྒྱང་ལྟ་བྱེད་བཞིན་ཡོད་པའི་རྣམ་པ་ཞིག་ཡོད་ཅིང་། རི་ཡི་རྩེ་མོའི་གངས་དཀར་གཡུ་སྒྲོན་མའི་བཞུགས་མཁར་དུ་གྲགས་པའི་ལབ་ཙེ་དེ་ཡང་ཐག་རིང་ནས་བལྟས་ན་བོད་ལྭ་གྱོན་པའི་བུད་མེད་ཅིག་ཐོ་ཡོར་སེ་འགྲེང་ནས་རྒྱང་ལྟ་བྱེད་པ་དང་མཚུངས། མ་གཞིར། མར་ནང་གྲོང་ཚོའི་མདུན་རི་དེར་ངག་རྒྱུན་ཞེ་སྨྲེང་བ་ཞིག་ཡོད་དེ། དེ་ནི་ཡུལ་འདིའི་མི་རབས་ནས་མི་རབས་སུ་བརྒྱུད་ཡོང་བའི་ངག་རྒྱུན་ཞིག་ཡིན། དེ་ཡང་གངས་དཀར་གཡུ་སྒྲོན་མ་ནི་སྔོན་ཆད་ཡུལ་ཁམས་འདིའི་མི་ཚང་ཕྱུག་པོ་ཞིག་གི་སྲས་མོ་ཡིན་པ་དང་། དེ་དུས་གྲོང་ཚོའི་ནང་གི་ཕོ་གསར་ཚགས་བཟང་རྒྱུ་ནོར་གྱིས་དབུལ་བ་ཞིག་ལ་སེམས་པ་ཤོར་ནས་ལྐོག་ཏུ་ཕོ་གསར་དེ་དང་མཛའ་འབྲེལ་བྱུང་།  ཕྱིས་སུ་ཕོ་གསར་དེ་ཡུལ་འདིའི་དཔོན་པོ་ཞིག་གི་ལག་གཡོག་བྱས་ནས་སྟོད་ཉི་མ་ལྷ་སར་བསྐྱོད་པ་དང་། འགྲོ་ཁར་ཁོས་གངས་དཀར་གཡུ་སྒྲོན་མ་ལ་དུས་མི་འགྱངས་པར་ཕྱིར་ལོག་ངེས་པའི་དམ་བརྟན་པོ་བཅས་ཤིང་ཚིག་གསུམ་མནའ་ཡིས་བསྒགས་ཏེ་བསྐྱོད། ཡིན་ན་ཡང་། ལོ་གསུམ་གྱི་རྗེས་ནས་དཔོན་པོ་འཁོར་དང་བཅས་པ་ཕྱིར་ལོག་ན་ཡང་མོ་རང་གི་སྙིང་ཁོངས་ཀྱི་མི་དེ་ཕྱིར་ལོག་རྒྱུ་མ་བྱུང་། དཔོན་ཚང་གི་བཤད་སྒྲོས་ལ་ཕོ་གསར་དེ་ནག་ཆུའི་བྱང་ཐང་ནས་སྔོན་ལ་ལམ་ལ་སོ་ལྟ་བྱེད་དུ་མངགས་རྗེས་ཕྱིར་འཁོར་ཡོང་རྒྱུ་མ་བྱུང་ཟེར། གང་ལྟར་ཀྱང་ཁོ་མོའི་ཉིན་མཚན་ཀུན་ཏུ་སྒུག་པའི་ཕོ་གསར་དེ་ཕྱིར་ལོག་རྒྱུ་མ་བྱུང་། དེ་ནས་བཟུང་གངས་དཀར་གཡུ་སྒྲོན་མ་ཟེར་བའི་དཔོན་ཚང་གི་སྲས་མོ་དེ་གྲོང་ཚོའི་མདུན་རིའི་རྩེ་ལ་འགོས་ནས་དུས་རྒྱུན་དུ་ཐོད་པར་ལག་པ་བཞག་ནས་ཉི་མ་ནུབ་སའི་ཕྱོགས་སུ་རྒྱང་ལྟ་ཡང་ཡང་བྱས་ཤིང་། སེམས་ནང་གི་ཕོ་གསར་དེ་ཕྱིར་ལོག་ཡོང་བར་སྒུག ཡིན་ན་ཡང་ཕོ་གསར་དེ་དུས་གཏན་དུ་ལོག་ཡོང་རྒྱུ་མ་བྱུང་། ཕྱིས་སུ་གངས་དཀར་གཡུ་སྒྲོན་མ་ཡང་རི་ཡི་རྩེ་མོ་དེ་ནས་ཙག་གིས་ཕྱིད་པ་དང་། དེ་ནས་མི་རྣམས་ཀྱིས་གནས་དེར་ལབ་ཙེ་བརྩིགས་ཤིང་གངས་དཀར་གཡུ་སྒྲོན་མ་གཞི་བདག་ཏུ་བཀུར།  དེས་ཀྱང་དུས་ནམ་ཡང་དེ་ལྟར་ཐོ་ཡོར་སེར་འགྲེང་ནས་རང་གི་སྙིང་ཉེ་བའི་མི་དེར་སྒུག་བསྡད་ཡོད་སྐད།

ལོ་དེར། ཁོ་རྒྱང་དུ་གྱེས་རྗེས་གསལ་སྒྲོན་གྱིས་སྡེ་འདབས་ཀྱི་ཚེར་ཕུང་ཁུག་ནས་ཁོ་ཕྱིར་ལོག་ཡོང་བར་རེ་ལྟོས་ཆེན་པོ་བཅངས་ནས་བསྡད།

དང་ཐོག་ཁོ་མོ་ལྕི་བ་འཐུ་རུ་འགྲོ་བར་ཁ་གཡར་ནས་རྒྱབ་ཏུ་སླེ་བོ་ཁུར་ཅིང་ལག་ཏུ་ལྕགས་ཚེབ་ཐོགས་ནས་ཚེར་ཕུང་ཁུག་ཏུ་བསྐྱོད་དེ་ལུང་མདོའི་ཕྱོགས་སུ་འཐེན་པའི་ས་ལམ་སྐྱ་བོ་དེའི་ཕྱོགས་སུ་མིག་གིས་ཡང་ཡང་ལྟ། མཚམས་རེར་ས་ལམ་དེ་རུ་གཟུགས་བརྙན་ནག་རིས་རེ་འགུལ་བཞིན་ཡར་ཡོང་བ་མཐོང་ཚེ། དབང་མེད་དུ་སེམས་སྤྲོ་བས་བརྟས་ནས་མདུན་ཕྱོགས་སུ་རིང་ཙམ་བསྐྱོད། ཡིན་ན་ཡང་གཟུགས་བརྙན་དེ་རིམ་གྱིས་ཉེ་བར་བཅར་བ་དང་། དེ་ཁོ་མ་ཡིན་པ་མཐོང་བ་ན། གསལ་སྒྲོན་གྱི་སེམས་པ་འཁྱག་ནས་མིག་ནང་དུ་འཁྱིལ་བའི་མཆི་མ་ཡང་ས་ལ་ཟགས་སོང་། ཁོ་མོས་རང་གི་ཆེ་རུ་འབུར་ཡོང་བའི་ལྟེ་ཞབས་དེར་རེག་ཙམ་རེག་ཙམ་བྱེད་ཅིང་།  ནུབ་ཁའི་ཉི་འོད་ཀྱི་ཟེར་མའི་འོག་ནས་ནུབ་ཀྱི་ལུང་མདོའི་ཕྱོགས་སུ་ཡང་དང་ཡང་དུ་བལྟས། དེ་ལྟར་རེ་སྒུག་ཆེན་པོའི་ཁེངས་བའི་ཉིན་མོ་དེ་དག་ཏུ་མར་ནང་གྲོང་དུ་དགུན་གྱི་དུས་ཚོད་ཀྱང་བསླེབས་སོང་། ཁ་བ་ཡང་བབས་བྱུང་། ཁ་བས་ཡུལ་གྲུ་འདིའི་ཁོ་ར་ཁོར་ཡུག་ཀུན་ཡོངས་སུ་གཡོགས་ན་ཡང་གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་སྔར་བཞིན་དཀར་མདོག་གི་འཇིག་རྟེན་དེ་རུ་ནག་ཡོར་སེར་གནས་ཡོད་པ་མཐོང་ཐུབ། བཤད་རྒྱུན་དུ་ལབ་ཙེ་དེ་དུས་ནམ་ཡང་ཁ་བས་གཡོགས་མི་ཐུབ་ཟེར། དེ་ནི་དེའི་ནང་དུ་བཞུགས་ཡོད་པའི་གངས་དཀར་གཡུ་སྒྲོན་མའི་རྣམ་ཤེས་ད་དུང་གཞན་དུ་ཕྱིན་མེད་པར་སྔར་མལ་ནས་རང་གི་མཛའ་བོར་སྒུག་བསྡད་ཡོད་པས།  ལབ་ཙེ་ལ་མི་ཡི་ལུས་དྲོད་ཞུགས་ཡོད་ཅིང་། ཁ་བ་ཐོག་ཏུ་བབས་ཀྱང་དེ་མ་ཐག་ཞུ་འགྲོ་ཟེར།

ཡིན་ན་ཡང་། ལོ་དེར་གསལ་སྒྲོན་མར་ནང་གྲོང་འདབས་ཀྱི་ཚེར་ཕུང་ཁུག་ནས་ཁ་བའི་ནང་དུ་འགྲེང་སྟེ་ཁོར་སྒུག་དུས། ཁ་བས་དེ་མ་ཐག་ཁོ་མོའི་བོད་ལྭ་ཡོངས་སུ་བཀླུབས་བྱུང་བ་དང་། ཁོ་མོའི་མིག་ཟུང་གི་རྫི་མའི་ཐོག་ཏུ་ཡང་ཁ་བའི་འདབ་མ་བབས་བྱུང་།

“ཁྱོད་ཀྱིས་ད་དུང་འདི་ལྟར་སྒུག་ན། ད་ནི་གངས་དཀར་གཡུ་སྒྲོན་མ་ནང་བཞིན་ཙག་གིས་ཕྱིད་ངེས”གསལ་སྒྲོན་གྱི་ཨ་མ་བཟང་མོས་སེམས་ཀྱིས་མ་བཟོད་པར་ཚེར་ཕུང་ཁུག་ཏུ་ཡོང་ནས་རང་གི་བུ་མོ་ཁ་བའི་ནང་ནས་ཡར་འཐེན་པ་དང་། ཁོ་མོའི་ལུས་ཐོག་གི་ཁ་བ་དཀྲུགས་དཀྲུགས་བྱས།

“ཨ་མ། ཁོས་དངོས་གནས་ང་ལ་ཁྲེལ་མེད་བྱས་པ་ཡིན་ནམ”གསལ་སྒྲོན་གྱིས་སྐྱོ་སྣང་དང་བཅས་བཤད།

“ངའི་བུ་མོ་ལས་ཅི་འདྲའི་སྡུག་ཨང་།  གནའ་མི་ཚོའི་བཤད་སྲོལ་ཞིག་ལ་ཡུལ་ལྷའི་ཁྲེགས་ཀྱིས་མར་ནང་གྲོང་ཚོའི་སྐྱེས་པ་ཚོ་ས་ཐག་རིང་དུ་བསྐྱོད་ན་ཕྱིར་ལོག་ཐུབ་མེད་ཟེར། ང་ཚོའི་གཞི་བདག་གངས་དཀར་གཡུ་སྒྲོན་མའི་མཛའ་བོ་ཡང་ཕྱིར་ལོག་མ་བྱུང་བར་སྐད།  བུ་མོ་གཅེས་ཕྲུག་མ། ད་མི་དེར་ཞེ་མ་འཁྲེང་།  མངལ་ཁ་ཡང་གང་བཞིན་པ་འདི་རེད”ཨ་མ་བཟང་མོས་ཀྱང་སེམས་སྡུག་དང་བཅས་རང་གི་བུ་མོའི་ལག་པ་ནས་འཇུས་ཏེ་ཕྱིར་ཁྲིད།  གསལ་སྒྲོན་གྱི་ལག་པ་འཁྱག་པ་རྡོ་ལྟར་དྲོད་ཁོལ་ཅི་ཡང་མི་འདུག

“ཨ་མ། ཁོ་ཕྱིར་ལོག་རྒྱུ་བྱུང་ན་རྒྱལ་ཁབ་ཀྱི་ལས་བྱེད་པ་མིན་ཡང་ངས་ལེ་བདའ་ཅི་ཡང་བྱེད་མི་སྲིད། ད་ནི་ངས་གྲོང་ཚོའི་ནང་གི་མི་ཁ་དེ་བཟོད་ཐུབ་པ་མི་འདུག་ཨང” གསལ་སྒྲོན་གྱིས་དེ་ལྟར་བཤད་བཞིན་རང་གི་ཨ་མའི་ཕྱི་ལ་འབྲངས་ཏེ་གྲོང་ཚོའི་ནང་དུ་ལོག  ལོ་དེ་ལ། ཁ་བའི་ནང་དུ་ཁོ་མོའི་རྐང་རྗེས་འཐེན་བྱུང་ན་ཡང་།  ལྷབ་ལྷུབ་ཏུ་བབས་ཡོང་བའི་ཁ་བས་ཡུད་ཙམ་མ་འགོར་བར་རྐང་རྗེས་དེ་ཤུལ་མེད་དུ་བསུབས་སོང་།

གསལ་སྒྲོན་གྱི་མངལ་ཁ་གང་ནས་ཕྲུ་གུ་བཙའ་བའི་ཉིན་མོ་དེར། ཁོ་སྟོད་ཕྱོགས་མངའ་རིས་ཀྱི་གངས་རི་བརྒལ་ནས་རྒྱ་གར་ལ་འབྲོ་བཞིན་ཡོད། མར་ནང་གྲོང་གི་མི་རྣམས་ཀྱིས་ཁོ་ལ་“ཨ་ཞི་ལི།  ཁྱོད་ནམ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་བཅའ་རུ་འགྲོ་རྒྱུ་ཡིན་ནམ”ཞེས་འདྲི། ལོ་དེ་ལ། ཕོགས་ཡོད་པའི་ལས་གྲལ་ཅིག་ཏུ་ཚུད་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན། སློབ་མཐར་ཕྱིན་རྗེས་ཁོ་ལ་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་བའི་ཐབས་ཤིག་གཏན་ནས་མ་བྱུང་བས། མར་ནང་གྲོང་ཚོ་དང་གྱེས་རྗེས་ཀྱི་ཟླ་བ་ཁ་ཤས་ཀྱི་རྗེས་ནས་ཁོ་དེ་ལྟར་རྒྱལ་མཚམས་བརྒལ་ཏེ་རྒྱུས་མེད་ཀྱི་རྒྱ་གར་ཡུལ་ཏུ་བསྐྱོད། དེ་ནི་རང་གི་ལས་དབང་ལ་བྲོས་བྱོལ་བྱེད་པ་ཞིག་ཡིན་ནམ།

ལོ་ངོ་སྟོང་གི་རིང་དུ། བོད་པ་ཚོ་གངས་རི་བརྒལ་ནས་རྒྱ་གར་དུ་ཡང་ཡང་བསྐྱོད་མྱོང་།  དང་ཐོག་སྲོང་བཙན་སྒམ་པོའི་རིང་ལ་བོད་ཕྲུག་བློ་རྣོ་བ་བཅུ་དྲུག་ཕར་བསྐྱོད་ན་ཡང་།  ཚུར་ཐོན་མི་སམྦྷོ་ཊ་གཅིག་པུ་ལས་ལོག་རྒྱུ་མ་བྱུང་སྐད།  གངས་རི་བརྒལ་སྐབས། ཁོས་ཁ་བ་ཟད་ནས་ས་ནག་ཕྱིར་མངོན་ཡོད་པའི་གངས་ལམ་ཕྲ་མོ་དེ་དེད་ནས་བསྐྱོད་ཅིང་མི་ཅི་འདྲ་མང་པོ་ཞིག་གིས་ལམ་ཕྲན་འདི་བརྒྱུད་དེ་སྟོད་རྒྱ་གར་དུ་ཕྱིན་པ་ཡིན་ནམ་སྙམ་པ་དང་། ཡང་སེམས་སུ་རང་ཉིད་ནམ་ཞིག་ལ་གངས་ལམ་ཕྲ་མོ་འདི་བརྒྱུད་ནས་ཕྱིར་ལོག་ཡོང་ཐུབ་བམ་སྙམ། གངས་རིའི་ཉག་ཁ་དེ་ནས་ཁོ་དང་འགྲོ་རོགས་ཀུན་གྱིས་རླུང་རྟ་སྤུར་ནས་གསོལ་འདེབས་བྱས། ཉག་ཁ་དེའི་ཕར་ནང་ནི་ཆ་མེད་རྒྱུས་མེད་ཀྱི་མི་ཡུལ་ཡིན་པ་དང་། རང་གིས་རྒྱབ་ཏུ་བསྐྱུར་བའི་ཚུར་ནང་གི་ས་ཆེན་པོ་དེ་ནི་གངས་ཅན་བོད་པའི་ཕ་ས་རེད། གངས་རིའི་ཕ་རོལ་ཏུ་ཁོར་ལས་དབང་ཅི་འདྲ་ཞིག་གིས་སྒུག་ཡོད་དམ།

“མགྱོགས་ཙམ་བྱོས། ད་ནི་ཁ་བ་འབབ་རྒྱུ་ཡིན་པ་འདྲ། ཁ་བ་བརྒྱབ་ན་ལམ་ནོར་ཐེབས་ཉེན་ཡོད་པས་ཚང་མ་མགྱོགས་ཙམ་བྱོས”ལམ་པས་དེ་ལྟར་སྐུལ་བ་དང་། ཁོ་དང་འགྲོ་རོགས་ཚང་མ་དེ་མ་ཐག་གངས་རིའི་ཉག་ཁ་དེ་བརྒལ་ནས་ཕར་ཕྱོགས་སུ་བསྐྱོད།

མཚམས་ཤིག་ལ་ཁ་བ་དངོས་གནས་བབས་བྱུང་། ཁོས་ཕྱི་མིག་ལྟ་དུས་ཁ་བའི་ངོས་སུ་ལུས་པའི་རང་གི་རྐང་རྗེས་དེ་ཟིམ་ཟིམ་འཇོ་ཡོང་བའི་ཁ་བའི་འདབ་མས་བསུབས་ཏེ་ཤུལ་མེད་དུ་བཟོ་བཞིན་པ་མཐོང་།

 

བཞི།

དུས་མཐའི་སྐྱབས་མགོན་མར་ནང་སྤྲུལ་བའི་སྐུ་རིན་པོ་ཆེ་ཡི་<<འཁྲུངས་རབས་དུང་གི་སྒྲ་དབྱངས>>སུ། ཁོང་གི་ཡུམ་གྱི་མཚན་མོའི་རྨི་ལམ་དུ་ཤར་ཕྱོགས་ནས་འོད་ཆེན་པོ་ཞིག་བྱེ་བ་ཕྲག་བརྒྱར་བཀྱེས་ཡོང་བ་དང་ནམ་མཁའི་ལྷ་དང་ལྷ་མོ་འོད་ཀྱི་སྣང་བའི་ཀློང་ནས་རིམ་གྱིས་མངོན་ཏེ་ཆོས་ཀྱི་གསུངས་དབྱངས་སྙན་མོ་མཚམས་མེད་དུ་སྒྲོག མཚམས་ཤིག་ལ་ཀླུ་དཀར་པོ་རི་རབ་ཀྱི་གཏོས་དང་མཉམ་པ་ཞིག་འོད་ཀྱི་གཏིང་རིམ་ཞིག་ནས་ལྡེམ་གྱིས་འཁྱུག་པའི་འགྲོས་ཀྱིས་ཐོན་ཡོང་སྟེ། ཡུམ་གྱི་མཐའ་ལ་གཡས་བསྐོར་ལན་གསུམ་བརྒྱབ་པ་དང་། མཐའ་མར་འོད་ཟེར་སྟོང་གི་ཉག་མ་དང་བསྡོངས་ནས་ཡུམ་གྱི་ལྟེ་ཞབས་སུ་འཐིམས་པ་རྨིས་སོང་ཞེས་འཁོད་ཡོད། ཁོང་འཁྲུངས་བའི་ཉིན་མོ་དེར་ཡང་། མར་ནང་གྲོང་གི་མི་རྣམས་ལ་མཐོང་སྣང་མི་འདྲ་བ་རེ་བསྐྱེད་པ་དང་། ཁ་ཅིག་གིས་དགུན་གྱི་ནམ་ཟླ་དེར་ཤར་མཐའ་ནས་འབྲུག་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས་སོང་སྐད། ཡང་ཁ་ཅིག་གིས་ཁ་བས་གྲོང་ཚོ་ཡོངས་སུ་གཡོགས་ཡོད་ན་ཡང་། ཁོང་འཁྲུངས་སའི་གཞིས་ཁྱིམ་གྱི་ཁང་ཀླད་དུ་ཁ་བ་ཞུ་ནས་རླངས་པ་ཡང་ཐོལ་ལི་ལི་འཕྱུར་ཡོང་བ་མཐོང་སོང་སྐད།  ཁ་ཅིག་གིས་ནམ་མཁའ་ནས་མེ་ཏོག་གི་འདབ་མ་ལྷབ་ལྷུབ་ཏུ་འཐོར་ཡོང་ཟེར། གང་ལྟར་ཀྱང་། ལོ་དེར་གསལ་སྒྲོན་གྱིས་ཕྲུ་གུ་སྐྱེས་པའི་ཉིན་མོ་དེ་ལོ་དུ་མའི་རྗེས་སུ་མར་ནང་སྤྲུལ་བའི་སྐུ་ཡི《འཁྲུངས་རབས་དུང་གི་སྒྲ་དབྱངས》སུ་འདི་ལྟར་འཁོད་ཡོད་པས། ཉིན་མོ་དེ་ནི་ཉིན་མོ་རང་ག་བ་ཞིག་ཡིན་མི་སྲིད།

ཡིན་ན་ཡང་། མོ་ལོ་བཅོ་བརྒྱད་ལ་སོན་ཙམ་གྱི་བུ་མོ་གསལ་སྒྲོན་གྱིས་ལོ་དེར་ཁྱམས་སྨད་ཀྱི་གཞོགས་ཁང་ཆུང་ཆུང་དེ་ནས་ཕྲུ་གུ་བཙའ་དུས། ཕྱིས་སུ་འཁྲུངས་རབས་སུ་འཁོད་ཡོད་པའི་ཐུན་མིན་གྱི་རྟགས་དང་ལྟས་དེ་དག་མཐོང་བའི་གོ་སྐབས་མ་བྱུང་། གསུང་རབ་ཏུ། མི་ཞིག་འཇིག་རྟེན་མི་ཡུལ་དུ་ཡོང་རྗེས་སྐྱེས་རྒ་ན་འཆིའི་སྡུག་བསྔལ་ལས་གཡོལ་ཐབས་མེད་ཟེར། ལོ་དེར་གསལ་སྒྲོན་གྱིས་ཕྲུ་གུ་བཙའ་བའི་སྡུག་བསྔལ་དེ་ནི་འཆི་བའི་འགག་སྒོ་ཐེངས་གཅིག་འགྲིམ་པ་ལྟར་ན་ཟུག་བཟོད་བླགས་མེད་པ་ཞིག་གི་དབང་དུ་གྱུར།

གསལ་སྒྲོན་གྱི་ཨ་མ་བཟང་མོ་དང་བུད་མེད་རེ་གཉིས་ཀྱིས་ཁོ་མོའི་མཐའ་ནས་བསྐོར་ཏེ་རང་རང་གི་ཉམས་མྱོང་ལྟར་གསལ་སྒྲོན་ལ་ཇི་ལྟར་ཤུགས་རྒྱག་དགོས་པ་སོགས་གསལ་འདེབས་བྱེད།

“ཨ་མ། ངས་ན་ཟུག་བཟོད་ཐུབ་པ་མི་འདུག” དུས་ཚོད་ཁ་ཤས་ལ་ཤུགས་བརྒྱབ་ཀྱང་ངལ་བ་འབྲས་མེད་དུ་གྱུར་བའི་གསལ་སྒྲོན་གྱི་ཁ་ངོ་དང་གཟུགས་པོ་ཚང་མ་རྔུལ་ཆུས་ཡོངས་སུ་བརླན་འདུག དེ་བས་ཁོ་མོར་གཞི་ནས་ངུ་སྐད་ཤོར་ཅིང་། མིག་ཆུ་ཡང་ཕྲེང་ཐག་ཆད་པའི་མུ་ཏིག་གི་དོག་པ་བཞིན་མཁུར་ཚོས་བརྒྱུད་ནས་སྔས་མགོར་ཟགས་སོང་།

“གཅེས་ཕྲུག་མ།  ཕྲུ་གུ་བཙའ་རྒྱུ་ལས་སླ་བོ་དེ་འདྲ་ཞིག་གང་ནས་ཡིན་ཨང་། ཤུགས་རྒྱོབ་དང་། ད་མགྱོགས་པོ་འདུག” ཨ་མ་བཟང་མོས་རང་གི་བུ་མོར་དེ་ལྟར་སྙིང་ཕུར་བརྡབས།

“ཁོས་ང་སྡུག་འདི་འདྲར་གཏད་པས།  རྗེས་མ་འཕྲད་ན་སོ་བཏབ་ནས་ཤ་ཁམ་གང་ཡིན་རུང་ཚུར་ལེན་དགོས།”གསལ་སྒྲོན་གྱིས་ཨམ་གཙིགས་བསྡམས་ནས་དེ་ལྟར་ཞེ་སྡང་གིས་བཤད།

“ཧོ་ཧོ་ཡ། གོ་ཐོས་ཡིན་ན་མི་དེ་སྟོད་རྒྱ་གར་ཡུལ་དུ་བྲོས་སོང་ཟེར། ད་ཁྱོད་ལ་མཆུ་ཏོ་རིང་པོ་དེ་འདྲ་ཞིག་ཡོད་དགོས་རྒྱུ་རེད་ཡ”གསལ་སྒྲོན་གྱི་ཨ་ནེས་སྐྲའི་ལན་བུ་རྒྱབ་ལ་གཡུགས་ནས་དེ་ལྟར་གད་མོ་ཤོར་སོང་།

“ཨ་མ་་་་་”གསལ་སྒྲོན་གྱི་མིག་ཆུ་དང་རྔུལ་ནག་མཉམ་དུ་བཞུར་ནས་ཁོ་མོར་རང་ཉིད་བརླན་གཤེར་དེའི་ནང་དུ་སྦངས་ནས་ནུབ་འགྲོ་བའི་སྐྲག་དངངས་སྐྱེས་བྱུང་། ཁོ་མོར་དེ་ལྟར་སྐད་ཤོར་བ་དང་སེམས་ཀྱི་ཞེ་སྡང་དང་ལུས་ཀྱི་ན་ཟུག་གཉིས་ཀྱིས་མནར་ནས་ཨེན་ཙམ་མིན་ན་བརྒྱལ་ལ་ཁད་ཅིག་བྱས།

ཁོ་རྒྱ་གར་ཏུ་བྲོས་སོང་བའི་སྐད་ཆ་དེ་གསལ་སྒྲོན་གྱིས་ཕྲུ་གུ་བཙའ་བའི་ཉི་མ་དེར་གཞི་ནས་དེ་ལྟར་ཐོས་བ་རེད། ཨ་ནེས་སྣང་མེད་ཀྱིས་བཤད་པའི་སྐད་ཆ་དེ་ཐོས་རྗེས་མལ་སའི་ནང་ནས་གསལ་སྒྲོན་གྱི་ལུས་སྟོབས་རིམ་གྱིས་ཟད་པ་དང་།  ད་ནི་ཤུགས་རྒྱག་པའི་ནུས་པ་མེད་སོང་།  ཁོ་མོ་སད་ནག་གིས་བཅོམ་པའི་མེ་ཏོག་ཅིག་དང་འདྲ་བར་འདབ་ལོ་ཚང་མ་རིམ་གྱིས་རྙིད་པར་འགྱུར་བའི་བཟོ་ལྟ་མངོན་ཡོང་། ཡིན་ན་ཡང་ཕྱིས་ཀྱི་སྤྲུལ་སྐུའི《འཁྲུངས་རབས་དུང་གི་སྒྲ་དབྱངས》སུ་འདིའི་སྐོར་ཅི་ཡང་འཁོད་མི་འདུག

“ཨ་མ། ང་འདི་ལྟར་ཤི་རྒྱུ་ཡིན་པ་འདྲ།”ཨ་མའི་ལག་པར་དམ་པོར་འཇུས་ཡོད་པའི་གསལ་སྒྲོན་གྱི་ལག་པའི་མཛུབ་མོ་དག་རིམ་གྱིས་ལྷོད་པར་གྱུར་ཅིང་། ཁོ་མོས་དབུགས་ལྷེམ་ལྷེམ་ངང་མིག་འབྱེད་མ་ཟུམ་གྱིས་དེ་ལྟར་བཤད། དུས་དེར་གསལ་སྒྲོན་གྱི་མཐའ་བསྐོར་ཡོད་པའི་བུད་མེད་དེ་དག་གཞི་ནས་དངངས་འཚབ་སྐྱེས་བྱུང་། ཁོ་ཚོས་གསལ་སྒྲོན་ཕྱི་དྲོ་ཞིག་གི་རིང་ལ་དེ་ལྟར་ན་ཟུག་གིས་མནར་བ་དེ་སྔོན་ཆད་སོ་སོས་ཕྲུ་གུ་སྐྱེས་དུས་བརྒྱུད་མྱོང་བའི་ན་ཟུག་དེ་རིགས་ཡིན་པར་རིགས་འདེད་བྱས་ཤིང་། ད་དུང་མཚམས་རེར་ན་ཟུག་གིས་བརྒྱལ་ལ་ཁད་བྱེད་པའི་གསལ་སྒྲོན་ལ་ཀུ་རེ་རྩེད་མཚར་ཀྱང་བཤད། ཡིན་ན་ཡང་། གསལ་སྒྲོན་དེ་ལྟར་རིམ་བཞིན་འདབ་མ་རྙིངས་བཞིན་པའི་མེ་ཏོག་ཅིག་དང་འདྲ་བ་མཐོང་རྗེས། ཉམས་མྱོང་ཅན་གྱི་བུད་མེད་དེ་ཚོ་གཞི་ནས་དངངས་འཚབ་ལངས་སོང་།

ཉིན་མོ་དེ་མ་གཞི་ནས་ཉིན་མོ་རང་ག་བ་ཞིག་མ་ཡིན་པ་འདྲ་སྟེ། གསལ་སྒྲོན་དེ་མ་ཐག་ཤིང་རྟ་འཁོར་ལོའི་འཁོར་སྒམ་དུ་བཞག་ནས་ཡུལ་ཚོའི་སྨན་ཁང་དུ་འཁྱེར། ཕྱིས་སུ་གྲོང་མི་རྣམས་ཀྱིས་ཕྱིར་དྲན་བྱས་པ་ལྟར་ན། མར་ནང་གྲོང་ཚོའི་ནང་སྔོན་ཆད་སྦྲུམ་མ་ཞིག་དེ་ལྟར་སྨན་ཁང་དུ་འཁྱེར་བ་ཐེངས་དང་པོ་ཡིན་ཟེར། གང་ལྟར་ཀྱང་།           གསལ་སྒྲོན་གྱི་ཕ་རྒན་བློ་བཟང་གིས་གདོང་པ་ནག་རོག་གེར་དྲེལ་སྔོ་ལྡང་དེར་སྒ་བརྟད། སྲབ་བསྐོན། གློ་འཐེན་པ་དང་། དེ་ནས་ཤིང་རྟ་འཁོར་ལོ་བརྒྱབ་རྗེས་འཁོར་སྒམ་ནང་དུ་རྩྭ་སྐྱ་བཏིང་བ་དང་། དེའི་སྒང་ལ་གདན་བཏིང་། གསལ་སྒྲོན་སྐབས་དེར་ཡར་ལངས་ནས་གོམ་པ་སྤོ་བའི་ལུས་སྟོབས་ཀྱང་མེད་པས།  ཁོ་མོ་མི་ཀུན་གྱིས་གདན་ཁུད་དུ་བཀྱགས་ནས་གཞིས་ཁྱིམ་གྱི་ཕྱིར་ཐོན་ཡོང་སྟེ་འཁོར་སྒམ་དུ་བཞག

ཁ་བའི་འབབ་ཞོད་ཇེ་ཆེར་གྱུར་འདུག ཁ་བ་ནི་བྱེའུའི་གཤོག་སྒྲོ་བཞིན་ལྷབ་བ་ལྷུབ་བེར་སྐྱ་མོག་གེར་ཡོད་པའི་བར་སྣང་གི་བྲང་ཁོག་དོག་མོའི་པང་བ་ལས་མར་ལྷུང་ཡོང་ནས། གསལ་སྒྲོན་གྱི་ལུས་ཐོག་ཏུ་གཡོགས་པའི་འགྱིག་ཤོག་གི་ཐོག་ཏུ་ཟགས་པ་དང་། དེ་མ་ཐག་དེ་གར་ཁ་བའི་བང་རིམ་ཞིག་ཆགས་མགོ་བརྩམས་སོང་། ངང་ཚུལ་དེ་ནི་ལོ་དེར་སྤྲུལ་སྐུ་འཁྲུངས་དུས་མི་ཁ་ཅིག་གི་མཐོང་སྣང་དུ་བྱུང་བའི་གཞིས་ཁྱིམ་གྱི་ཀླད་དུ་ཁ་བ་ཞུ་ནས་རླངས་བ་ཐིལ་ལི་ལི་བྱེད་ཟེར་པ་ལྟར་མ་ཡིན་ཏེ། མ་མཐའ་ཡང་གསལ་སྒྲོན་གྱི་ཨ་མ་བཟང་མོས་དེ་ལྟར་མཐོང་མ་བྱུང་། ཁོ་མོས་རང་གི་བུ་མོའི་ལུས་ཐོག་ཏུ་ལྷུང་ཡོང་བའི་ཁ་བ་དེ་དག་ཕར་ཕྱག་ཙམ་ཕྱག་ཙམ་བྱས།

ཁོའི་ཕ་རྒན་སྙན་གྲགས་ཁ་བ་བབས་པའི་ཉིན་དེར་ཚེར་ཕུང་ཁུག་གི་འདབས་རོལ་གྱི་དཀྱོགས་ལམ་དེ་ནས་གཞི་ནས་གསལ་སྒྲོན་དྲུད་འགྲོ་བའི་ཤིང་རྟ་འཁོར་ལོའི་རྗེས་ཟིན། ཁ་བའི་འདུ་འཛིའི་ཀློང་ནས་ཁོས་གསལ་སྒྲོན་གྱི་ཕ་བློ་བཟང་དང་མ་བཟང་མོ། དེ་མིན་གསལ་སྒྲོན་གྱི་ཕུ་བོ་འབྲུག་བྱམས་བཅས་ཀྱི་རྒྱབ་གཟུགས་མཐོང་། ཁོའི་ཕ་རྒན་དབུགས་ཧལ་ཧལ་གྱིས་ཤིང་རྟ་འཁོར་ལོའི་རྗེས་ཟིན་དུས་ཨེན་ཙམ་མིན་ན་རྡོག་འདྲེད་ཤོར་ནས་ཐང་ལ་བརྡབས།

“ངས་གོ་མ་ཐག་ལམ་སེང་ཐོན་ཡོང་པ་ཡིན”སྙན་གྲགས་ཀྱིས་དེ་ལྟར་གསལ་སྒྲོན་གྱི་ཁྱིམ་མི་ཚོར་བཤད།

“ཁྱོད་ཀྱིས་གོ་བ་ལས་ཁྱོད་ཀྱི་ཐན་ཕྲུག་དེས་གོ་ན་རབ་རེད”གསལ་སྒྲོན་གྱི་ཕ་བློ་བཟང་གིས་དེ་ལྟར་གདོང་བ་ནག་རོག་གེར་ལན་བཏབ།

“ད་ཐན་ཕྲུག་བརྒྱ་ཡིན་རུང་ངའི་ཐན་ཕྲུག་རེད།  བུ་ལོན་ཅི་ཡོད་ན་ངས་གསབ་ཆོག” ཁོའི་ཕ་རྒན་གྱིས་དེ་ལྟར་དགོངས་དག་ལྟ་བུ་ཞིག་ཞུས།

“ཁྱོད་ཀྱིས་གསབ་ཐུབ་བམ། གསབ་ཐུབ་ན་ཁྱོད་ངའི་བུ་མོའི་མག་པར་འདུག་རྒྱུ་ཡིན་ནམ”བློ་བཟང་གི་སྐད་མགོ་ཇེ་མཐོར་གྱུར་སོང་།

“བློ་བཟང་།  སྐད་ཆ་ཡོད་ན་ཡག་པོར་བཤད་ཆོག  སྙིང་འཕྱས་དེ་འདྲ་མ་གཏོང” ཁོའི་ཕ་རྒན་གྱི་སྐད་མགོ་ཡང་ཇེ་མཐོར་གྱུར་སོང་།

“ངས་སྙིང་འཕྱས་བཏང་བ་ཡིན།  ཁྱོད་ཀྱིས་ཅི་བྱའམ།  ཁྱོད་ཀྱི་ཁྱི་ཕྲུག་དེ་སྡུག་ཤི་རྒྱོབ་ཤོག གལ་ཏེ་མ་ཤི་བར་ནམ་ཞིག་ལ་ངའི་མདུན་དུ་ཡོང་ན་ངས་དེའི་ཤུན་ལྤགས་ཚ་མོར་བཤུ་ངེས།  ཁྱོད་ཀྱིས་ཅི་བྱའམ”གསལ་སྒྲོན་ཕ་རྒན་གྱིས་དྲེལ་རྒན་སྔོ་ལྡང་གི་སྲབ་མདའ་བུ་འབྲུག་བྱམས་ཀྱི་ལག་ཏུ་བཞག་ནས་ཚུར་ངར་ཤུགས་ཀྱིས་ཤོར་ཡོང་ནས་བཤད་པ་དང་། ཁོའི་སྨིན་མ་སྟུག་པོ་དེའི་སྣེ་མོ་ཡང་ཡར་འཕྱོ་ཙམ་འཕྱོ་ཙམ་བྱེད་ཅིང་། ཁ་ཆུའི་ཟེགས་མ་མང་པོ་ཞིག་སྙན་གྲགས་ཀྱི་གདོང་དུ་འཐོར་ཡོང་།

“ཨ་རོགས་བློ་བཟང་། ངའི་བུ་ཡང་ཅི་བཤད་ཀྱང་ཤ་ལས་མཆེད་པའི་བུ་ཕྲུག་ཡིན། དེས་མི་ཚད་ད་ལྟ་མི་ཡུལ་ས་མཐའ་ཞིག་ན་སྐྱིད་སྡུག་ཆ་མེད་དུ་ཡོད།  ཁྱོད་ཀྱིས་ད་དུང་དེ་ལྟར་དམོད་བོར་དང་། ངས་རང་དགར་མི་བསྐྱུར” ཁོའི་ཕ་རྒན་ཡང་ཁོང་ཁྲོ་ལངས་བྱུང་།

ཉིན་དེར། གསལ་སྒྲོན་ཤིང་རྟའི་འཁོར་སྒམ་དུ་ཟུག་གཟེར་གྱིས་མནར་ནས་རྣམ་ཤེས་ལུས་ཀྱིས་མི་ལྕོག་པའི་སྐབས་སུ་རང་གི་ཕ་རྒན་དང་ཁོའི་ཕ་རྒན་གཉིས་དེ་ལྟར་ཛ་དྲག་ཆེན་པོའི་ཁ་འཛིང་གི་དབང་དུ་གྱུར་བ་ཐོས། ཁོ་མོ་ཡར་ལངས་འདོད་ཀྱང་ལུས་ཤུགས་ཅི་ཡང་མི་འདུག སྐད་རྒྱག་བསམས་ཀྱང་ངག་ནས་སྒྲ་ཅི་ཡང་ཐོན་མ་ཐུབ།

“ཁྱོད་ཐལ་བ་འགམ་དུ་ཡོང་ངམ། ཨ། ད་དུང་རྗེས་དེད་ནས་ཤོག་དང་ངའི་སྐེད་ཀྱི་གློ་གྲིས་ཁྱོད་ངོ་ཤེས་འདུག་མི་ཤེས”གསལ་སྒྲོན་གྱི་ཕ་རྒན་བློ་བཟང་གིས་ཁོའི་ཕ་རྒན་སྙན་གྲགས་ལ་ཕུད་རྒྱག་ཅིག་བྱས་པ་ན། དེ་ཁ་བའི་ནང་དུ་རྐང་འདྲེད་ཤོར་ནས་ཀན་རྐྱལ་དུ་བརྡབས་སོང་།

“ཨ་ཕ། ཁྱོད་མནའ་བཅད་གཉིས་འདི་ལྟར་འཛིང་རེས་བྱས་ན་གྲོང་མིའི་གོ་ན་ངོ་མི་ཚའམ།”བུ་འབྲུག་བྱམས་དེ་མ་ཐག་ཚུར་རྒྱུགས་ཡོང་ནས་བར་གཤོལ་བའི་སྐད་ཆ་དེ་འདྲ་བཤད་པ་དང་། ཁོས་ཨ་ཁུ་སྙན་གྲགས་ས་ནས་ཡར་བསྐྱོར་བཞིན་“ཨ་ཁུ་སྙན་གྲགས། ད་ཁྱོད་ཕྱིར་རྒྱུགས། ངའི་སྲིང་མོ་སྐྱེས་ཁག་པོར་འཕྲད་ཡོད་དུས།  མགྱོགས་ཙམ་འགྲོ་རྒྱུ་གལ་ཆེ”ཟེར།

སྐད་ཆ་དེ་འདྲ་ཐོས་སྐབས། ཁོའི་ཕ་རྒན་སྙན་གྲགས་གཞི་ནས་སྐད་ཆ་མེད་པར་གྱུར་སོང་པ་དང་རང་སོར་ནས་ཐོ་ཡོར་བཞིན་འགྲེང་ནས་བསྡད། རེད་ཨང་། བུ་མོ་གསལ་སྒྲོན་འཆི་གསོན་གྱི་གནད་འགག་ལ་འཕྲད་དུས། ཁོ་གཉིས་དེ་ལྟར་ཁ་བའི་ནང་ནས་འཛིང་རེས་བྱེད་པ་ནི་ཅི་འདྲའི་མི་འོས་པ་ཞིག་རེད་ཨང་།

ཁ་བའི་འབབ་ཞོད་ཇེ་ཆུང་ལ་འགྲོ་བའི་བཟོ་ལྟ་ཅི་ཡང་མི་འདུག མར་ནང་གྲོང་ཚོའི་མི་ཁ་ཤས་ཀྱི་མཐོང་སྣང་དུ་ཤར་བའི་ནམ་མཁའ་ནས་མེ་ཏོག་གི་འདབ་མ་འཐོར་ཡོང་ཟེར་བ་དེ་ནི་མ་གཞིར་ཁ་བའི་འདབ་མ་འདི་དག་ལ་འཁྲུལ་བ་ཡིན་ནམ། གསལ་སྒྲོན་གྱི་ཨ་མ་བཟང་མོས་འགྱིག་ཤོག་ཡར་བཀྱགས་ཏེ་ནང་དུ་དབུགས་ལྷེམ་ལྷེམ་བྱེད་བཞིན་ཡོད་པའི་གསལ་སྒྲོན་ལ་མིག་གིས་ལྟ་དུས། མིག་ཆུའི་དོག་པས་གསལ་སྒྲོན་གྱི་གདོང་བ་ཡོངས་སུ་བརླན་ཡོད་པ་མཐོང་བ་དང་། ཁོ་མོས་རང་གི་རྩུབ་རེག་ཅན་གྱི་ལག་པས་བུ་མོའི་མིག་ཆུ་འབྱིད་བཞིན་“ངའི་གཅེས་ཕྲུག་མ།  ཧུར་ཐག་བྱོས་དང་།  སྨན་ཁང་ལ་བསླེབ་ན་སྐྱོན་ཡོད་མི་སྲིད”ཅེས་སེམས་ཤུགས་སྤྲད།

“ངའི་བུ་མོར་བདེ་སྡུག་རེ་བྱུང་ཚེ། ངས་སྙན་གྲགས་ཁྱོད་ཀྱི་ཐན་ཕྲུག་དེ་རང་དགར་མི་བསྐྱུར་ཁོ་ཐག་ཡིན”ལོ་དེར་ཁོའི་ཕ་རྒན་ཁ་བའི་ནང་ནས་འགྲེང་སྟེ་གསལ་སྒྲོན་དྲུད་འགྲོ་བའི་ཤིང་རྟ་འཁོར་ལོར་མིག་སྐྱེལ་བྱེད་དུས། གསལ་སྒྲོན་གྱི་ཕ་རྒན་བློ་བཟང་ཁ་ཕྱིར་འཁོར་ནས་ཁོའི་ཕྱོགས་སུ་སྡིགས་མཛུབ་བཙུགས་དེ་དེ་ལྟར་བཤད་པ་ཐོས།

ལྔ།

ལོ་དེར། གསལ་སྒྲོན་ཡུལ་ཚོའི་སྨན་ཁང་ནས་དེ་མ་ཐག་མྱུར་སྐྱོབ་རླངས་འཁོར་དུ་བཞག་ནས་རྫོང་སྨན་ཁང་དུ་སྐྱེལ། ཡུལ་ཚོའི་སྨན་ཁང་གི་སྨན་པས་ཕ་རྒན་བློ་བཟང་ལ་“ཁྱོད་ཀྱི་བུ་མོའི་གཟུགས་པོ་སྐྱོ་བོ་འདི་འདྲ་ཇི་ལྟར་ཆགས་པ་རེད་དམ། མངལ་འཁོར་ཡོད་དུས་བཟའ་བཏུང་གི་འཚོ་བཅུད་མཁོ་བ་མི་ཤེས་སམ”ཞེས་གཤེ་གཤེ་བཏང་བྱུང་བ་དང་“ད་ནི་ཕྲུ་གུ་གཤག་ནས་ལེན་རྒྱུ་ལས་ཐབས་མི་འདུག  རྫོང་སྨན་ཁང་དུ་མྱུར་དུ་སྐྱོལ”ཟེར།

“ཁོ་མོ་སེམས་སྡུག་གིས་འདི་འདྲར་གྱུར་པ་རེད་ཨང”ཨ་མ་བཟང་མོས་འགྲམ་ནས་དེ་ལྟར་སྐད་ཤུགས་ཆུང་ངུས་ཆིག་ལབ་ལྟ་བུ་ཞིག་བརྒྱབ་པ་དང་། དེ་ནས་གསལ་སྒྲོན་གྱི་ཐོད་པའི་སྐྲ་ལོ་དེ་དག་གཞོགས་གཉིས་སུ་བྱིལ་བྱིལ་བྱས། རང་གི་མིག་ཆུ་ཡང་དབང་མེད་དུ་བུ་མོའི་གདོང་དུ་འཐོར་བ་མཐོང་བྱུང་།

ལོ་དེར། རྫོང་མི་དམངས་སྨན་ཁང་དུ་གསལ་སྒྲོན་གྱི་ལྟེ་ཞབས་སུ་རྨ་ཁ་ཆེན་པོ་ཞིག་གཤགས་རྗེས་སྨན་པ་ཚོས་ཕྲུ་གུ་དམར་འབྱར་ཞིག་བཏོན་ཡོང་བ་དང་། གཤག་བཅོས་ཁང་གི་ཕྱི་ལོགས་ཀྱི་ཁང་བའི་བར་ཁྱམས་སུ་ཡོད་པའི་ཕ་བློ་བཟང་དང་མ་བཟང་མོ།  བུ་འབྲུག་བྱམས་བཅས་ཀྱིས་ཕྲུ་གུ་ཞིག་གི་ཐོག་མའི་ངུ་སྐད་དེ་སྨན་ཁང་གི་བར་སྟོང་དག་ཏུ་གྲགས་ཡོང་བ་ཐོས།

ལོ་ཁ་ཤས་ཀྱི་རྗེས་ནས། ཕྲུ་གུ་དེ་མདོ་སྨད་མར་ནང་ཡུལ་ཕྱོགས་ཀྱི་སྐྱབས་མགོན་གཅིག་པུ་སྟེ་དུས་ཀྱི་དབང་གིས་ཀུན་གྱི་མགོན་དུ་བྱོན་པའི་སྤྲུལ་བའི་སྐུ་མར་ནང་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་བྱུང་།

ཁོང་གི<<འཁྲུངས་རབས་དུང་གི་སྒྲ་དབྱངས>>སུ། ཉིན་དེར་གསལ་སྒྲོན་གྱིས་རྫོང་སྨན་ཁང་དུ་སྤྲུལ་སྐུ་བལྟམས་པའི་ངང་ཚུལ་འདི་ལྟར་འཁོད་ཡོད་དེ། ཁོང་གིས་ཀྱང་བདག་ཅག་གི་མཉམ་མེད་སྟོན་པ་གང་དེ་དང་ཐོག་མི་ཡུལ་དུ་བལྟམས་པའི་ངང་ཚུལ་ལྷུར་བཞེས་ཀྱིས་ཡུམ་གྱི་རྩིབས་མའི་བར་ནས་ཐོན་སོང་ཟེར། གང་ལྟར་ཀྱང་ལས་དང་བསོད་ནམས་ཀྱི་དབང་གིས་བུ་མོ་གསལ་སྒྲོན་གྱིས་ལོ་དེར་སྟོན་པའི་ཡུམ་སྒྱུ་འཕྲུལ་མ་བཞིན་བཙས་མ་ཐག་པའི་ཕྲུ་གུ་དམར་འབྱར་དེ་བཞག་ནས་ཕྱི་མའི་འཕྲང་རིམ་འགྲིམ་དགོས་མ་བྱུང་།  ཁོ་མོ་སྨན་ཁང་དུ་བདུན་ཕྲག་གཅིག་ལ་བསྡད་པ་དང་། དེའི་རིང་ལ་འགྱིག་གི་སྦུ་གུའི་ནང་ནས་འཚོ་བཅུད་ཀྱིས་ཁེངས་བའི་སྨན་ཆུ་དྭངས་མོ་དེ་ཁོ་མོའི་ཚེ་སྲོག་གི་འདབ་མ་རྙིད་པར་འགྱུར་བཞིན་པའི་མེ་ཏོག་གི་རྩ་ལམ་དུ་བཞུར་ཏེ། ཡར་སྔོན་གྱི་བཀྲག་མདངས་ཀྱང་སླར་སོས་ཙམ་བྱུང་སོང་།

གསལ་སྒྲོན་སྨན་ཁང་དུ་སྡོད་པའི་སྐབས་སུ། ཁོའི་ནང་མི་སུ་ཡང་ཁམས་བདེ་འདྲི་རུ་མ་ཡོང་། ཉིན་དེར་ཁ་བའི་ནང་གི་ཁ་འཛིང་ལག་འཛིང་དེའི་རྗེས་ནས་མ་གཞིར་མནའ་བཅད་ཡིན་པའི་ཁྱིམ་ཚང་དེ་གཉིས་གྱོད་ཡར་གྱུར།  བུ་ཆུང་དྲན་པའི་གདུང་བའི་གཟིར་བའི་ཁོའི་ཨ་མ་ཐར་མོས་རང་གི་ཁྱོ་ག་སྙན་གྲགས་ཀྱི་ངག་ནས་བློ་བཟང་གིས་རང་གི་བུ་ལ་དེ་ལྟར་དམོད་མོ་བོར་བ་ཐོས་རྗེས་“མི་ངན་དེའི་ཁ་ཐལ་བས་ཆོད”ཟེར་བ་དང་། དེ་ནས་“སྐལ་བ་འགྱུར་ན།  དོན་འདི་འདྲ་ཡང་ང་ཚོར་ངན་ཁག་འགེལ་ཡོང་། ད་ནས་བཟུང་དེ་ཚང་དགྲ་ཡི་གྱོད་ཡར་མི་འཛིན་རུང་གཉེན་གྱི་དཔུང་ཡར་མི་འགྱུར་བར་ཤོག”ཅེས་ཁོང་ཁྲོ་ཆེན་པོས་སླ་ང་དང་ཐོམ་བུར་ཁྲོག་སྒྲ་སྒྲོག་བཞིན་བཤད་བྱུང་།

གསལ་སྒྲོན་གྱིས་རྫོང་སྨན་ཁང་ནས་ཕྲུ་གུ་བཙའ་བའི་ཉིན་མོ་དེར། ཁོ་སྟོད་ཕྱོགས་མངའ་རིས་ཀྱི་ས་མཐའ་ཞིག་ནས་གངས་རི་བརྒལ་ཏེ་རྒྱ་གར་ཏུ་འབྲོ་བཞིན་ཡོད། ས་མཚམས་ནས་གོམ་པ་ཕར་སྤོས་པ་ཙམ་གྱིས། ཁོ་རང་གངས་དཀར་གཡུ་སྒྲོན་མས་ཇི་ལྟར་སྒུག་ཀྱང་ཕྱིར་ལོག་རྒྱུ་མེད་པའི་མི་དེ་ནང་བཞིན་དུ་གྱུར་སོང་། མ་གཞིར་མར་ནང་གྲོང་ཚོའི་ཕྱི་རོལ་ཏུ་ཐོན་ནས་རྒྱང་ལ་གྱེས་མཁན་གྱི་མི་དག་གི་ལས་དབང་ནི།  སྔ་མོ་སྔ་མོ་ཞིག་ནས་བཟུང་དེ་ལྟར་ཡུལ་དེའི་གཞི་བདག་གི་བརྩེ་དུང་གི་གཏམ་རྒྱུད་དེའི་ཐག་བཅད་ཚར་ཡོད་པ་ཡིན་ནམ། དེ་ནི་གསལ་སྒྲོན་གྱི་ཨ་མ་བཟང་མོས་ལབ་པའི་ཁྲེགས་ཟེར་བ་དེ་ཡིན་ནམ། ལོ་དེར་ཁོ་དེ་ལྟར་རྒྱལ་མཚམས་བརྒལ་ནས་ཕར་བསྐྱོད་དུས། རང་ཉིད་དུས་ནམ་ཞིག་ལ་གངས་ལམ་བརྒྱུད་ནས་ཕྱིར་ལོག་ཐུབ་བམ་སྙམ་པ་དང་། མདུན་ཕྱོགས་སུ་མིག་གིས་ལྟ་དུས་གོམ་པ་ཁ་ཤས་ཀྱི་མཚམས་ན་འགུལ་བཞིན་པའི་འགྲོ་རོགས་དག་གི་རྒྱབ་གཟུགས་ཙམ་ལས་ཡོད་ཚད་དེ་ལྟར་སྨིག་ལོང་གིས་བཏུམས་ནས་རབ་རིབ་ཏུ་གྱུར་འདུག རེད་ཨང་། ལོ་དེ་དག་ལ་ཁོ་ནི་སྨིག་ལོང་ནང་གི་ཕྲུ་གུ་མགོ་འཁོར་ཞིག་དང་འདྲ།  རབ་རིབ་ཀྱི་སྨིག་ལོང་དེ་ཁོའི་སེམས་གྱི་རྫ་མགོར་འཐིབས་ནས་སངས་མཐའ་མེད། ཁོས་རང་གིས་དེ་ལྟར་ས་མཚམས་ཀྱི་གངས་རི་བརྒལ་ནས་རྒྱུས་མེད་གཞན་ཡུལ་སྙེགས་པ་དེ་ཡང་ཡང་དག་ཅིག་ཡིན་མིན་ལ་ཐག་གཅོད་རང་བཞིན་གྱི་བསྡོམས་ཚིག་ཅི་ཡང་འགོད་མ་ཐུབ།

ཉིན་དེར། ཁོས་གངས་ལམ་གྱི་ཉག་ཀ་དེ་བརྒལ་སྐབས། ཕྱི་མིག་གི་ལམ་ནས་རང་གི་ཕ་མ་རྣམ་གཉིས་དང་ཕུ་ནུ་སྤུན་མཆེད་དག་གི་ངོ་གདོང་ཞེ་ལ་འཁྲེང་བྱུང་།  ལོ་ངོ་བཅུ་ཕྲག་ཙམ་གྱི་རིང་ལ། ཁོ་ཕ་མ་སྤུན་མཆེད་དང་ཡང་ཡང་གྱེས་ནས་མར་ནང་ལུང་བའི་ཕྱི་རོལ་གྱི་སློབ་གྲྭ་དེ་དག་ཏུ་བསྐྱོད། ཁོ་ཚོ་ཡང་ཁོ་དེ་ལྟར་ཡང་ཡང་གྱེས་པར་གོམས་ཡོད། འོན་ཀྱང་།  ཁོ་དེ་ལྟར་བོས་ན་རྣ་ཡིས་མི་གོ་བ་དང་བལྟས་ན་མིག་གིས་མི་རིག་པའི་རྒྱུས་མེད་ཀྱི་མི་ཡི་ལུང་པ་ས་ཐག་དེ་འདྲ་རིང་པོ་ཞིག་ཏུ་གྱེས་འགྲོ་བ་ཁོ་ཚོའི་བསམ་པའི་རྒྱ་ལ་ཡང་འཆར་ཡོད་མི་སྲིད། ཁོ་དེ་ལྟར་ཡང་ཡང་གྱེས་ནས་ཡང་ཡང་ལོག་ཡོང་པས། ཁོ་ཚོས་ཐེངས་དེར་ཡང་ཁོ་གྱེས་ཐེངས་སྔོན་མ་ནང་བཞིན་ཕྱིར་ལོག་ཡོང་ངེས་པར་རིགས་འདེད་བྱས་ཡོད་ངེས། ཐ་ན་རིགས་འདེད་ཀྱང་བྱས་མེད་ལས་ཆེ་སྟེ་ངང་ཚུལ་དེ་འདྲར་གོམས་ཡོད་པས་རིགས་འདེད་ཀྱང་བྱེད་མི་དགོས་པ་འདྲ།

དོན་དམ་དུ་འཇིག་རྟེན་འཚོ་བའི་ནང་གི་དོན་མང་པོ་ཞིག་ནི་རིགས་འདེད་ཀྱིས་རྟོགས་ཐུབ་པ་ཞིག་ཡིན་ནམ།

མར་ནང་ལུང་བ་ནས་ཐོན་ཁའི་ཉིན་མོ་དེའི་ཞོགས་པར། ཁོས་ཞོགས་པའི་ཉི་ཟེར་ཁོ་ཚང་གི་གཞིས་ཀའི་གྲུ་ཟུར་གྱི་ཁང་ཀླད་དུ་རྩེང་ཡོད་པའི་དར་ལྕོག་དེའི་ཐོག་འཕྲོས་ཡོད་པ་མཐོང་ཞིང་། དར་ལྕེ་ཟད་པོ་དེ་འགུལ་ཙམ་ཡང་མི་བྱེད། ཁོའི་ཨ་མ་ཐར་མོས་ཁྱམས་ར་ན་ཚ་བསུར་ཕུད་ཅིང་ཁ་ནས་མ་ཎི་འདོན་མཚམས་བཞག་སྟེ་ཕྱི་སྒོར་ཐོན་བཞིན་པའི་ཁོའི་རྒྱབ་གཟུགས་ལ་ཕྱོགས་ནས་“དོན་དག་མེད་ན་ཕྱིར་སྔ་ཙམ་ལོག་ཤོག”ཅེས་བཤད་བྱུང་། ཚ་བསུར་གྱི་བསུང་ངད་ཅིག་མཁའ་དབུགས་ཁྲོད་ཁྱབ་ཡོང་བ་དང་གོམས་འདྲིས་སུ་གྱུར་བའི་དྲི་མ་དེ་ལོ་ངོ་དུ་མའི་རྗེས་ནས་ཁོའི་ས་མཐའ་ནས་མིག་ཟུང་བཙུམ་ཏེ་སྣོམ་ཙམ་བྱས་ཀྱང་ད་དུང་ཡང་སྣོམ་བྱེད་ཀྱི་དབང་བོས་ཚོར་ཐུབ་པ་འདྲ། ཁོ་ཕྱི་ལ་ཐོན་དུས་སྒོ་ཁའི་ཁྱི་ཁུང་ནང་ཀུམ་ཀུམ་གྱིས་ཉལ་ཡོད་པའི་ཁྱི་རྒན་དེས་ཀྱང་མགོ་བོ་མགྱོགས་ཙམ་ཡང་མི་བྱེད། དེ་ལྟར་སྣོད་བཅུད་ཡོད་ཚད་རྟེན་འབྲེལ་གྱིས་བསྡེབས་པའི་རྒྱུན་ལྡན་གྱི་སྟོན་མཇུག་གི་ཞོགས་པ་དེ་ལ། ཁོ་ཡུལ་སྡོང་གི་ཡལ་ཀ་ནས་ཟགས་ཡོང་བའི་ལོ་མ་སྐམ་པ་དེ་དག་གི་ཐོག་སྤོ་བཞིན་མར་ནང་ལུང་བ་དང་གྱེས། ཉིན་དེར་གངས་ལམ་བརྒལ་སྐབས་ཁོ་དབང་མེད་དུ་རང་གི་ཕ་མ་སྤུན་མཆེད་དག་ལ་ཞེ་འཁྲེང་བྱུང་། མི་ཚེ་འདིར། ཁོ་ཚོ་དང་ཁྱིམ་ཚང་གཅིག་གི་སྐྱེས་བ་བླངས་ན་ཡང་། ཁོ་དེ་ལྟར་ཁོ་ཚོ་དང་བརྩེ་མེད་ཀྱིས་བྲལ་ནས་ཐག་རིང་མི་ཡུལ་དུ་གྱེས་སོང་། ཁོ་ནི་ཅི་འདྲའི་མི་ཁྲེལ་མེད་ཅིག་རེད་ཨང་།

གངས་ལམ་བརྒལ་བའི་ཉིན་དེར། ཁ་བའི་འདུ་འཛིའི་ཀློང་ནས་ཁོས་ད་དུང་གྲོང་ཚོའི་ནང་གི་བུ་མོ་གསལ་སྒྲོན་ཡིད་ལ་དྲན་བྱུང་། བུ་མོ་གསལ་སྒྲོན་ལ་མ་བཅོས་ལྷུན་གྱིས་གྲུབ་པའི་སྨིན་མ་པིར་གྱིས་བྲིས་པ་ལྟ་བུ་ཞིག་ཡོད་ཅིང་། ཡིད་འོང་གི་སྨིན་མ་དེ་ཁོས་ཇི་ལྟར་བྲིས་ཀྱང་རི་མོར་འཁྱོངས་མ་ཐུབ། ཁོ་མོས་མིག་གིས་ཡོན་པོར་ལྟ་བའི་འཛུམ་པའི་བཞིན་རས་དེ་ཡིད་ལ་དྲན་ཡོང་དུས་སེམས་སུ་སུ་ཞིག་གིས་སྦར་བགྲད་བྱེད་པ་ནང་བཞིན་ན་ཟུག་བཏང་ཡོང་། ཁོ་གཉིས་མཉམ་དུ་བཤིབས་པའི་ཟླ་བ་གཉིས་ཀྱི་རིང་ལ། གསལ་སྒྲོན་གྱིས་གྲོང་ཚོའི་ནང་གི་མི་ཁ་དེ་འདྲ་མང་པོ་ཞིག་རྒྱབ་ཏུ་བསྐྱུར་ནས་ཁོ་དང་མཉམ་དུ་མར་ནང་ཞིང་ཁུག་ནས་ཡང་ཡང་འཛོམས་པ་དང་། ཁོ་མོས་ངལ་རྩོལ་གྱིས་རྩུབ་རག་ཅན་དུ་བསྒྱུར་བའི་ལག་སོར་གྱིས་མཚམས་རེར་ཁོའི་སྐྲ་ལོ་རིང་པོ་དེ་གཞོགས་གཉིས་སུ་ཤད་པ་དང་། དེ་ནས་དགོད་པའི་སོ་ཕྲེང་དཀར་པོ་ཕྱི་རུ་ངོམས་བཞིན་“གྲོང་ཚོའི་ནང་དུ་ཁྱོད་མ་གཏོགས་སྐྲ་ལོ་རིང་པོ་འདི་འདྲ་ཞིག་འཇོག་པའི་མི་ཞིག་ཡོད་དམ” ཟེར།

“ཡིན་ན་ཡང་། ང་ཁྱོད་ཀྱི་སྐྲ་ལོ་རིང་པོ་འདིར་དགའ་པོ་འདུག” གསལ་སྒྲོན་གྱིས་དེ་ལྟར་ཟེར།

“ཁྱོད་ངའི་སྐྲ་ལོར་དགའ་བ་མ་རེད། ང་ལས་བྱེད་པར་འགྱུར་རྒྱུ་དེར་དགའ་པོ་ཡོད་པ་རེད”ཁོས་དེ་ལྟར་ཁོ་མོར་ཟུར་ཟ་བྱས་མྱོང་།

“དང་ཐོག་དེ་འདྲ་ཡིན་ཡང་། ད་ནི་ཁྱོད་ཞིང་ལས་བ་ཡིན་ཡང་ང་དགའ་པོ་ཡོད”གསལ་སྒྲོན་ཁོར་དམ་པོར་འཐམ་ནས་དེ་ལྟར་བཤད་པ་དང་། “ཡིན་ན་ཡང་།  ཁྱོད་ལས་བྱེད་པར་གྱུར་ཚེ། ང་ལས་བྱེད་པའི་ཆུང་མར་འགྱུར་ངེས་ལ། དེ་དུས་ངེད་གཉིས་ལ་མི་ཁ་གཏོང་མཁན་གྱི་གྲོང་མི་དེ་དག་མིག་སེར་གྱིས་འཆི་ལ་ཁད་བྱེད་ངེས”གསལ་སྒྲོན་གད་མོ་དགོད་པ་དང་སྐད་ཆ་དེ་ནི་རང་གིས་རང་ལ་ལབ་བཞིན་ཡོད་པ་དང་མཚུངས། ལོ་དེ་ལ། གསལ་སྒྲོན་གྱིས་སྐྲ་ལོ་རིང་པོར་བསྐྱུར་བའི་ཁོ་དང་ལྷན་དུ་གྲོང་ཚོའི་ནང་གི་སྲོལ་རྒྱུན་དང་འགལ་བའི་ལས་དེ་འདྲ་བསྒྲུབས་ཤིང་། མར་ནང་གྲོང་འདབས་ཀྱི་ཞིང་ཁུག་ནས་ཁོ་དང་ཐང་ཉལ་ཡང་ཡང་བྱས། དེ་བས་གྲོང་ཚོའི་ནང་དུ་ཁོ་གཉིས་ཀྱི་མི་ཁ་རླུང་ལྟར་གཡུགས་ཤིང་། རླུང་ཇི་ལྟར་ཤུགས་ཆེ་ན་ཁོ་གཉིས་ཀྱི་བརྩེ་དུང་གི་དར་ལྕོག་དེ་ལྟར་ལྷབ་ལྷུབ་ཏུ་བསྐྱོད།

ལོ་དེ་ལ། ཁོ་མར་ནང་གྲོང་ཚོ་ནས་རྨས་ཕོག་པའི་བྱ་གཤོག་ཐོགས་ཤིག་དང་མཚུངས་པར་ལུས་སྐབས། གསལ་སྒྲོན་གྱི་ཞི་འཇམ་དང་། གསལ་སྒྲོན་གྱི་བརྩེ་དུང་གིས་ཁོའི་རྨ་ཁ་ལ་བྱིལ་བྱིལ་ཡང་བྱས་མྱོང་། ཡིན་ན་ཡང་། ཁོས་དེ་ལྟར་མར་ནང་གྲོང་ཚོའི་མཛེས་མ་རྩེ་གྲ་དེར་ཁྲེལ་མེད་བྱས། གངས་ལམ་བརྒལ་སྐབས། ཁོ་གསལ་སྒྲོན་ལ་ཡང་སེམས་པ་འཁྲེང་ཙམ་བྱུང་། ཁོ་ནི་མི་ཅི་འདྲའི་ཁྲེལ་མེད་ཅིག་རེད་ཨང་།

གང་ལྟར་ཀྱང་། གསལ་སྒྲོན་གྱིས་ཕྲུ་གུ་བཙའ་བའི་ཉིན་མོ་དེར་ཁོས་སྟོད་ཕྱོགས་མངའ་རིས་ཀྱི་ས་མཚམས་ཤིག་ནས་གངས་ལམ་བརྒལ་བཞིན་ཡོད་ཅིང་། སེམས་ནང་དུ་རང་གིས་རང་ལ་ལེ་བདའ་བྱེད་བཞིན་ཡོད།

རྩོམ་ཁུངས། མཆོད་མེ་རྩོམ་རིག་དྲ་བ།

ལྷ་བྱམས་རྒྱལ། མཚོ་སྔོན་ཁྲི་ཀའི་མི། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *