རྒུད་བཞིན་པའི་ཕ་ཁྱིམ།
རྩོམ་ཡིག་འདི་ཐེངས་ 479 བཀླགས་འདུག
རྒུད་བཞིན་པའི་ཕ་ཁྱིམ།
རྩེ་ཐང་ལྷ་མོ། རྨ་ལྷོ།
སྔོན་རབས་ལོ་ཡི་དུས་རབས་ཤིག་ལ་ས་སྒང་རིལ་མོའི་ཡང་རྩེ་སྟེ།།
བདག་གི་ཕ་ཁྱིམ་སྦྲ་ནག་གྲུ་བཞིར་རེ་ཞིག་འབྱོར་བའི་གཡང་ཞིག་འཁྱིལ།།
མི་ནུབ་གསེར་གྱི་རྒྱལ་མཚན་བསྒྲེངས་ནས་གོ་ལའི་མཐའ་བཞིར་མངའ་ཐང་རྒྱས།།
གཡང་ར་སྒོ་བཞི་འཛིན་མར་ཁྱབ་ཅིང་སྦྲ་ནག་ཚོམ་བུ་ཚོམ་བུར་བཀྲ།།
ཡངས་པའི་རྩྭ་ཐང་གཙང་ཞིང་སྙོམས་ལ་ཕ་ཁྱིམ་སྦྲ་ནག་བདེ་ཞིང་སྐྱིད།།
ནོར་མོ་ནག་གི་རྩིད་ལས་བཏགས་པའི་མེས་པོའི་རེ་སྦྲ་སྨུག་པོ་འདི།།
གཡོ་མེད་བརྟན་ཞིང་གཡོ་བའི་ཚུལ་ལ་ཞིབ་ཏུ་བསམས་ཚེ་རེ་ཞིག་མཚར།།
གཞན་བདེ་ཆེད་དུ་ཀྲོང་ངེར་འགྱིངས་ནས་གཅེས་སྲོག་ཤོར་བའི་དཔའ་བོ་སྙམ།།
མར་གད་ཁུ་བས་ཡོངས་སུ་བྱུགས་པའི་འབྲོག་པའི་རྩྭ་ཐང་ཡངས་མོ་རུ།།
གྲུ་བཞི་ཁང་པ་གསར་དུ་བསྐྲུན་ནས་རྒྱང་ནས་བལྟས་ན་མིག་ལ་འཚེར།།
དུས་རབས་གསར་པའི་འཚོ་བ་འདི་ལ་སྨོན་ནས་གདོང་པ་འཛུམ་གྱིས་ཁེངས།།
བདག་གི་མེས་པོའི་རེ་སྦྲ་སྨུག་པོ་མཁོ་མེད་ཕྱག་གིས་རྒྱང་དུ་གཡུགས།།
ལ་ལས་སྔོན་ཐོན་ལམ་ལ་ཕྱོགས་ན་འདི་ནི་མཁོ་མེད་ཡིན་སྲོལ་ལབ།།
ལ་ལས་མགོ་འཐོམ་བར་མ་དོ་ན་ཁ་ཕྱོགས་མ་རྙེད་བག་ལ་འཁུམ།།
ལ་ལས་མཐོང་ཚད་ལད་མོ་བྱས་ནས་མེས་པོའི་སྲོལ་བཟང་རྒྱང་ལ་སྤྱུགས།།
ལ་ལས་དུས་ཀྱི་འགྱུར་བ་བསྟུན་ན་དུས་ཀྱི་ཆོས་ཉིད་ཡིན་སྲོལ་བཤད།།
གང་ལྟར་དུས་རབས་གསར་པ་འདི་ན་ཡབ་མེས་དག་གི་སྲོལ་བཟང་དབེན།།
ཡབ་མེས་དག་གི་སྲོལ་རྒྱུན་བཟང་པོ་འདི་ལྟར་ཚར་ན་ཡིད་རེ་སྐྱོ།།
རྒྱང་ནས་བལྟས་ན་བདག་གི་ཕ་ཁྱིམ་རྩྭ་ཐང་ཡིན་པར་མངོན་ན་ཡང་།།
ཕ་ཁྱིམ་རེ་སྦྲ་གང་དུ་བཞུད་པ་སུས་ཀྱང་མ་ཚོར་འཕྱང་མོ་ཉུག།
བསམ་ཚུལ་ཕྲིས།