རེ་བས་གསོན་པ།
རྩོམ་ཡིག་འདི་ཐེངས་ 342 བཀླགས་འདུག
རེ་བས་གསོན་པ།
ཨོ་གླིང་། རྫ་ཚེ་རིང་བཀྲ་ཤིས།
ཉི་མའི་འོད་ཀྱིས་འཁྲི་ཤིང་འདབ་མ་སྒུལ།།
སེམས་ཀྱི་མེ་ཏོག་གསོན་པའི་ཕྱོགས་སུ་བཞད།།
རེ་བའི་མཁའ་དབུགས་རྩྭ་ཡན་གསེང་ནས་སད།།
མི་ཡི་ཡུལ་དེར་བདག་གི་རྨི་ལམ་མཆིས།།
ཞིང་ཁའི་བུ་མོའི་རྣ་རྩ་རྔུལ་ཆུས་རློན།།
མཚར་འཛིན་མིག་གིས་རྒྱུས་མེད་མགྲོན་ལ་ལྟ།།
རི་སུལ་མེ་ཏོག་དག་དང་རྦབ་ཆུ་བཞིན།།
འཁོར་བའི་ཡུལ་ན་སྒྱུ་མའི་འཕྲུལ་སྣང་བརྩེན།།
ཁང་སྟོང་ནང་དུ་ཕྱུགས་རྫིས་ལྡེབ་རིས་དབྲལ།།
གཏམ་རྒྱུད་ཕལ་ཆེར་ཚིལ་དྲེག་སྣོམ་གྱིན་བཞུད།།
འོན་ཀྱང་རེས་ལ་འཁོར་བའི་ཉི་མ་དག།
ཁར་རྩང་བཞིན་དུ་སང་ཉིན་འཆར་བར་ངེས།།
མི་ཡི་ཁམས་ཀྱི་ས་ཡོམ་མང་པོ་དག།
གས་སྲུབས་རེ་ན་སྐྱོ་བའི་གཏམ་རྒྱུད་རེ།།
གཞུ་སྦྲེང་པང་དུ་བླངས་པའི་དལ་ཅིག་དེར།།
རྒྱུད་སྐུད་ཕལ་ཆེར་ཚེར་མའི་མེ་ཏོག་གོ།
ཀྱེ་མ་ཁོ་བོ་ཧ་ཅང་ཉམ་ཆུང་སྟེ།།
རོལ་དབྱངས་འདི་ཡིས་ཤ་ཡང་སྐེམ་ལགས་སོ།།
འོན་ཀྱང་ཤིན་ཏུ་གདུང་བའི་མིག་ཀོང་འདིས།།
ཁྱོད་ལ་ཐ་མའི་སྐྱེལ་ཐུང་བྱེད་པར་ངེས།།
བསམ་ཚུལ་ཕྲིས།