མཚན་མོའི་སྐྱོ་མགུར།
རྩོམ་ཡིག་འདི་ཐེངས་ 491 བཀླགས་འདུག
མཚན་མོའི་སྐྱོ་མགུར།
སྒོམ་སྐལ། བོད།
མི་ཚེ་འདི་འོ་སྙམ་པའི་ངེས་གཏན་ནི་མ་མཆིས།།
བྱ་བ་དེ་སྒྲུབ་བསམ་པའི་འཆར་ཅན་ནི་མི་འདུག།
གཏད་སོ་གང་ཡང་མེད་པར་ཉིན་གང་ལ་བྲེལ་རྗེས།།
ཉལ་ཁའི་སྣང་བ་མག་མོག་སྐྱོ་ཤས་ཀྱིས་དུབ་སོང་།།
ལོ་དགུའི་ཐེམ་སྐས་ཙམ་ཞིག་ལོ་ཚོད་ཀྱིས་བརྒལ་རུང་།།
མདོ་སྔགས་ཐོས་རྒྱ་མ་ཆོད་བྱ་མིང་གི་བྱིའུ་གཤོག།
རིག་པའི་ཕ་མཐའ་བརྒལ་དགོས་ལྡོག་མེད་ཀྱི་བཀའ་ཤོག།
མི་ཐེག་ཁུར་ཆེན་འདེགས་པའི་ལུས་སེམས་དེ་འདར་སོང་།།
ཁ་སང་ཁ་ཆད་ནན་མོ་དེ་རིང་ནི་འགྱུར་བཞག།
དེ་རིང་འཆར་གཞི་གསར་པ་སང་ཉིན་ལ་ཅི་ཆ།།
གང་ཡང་ཡིད་རྟོན་མེད་པའི་དེང་ཞག་གི་ཉི་མས།།
མི་ཚེ་ལྗོངས་རྒྱུ་ཡིན་པའི་དྲན་སྐུལ་དེ་བྱས་སོང་།།
སྐྱིད་སྡུག་རེས་མོས་ཤར་བ་མི་རྟག་གི་ཆོས་ཉིད།།
སེམས་གསོ་གཏོང་རེས་བྱེད་པ་མི་ཆོས་ཀྱི་གཏན་ཚིགས།།
བཤད་ན་མི་རེའི་ཁ་ན་གནས་ལུགས་རེ་ཡོད་ཀྱང་།།
བླངས་ན་མི་རེའི་ལག་ན་སྡུག་བསྔལ་རེ་ཡོད་འདུག།
ལོ་མང་ཐོས་པ་བྱས་པའི་དོན་གོ་ཞིག་མེད་ན།།
ལོ་ཆུང་ལང་ཚོ་ཡལ་བའི་སེམས་པ་དེ་ཕངས་སོང་།།
དཔྱད་ན་སྙིང་པོ་མེད་པའི་དོན་མེད་ཀྱི་ལས་ལ།།
ཡུན་ཐུང་མི་ཚེ་ཟད་པའི་ངང་ཚུལ་འདི་སྐྱོ་བ།།
གང་དུ་སོང་ཡང་གཏན་སྡོད་ཁྱིམ་གཞིས་ཤིག་མ་རྙེད།།
མ་ངེས་སྐྱིད་སྡུག་རོལ་རོགས་ཚོང་འདུས་ཀྱི་གྲོགས་ལ།།
ཡིད་ཆད་སུན་གཙེར་མ་བྱེད་མཛའ་བ་ཡིས་སྦྲེལ་དང་།།
རེ་ཞིག་མི་ཡུལ་ལུས་པའི་དོན་གོ་དེ་ཆོད་འགྲོ།།
༢༠༡༦-༣-༢༩
བསམ་ཚུལ་ཕྲིས།