དཀར་ཟས་ལ་རོལ་བར་སྐུལ་བའི་སེམས་ཀྱི་ཅོང་བརྡ།
རྩོམ་ཡིག་འདི་ཐེངས་ 379 བཀླགས་འདུག
དཀར་ཟས་ལ་རོལ་བར་སྐུལ་བའི་སེམས་ཀྱི་ཅོང་བརྡ།
སྒྲ་དབྱངས་སྲས་མོ། བྲག་མགོ
འཕགས་མཆོག་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས།།
བདག་གི་རྣམ་དག་སེམས་ཀྱིས་སྨྲས་པ་ཡི།།
གཏམ་འདིས་ཉམ་ཆུང་དུད་འགྲོའི་གཅེས་པ་སྟེ།།
ལུས་དང་སྲོག་ལ་སྲི་ཞུ་ནུས་པར་ཤོག།
གདོད་མའི་མི་རབས་བཟང་པོས་ཡར་ཀླུང་གི།
ཟོ་དང་ཞིང་ནས་བསྐྲུན་པའི་ལོ་ཏོག་འབྲས།།
ནས་ཀྱི་སྦྲང་དཀར་རྩམ་པའི་ཟས་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
གཤིན་པོའི་ས་རུ་ལྗང་མྱུག་སྨིན་པའི་དཔལ།།
གསེར་མདོག་སྙེ་མས་བཀླུབས་པའི་འབྲས་བུའི་ཕོན།།
གྲོ་ཡི་བག་ཕྱེའི་ཟས་རིགས་འགའ་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
ལས་བརྩོན་མི་བུས་ཕ་ཞིང་གྲུ་བཞི་ནས།།
ལྷད་མེད་ལེགས་པའི་ཐོན་སྐྱེད་འབྲས་བུའི་མཆོག།
སྲན་མའི་འབྲས་གསར་ཞོག་དམར་ཟས་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
མཐོ་སྒང་ཁ་བ་དཀར་པོའི་གཞིས་ཡུལ་གྱི།།
དཔའ་བོའི་མི་རྒྱུད་སྔ་མའི་འཚོ་བ་གང་།།
བཅུད་ལྡན་འབྲུ་མར་སེར་བོའི་ཟས་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
གཡང་ནོར་ཕྱུགས་རིགས་འཕེལ་བའི་འབྲོག་ཡུལ་ནས།།
གངས་ཀྱི་མ་ཡུམ་བདག་མོའི་ཐོན་རྫས་ཀྱི།།
དཀར་པོ་ཆུར་བའི་ཟས་ཀྱི་ཕུད་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
སྐྱུར་བར་འདོད་ན་དེ་ཡི་བྲོ་བ་ལྡན།།
མངར་ལ་དགའ་ན་མངར་བའི་དྭངས་མ་འཁྱིལ།།
ཨ་མས་བསྙལ་བའི་བཏུང་བ་ཞོ་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
སྐྱིད་པའི་དྲོད་ཁོལ་ལྡང་བའི་མཐིང་སྨུག་གི།
སྦྲ་ཁྱིམ་འབྲོག་པའི་འཚོ་བ་རྣལ་མ་ཡི།།
ཞིམ་མངར་འོ་མ་དཀར་པོའི་སྐྱེམས་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
རྒྱ་ནག་ཡུལ་ནས་བཙོང་བའི་ཟས་ཀྱི་མཆོག།
ཆུ་དང་བྱེ་མའི་ཞིང་ས་ལས་བསྐྱེད་པའི།།
རབ་དཀར་གཙང་བའི་འབྲས་ཆན་ཟས་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
མེ་ཚལ་ལྗང་གུ་ལ་སོགས་ཚོད་མའི་རིགས།།
ཟོས་ན་གནོད་པ་མེད་པའི་ལྡུམ་ཚལ་གྱི།།
མི་ཡིས་བཟའ་བར་འོས་པའི་ཟས་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
ཀུ་ཤུ་རྒུན་འབྲུམ་ལ་སོགས་ཤིང་ཏོག་རིགས།།
ཁ་དོག་དྲི་རོ་ལེགས་པའི་བཟའ་བཏུང་གི།
དཀར་མངར་བཅུད་ཀྱིས་མཛེས་པའི་ཟས་ཡོད་པས།།
སྡིག་པའི་ཤ་མ་ཟོས་ཀྱང་ཐབས་གཞན་ཡོད།།
གང་དུ་ཤ་ཟན་སྐྱེ་བོ་མང་ས་ན།།
དེ་རུ་ཤ་འཚོང་ཤན་པ་ཇེ་མང་ཡིན།།
ཅི་ཙམ་ངམ་གནག་བཤས་ར་རྒྱས་པ་ན།།
དེ་ཙམ་མ་རྒན་དུད་འགྲོའི་གཅེས་སྲོག་དགུམ།།
དྲུག་ཅུའི་ལོ་རབས་ལྟ་བུའི་དུས་ངན་དང་།།
ལྷོ་ཕྱོགས་ཨ་ཧྥེའི་ཡུལ་འདྲའི་བཀྲེས་སྐོམ་གྱི།།
མུ་གེའི་སྐལ་བ་བྱུང་ན་ཁག་མེད་ཀྱང་།།
འཚོ་བའི་ཟས་རིགས་མོད་པས་ཤ་སྤོང་འཚལ།།
ཉམ་ཆུང་དུད་འགྲོ་སྲོག་གི་ཉེན་ལ་ཐུག།
བཙན་པོའི་མི་ཡིས་ཟས་ཀྱི་འདེམས་ཀ་བྱེད།།
སྐྱིད་སྡུག་དོ་མི་མཉམ་པའི་འཁོར་བ་ན།།
དུད་འགྲོའི་ལས་དབང་མཐོང་དུས་དངངས་འདར་རྒྱག།
ཟླུམ་གཟུགས་གོ་ལ་ཡངས་པོའི་འཇིག་རྟེན་ན།།
ཡོད་ཚད་གསོན་ལ་དགའ་ཞིང་འཆི་ལ་འཚེར།།
དེ་བས་རང་གི་ལུས་ལ་དཔེ་བྱས་ཏེ།།
ཚེ་སྲོག་འདྲ་མཉམ་བསམས་ནས་ཤ་སྤངས་རིགས།།
༢༠༡༦ ལོའི་བོད་ཟླ་ ༦ ཚེས་ ༢༣ ཉིན།
བསམ་ཚུལ་ཕྲིས།