གངྒཱའི་ངོགས་ཀྱི་ཕྱིར་མིག

རྩོམ་ཡིག་འདི་ཐེངས་ 357 བཀླགས་འདུག

གངྒཱའི་ངོགས་ཀྱི་ཕྱིར་མིག

ཡུས་ངུ་། ཁམས་པ་སྒར།

གནམ་མཐའི་མཚམས་ན་དུ་རླངས་འཐིབས་པས་རྒྱང་རིང་ཕ་གིའི་མཐོང་ལམ་སྒྲིབ།།
ཆུ་མོ་གངྒཱའི་རླབས་ཀྱི་ཁ་ན་གྲུ་ཆུང་ལྡེམ་གྱིན་ལྡེམ་གྱིན་སྐྱོད།།
ཡོམ་ཡོམ་འབབ་པའི་ཆུ་མོའི་ངོགས་ན་གཞོན་ནུ་ཕོ་མོ་བརྩེ་སེམས་བཞུར།།
ང་ཡི་སྣང་བ་ཕར་ཕར་ཡན་ན་དྲན་ཡུལ་མྱི་དེ་ཚུར་ཚུར་འོང་།།

སྦིར་རག་དཀར་པོ་ཧུབ་ཀྱིས་འབྱངས་ན་དྲན་པའི་གདུང་བ་ཨེ་སེལ་ལམ།།
མིག་ཀོང་མཆི་མ་ངང་གིས་འཁྲུགས་བྱུང་ཨ་ལ་ཤུ་རེ་ཞེ་རེ་སྨྲེང།།
ཐ་མག་ནག་པོ་ཤུགས་ཀྱིས་བརྔུབས་ན་སེམས་ཀྱི་ན་ཟུག་ཨེ་འཇགས་སམ།།
སྐྱོ་བའི་ཤུགས་རིང་ངང་གིས་ཤོར་སོང་ཨ་ལ་ཤུ་རེ་ག་རེ་ཆད།།

གནམ་མཐའི་དུ་རླངས་མག་མོག་གསེབ་ཏུ་ཁྱོད་རང་ཡོད་ན་དགའ་བ་ལ།།
འདི་ནས་རྒྱང་ཐག་ཧ་ཅང་རིང་ཡང་ང་རང་རྒྱུག་ཤར་གློད་ན་ཆོག།
ཆུ་མོ་ཕ་གིའི་བྱེ་ཐང་སྟེང་དུ་ཁྱོད་རང་རྩེ་ན་དགའ་བ་ལ།།
ཆུ་མོའི་ཞེང་ཚད་ཅི་བས་ཆེ་ཡང་ང་རང་གྲུ་ལ་ཞུགས་ན་ཆོག།

དུང་ཞེན་མིག་མཐའ་མཆི་མས་བསྐོར་ཏེ་འབྱར་ཚུལ་དྲན་ན་སྙིང་རེ་རྗེ།།
མཁུར་ཚོས་ཆུང་ཆུང་ཟིལ་པས་བརླན་ཏེ་ངུ་ཀེག་བསམས་ན་ཤ་རེ་ཚ།།
བཅོས་མའི་ཚིག་གིས་ཡར་མར་མི་སྐོར་ཐད་ཀའི་སྙིང་གཏམ་སེམས་ལ་འཛུལ།།
རྫུ་བག་ཟློས་གར་ནམ་ཡང་མི་འཁྲབ་རྣམ་འགྱུར་དྲང་མོ་སྙིང་ལ་སིམ།།

གངྒཱའི་ངོགས་ན་རི་བོ་མེད་ཀྱང་ང་ལ་རཱ་མཱའི་རི་བོ་འདྲ།།
ལག་པའི་གདུ་བུ་གོན་ཏེ་ཡོང་ན་དཔུང་པའི་བར་དུ་ཤུད་འདྲ་འདྲ།།
འདི་ན་རྡུལ་རླངས་དུ་སྨུག་འཐིབས་པས་ཆར་ཆུ་འཁུར་བའི་སྤྲིན་པ་མེད།།
གླང་པོའི་གཟུགས་ཀྱི་སྤྲིན་པ་ཡོད་ན་ངས་ཀྱང་ཕོ་ཉར་མངགས་ན་ཆོག།

དྲན་དྲན་ཤུགས་རིང་བར་མེད་འཆོར་བའི་བདག་གི་ན་ཟུག་ཁོ་མོས་མྱང་།།
འདི་ན་སྨྲེང་སེམས་ཆར་དུ་འབབ་དུས་སྐྱབས་འཇུག་སྙན་ངག་ཁོ་ནར་ཞུ།།
རེ་སྒུག་གནམ་མཐའི་མཚམས་ལ་སྲིང་བའི་ཁོ་མོའི་གདུང་སེམས་ང་ཡིས་མྱང་།།
དེ་ན་ཡ་ཁོག་གཅོང་གིས་ཐེབས་དུས་དུང་བའི་མིག་ཆུ་ཁོ་ན་བཞུར།།

མཇལ་འཛོམས་རེ་སྒུག་སྣེ་ལ་བཏགས་ཏེ་ཉིན་ཞག་རི་མོར་འགོད་བཞིན་ཡོད།།
ཆུ་ཚོད་སྐར་ཆ་ཁྱོད་ལ་མཚོན་ན་ཅི་འདྲའི་དལ་ཞིང་བུལ་བ་ལ།།
ཉིན་ཐོ་འབྲི་རྒྱུ་ཆད་མྱོང་མེད་པས་ད་ནི་དེབ་ཆུང་གང་གྲབས་ཡོད།།
མགོ་བོ་སྒུར་བཞིན་ཉིན་ཐོ་བྲིས་པས་ཉིན་ཐོ་ཅུང་ཟད་བརླན་བསྡད་ཡོད།།

ཉིན་མོ་འཛིན་ཁང་ནང་ལ་སོང་ཡང་སེམས་ཁམས་ཉོབ་བཞིན་འདུག་གི་ཡོད།།
སློབ་གྲྭའི་གུང་སེང་རེས་ཀྱིས་འཁོར་ཡང་སྤྲོ་འཆམ་འགྲོ་ཉན་བྲོ་གི་མེད།།
ཨ་ལད་པད་ཀོ་བྲང་ལ་སྦྱོར་གྱིན་མཚན་མོ་ཁེར་རྐྱང་ཉལ་གི་ཡོད།།
རྨི་ལམ་ནང་ན་གཉིད་ལབ་རྒྱག་བཞིན་ལག་པ་གང་སར་གཡུག་གི་ཡོད།།

རཱ་མཱའི་རི་བོ་མཛེས་ཉམས་ཆེ་རུང་བཙོན་ཁང་འདུ་ཤེས་ག་ལ་ལྡོག།
འབྲལ་གདུང་དྲན་གདུང་ལྷན་ཅིག་འཐབ་པའི་ནག་མོའི་ཁོལ་ལ་སྙིང་རེ་རྗེ།།
གནོད་སྦྱིན་ཕོ་བྲང་རང་ཁྱིམ་ཡིན་རུང་སུན་པའི་སྣང་བ་ལོས་རེ་སྐྱེ།།
རེ་སྒུག་སེམས་ལ་སྨྲེང་བ་བཞུར་བའི་དཔྱིད་ལྡན་མ་ལ་ཤ་རེ་ཚ།།

མཚན་མོ་རེ་རེ་ཚུར་ཚུར་འོངས་ན་དཔྱིན་ལྡན་མ་ཡི་རེ་སྒུག་ཚོར།།
ཉིན་མོ་རེ་རེ་ཕར་ཕར་འདས་ན་ནག་མོའི་ཁོལ་ལ་གདུང་སེམས་སྐྱེ།།
དུང་སེམས་གཏིང་གི་འགྱུར་བ་མཚོན་པའི་སྤྲིན་གྱི་ཕོ་ཉ་གཞི་ནས་མྱང་།།
སྤྲིན་གྱི་ཕོ་ཉ་གཞི་ནས་བཀླགས་ཤིང་སྒྱུ་རྩལ་རིན་ཐང་གཞི་ནས་རྟོགས།།

༢༠༡༦-༡-༡༦ གངྒཱའི་ངོགས་ནས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *