རྒྱ་མཚོའི་ཆུ་ཐིགས།

རྩོམ་ཡིག་འདི་ཐེངས་ 477 བཀླགས་འདུག

རྒྱ་མཚོའི་ཆུ་ཐིགས།

བདག་མེད། ས་རཱ་མཐོ་སློབ།

ཕས་རྒོལ་བདུད་ཀྱིས་ཀླན་ཀ་བརྩད་ཀྱང་བརྟུལ་ཞུགས་སྤྱོད་པའི་མཆོག་ལ་རོལ།།
འདོད་ལྷའི་མཚོན་གྱི་གོ་ཆ་དག་ལ་བྱམས་པའི་མེ་ཏོག་ལན་དུ་སྦྱིན།།
ལྷས་བྱིན་བདུད་ཀྱི་གཡོ་སྒྱུས་བསླུས་ཀྱང་སྤྱན་མིག་ཙམ་ཡང་བགྲད་མ་ནུས།།
སྡུག་བསྔལ་གསུམ་གྱིས་རྟག་ཏུ་བཙིར་བའི་འཇིགས་རུང་གཡང་ལས་སྐྱོབ་ནུས་སམ།།

འཁོར་བའི་རྒྱ་མཚོའི་རྦ་རླབས་ཁྲོད་དུ་དབང་མེད་འཁྱེར་བའི་འགྲོ་བ་དག།
མི་བཟོད་སྡུག་བསྔལ་དྲག་པོས་གཟིར་ཏེ་འོ་འདོད་འབོད་ཅིང་སྨྲེ་ངག་བགྲང་།།
སྐད་ཅིག་ཙམ་ཞིག་ཡིད་ལ་ཤར་ཡང་དུག་ལྔའི་བག་ཆགས་བསལ་མཛད་པས།།
ཀུན་རྫོབ་རིན་ཆེན་སེམས་མཆོག་ཉིད་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི།།

འགྲོ་བའི་ཡིད་ཀྱི་མཁའ་ལ་འཚེར་བའི་མཐར་ཐུག་ཡེ་ཤེས་ཆོས་ཀྱི་སྐུ།།
མུན་པའི་གླིང་ཁར་རྟག་ཏུ་འཁོར་བའི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ལ།།
བདེ་དགའ་རྒྱ་མཚོའི་རླབས་ཕྲེང་གཡོ་བའི་བདུད་རྩི་གནས་ལ་འཁྲིད་མཁས་པས།།
འདི་དང་བར་དོའི་འཕྲང་ལས་སྐྱོབ་པའི་རྣམ་པ་ཐམས་ཅད་མཁྱེན་པར་འདུད།།

རྣམ་དག་ཚུལ་ཁྲིམས་སྐྱོན་གྱིས་མ་གོས་འདམ་ལས་སྐྱེས་པའི་པད་མ་བཞིན།།
སྡོམ་བཙུན་བཟང་པོའི་ཟེའུ་འབྲུའི་འོད་ཟེར་བྱེ་བ་ཕྲག་བརྒྱ་ས་ལ་འགྱེད།།
རྣལ་འབྱོར་སྤྱོད་པའི་མཆོག་ལ་དགྱེས་པའི་བདག་གི་བཤེས་གཉེན་དམ་པ་གང་།།
གང་གི་ཞབས་པད་སྤྱི་བོར་བླངས་ནས་འདི་ཕྱི་གཏན་གྱི་འདུན་མ་འཚོལ།།

སྔོན་མེད་ལེགས་བཤད་སྒོ་བརྒྱ་འབྱེད་པའི་ཤེས་རབ་རྩལ་གྱི་ནུས་པ་མེད།།
རྣལ་འབྱོར་དབང་ཕྱུག་གང་གི་མཛད་པ་ཅུང་ཟད་བསྙད་པར་འདོད་པས་ན།།
ངག་དབང་དབྱངས་ཅན་རྒྱུད་མངས་བཟུང་ནས་ཁྱེད་ཀྱི་གསུང་གི་ཡོན་ཏན་བགྲང་།།
འགྲོ་བ་ཀུན་གྱི་རྨོངས་པའི་མུན་སྟུག་སྐད་ཅིག་ཙམ་གྱིས་བསལ་དུ་གསོལ།།

བློ་བཟང་རྒྱལ་བའི་རིང་ལུགས་བཟང་པོ་བཤད་དང་སྒྲུབ་པའི་ལམ་ནས་བསྐྱངས།།
བསྟན་འཛིན་མངའ་བདག་ཤཱཀྱའི་སྲས་དང་ཁྱེད་ཀྱི་ཐུགས་རྗེ་གཅིག་ཏུ་འདྲེས།།
འཕྲིན་ལས་རྒྱ་མཚོའི་རླབས་ཕྲེང་གཡོ་བའི་བྱིས་བློའི་རྨོངས་པ་ཡོངས་སུ་འཕྲོག།
དར་རྒྱས་ཡོ་ལང་མཚོ་ལྟར་སྐྱོམ་པའི་རྒྱལ་བསྟན་རིང་ལུགས་དྲི་མེད་གཞོལ།།

སྤྱན་རས་གཟིགས་ཀྱི་ཞིང་གི་བཀོད་པ་འབུམ་ནག་གཡེར་མོ་ཐང་ཆེན་དུ།།
མ་བྲིས་བཀྲ་ཤིས་རྟགས་བརྒྱད་རང་བྱུང་ལི་ཆུ་སྔོན་མོའི་གཡས་སུ་དོད།།
མ་བརྐོས་རྒྱལ་སྲིད་སྣ་བདུན་རི་མོ་ལི་ཆུའི་ཁུག་པའི་གཡོན་དུ་མངའ།།
ཞིང་གི་བཀོད་པ་གཡེར་མོ་ཐང་ལ་ཁྱེད་སྐུ་ཉི་མ་གཞོན་ནུ་འཆར།།

རིགས་དང་རུས་ལ་དབྱེ་བ་མེད་པར་དབུལ་ཕོངས་ཤིག་གི་ཁྱིམ་དུ་བལྟམས།།
གཤིས་བཟང་ཡབ་ཆེན་ངག་དབང་ཟླ་བ་ཡུམ་ཆེན་ནོར་འཛིན་ལྷ་མོ་གཉིས།།
རྟགས་དང་མཚན་མ་སྣ་མང་ལྡན་པའི་བྱིས་པ་ཞིག་ཀྱང་བཙས་པ་ན།།
ཤོག་དྲུག་སྐྱབས་མགོན་ཆེན་པོས་ཞལ་ནས་ཨ་བླུ་བླ་མར་ངོས་འཛིན་གནང་།།

བཅུ་གསུམ་ལོ་དེར་གོང་མའི་གདན་ས་འབྲས་དཀར་སྤུངས་པའི་དགོན་ལ་ཕེབས།།
འཆད་རྩོད་རྩོམ་པའི་བྱ་བའི་གནས་ལ་འཇུག་པའི་ཁ་ཚོན་གཅོད་མི་ནུས།།
ནག་ཕྱོགས་བདུད་ཀྱི་དྲག་ཆར་གཡོས་ཏེ་རྒྱལ་བསྟན་སྤྱི་ལ་གཡོ་འགུལ་ཐེབས།།
གང་གི་གསང་གསུམ་འཕྲིན་ལས་རྒྱུན་ལ་གེགས་དང་བར་ཆད་ཆར་པ་ཕབ།།

ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་རབས་བརྒྱད་ཅུ་གྱ་བརྒྱད་དང་།།
མགོ་ལོག་དགོན་དང་ཞ་མོ་དགོན་གྱི་མཁན་རབས་དུ་མ་མཛད་གྱུར་ནས།།
སྐལ་ལྡན་གདུལ་བྱ་གྲངས་ལས་འདས་པ་སྨིན་གྲོལ་ཐར་པའི་རྒྱལ་སར་བཀོད།།
སྙིང་རྗེ་ཐུགས་ཀྱིས་འགྲོ་བ་ཀུན་ལ་མ་ལྟར་བརྩེ་བའི་བྱམས་ཀྱིས་བསྐྱངས།།

གཡོན་རུ་སྡེ་བའི་མངའ་འབངས་མཐའ་དག་ཆོས་མཐུན་ལས་ཀྱི་མཐུ་བོ་ཆེ།།
དགེ་བཅུའི་ཁྲིམས་ཀྱི་བླང་དོར་འཇུག་སྒོ་མ་ནོར་གང་གིས་ཡོངས་སུ་བསྟན།།
ལྷ་སྡེ་མི་སྡེ་ཡོངས་ཀྱི་སེམས་ལ་དགེ་བའི་ས་བོན་ཆེར་བཏབ་ནས།།
ཆ་མཐུན་གོང་བུ་གཅིག་ཏུ་སྒྲིལ་བ་ཁྱེད་ཉིད་ཁོ་ནའི་མཛད་བཟང་ལགས།།

ཡོན་ཏན་ཀུན་གྱི་འབྱུང་གཞིར་གྱུར་པའི་བསླབ་གསུམ་གཙང་མ་བསྲུངས་པ་ལས།།
འདའ་བའི་བསྐལ་བ་ཡུན་ཐུང་ཙམ་ཡང་ཁྱེད་ཀྱིས་དོར་བར་མ་བྱས་པར།།
སྙིགས་མའི་དུས་ཀྱི་འགྲོ་བ་དག་གིས་ཡང་ཡང་བསྔགས་པར་བརྗོད་པ་འདིས།།
ཐུབ་བསྟན་པདྨ་དཀར་པོའི་ཚལ་དུ་ཁྱེད་སྐུའི་དྲི་ངད་རབ་ཏུ་འཐུལ།།

ཧོར་ཟླ་བཅུ་པའི་ཚེས་བཅུ་ཉིན་དེར་འཇའ་ཚོན་གུར་ཞིག་མཁའ་དབྱིངས་ཤར།།
ཞལ་གྱི་དཀྱིལ་འཁོར་མདངས་དང་ལྡན་ཞིང་སྨ་ར་ལ་སོགས་ཉིན་རེར་འཕེལ།།
ཚུལ་ཁྲིམས་སྤྱོད་པའི་དྲི་ངད་འཐུལ་ཞིང་མཇལ་བ་ཙམ་གྱིས་དང་བ་འདྲེན།།
ཉིན་གྲངས་བཅོ་ལྔར་ཚད་དུ་མ་གཞལ་ཉེར་ལྔའི་དུས་དེར་ཐུགས་དམ་གྲོལ།།

ས་ཆེན་འདི་ཡི་རྒྱན་དུ་མཛེས་པའི་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཁྱེད།།
བྱང་སེམས་མཛད་པའི་ཕ་མཐར་སོན་ཅིང་གཟུགས་སྐུ་བཀོད་པ་རེ་ཞིག་ཐིམ།།
མགོན་མེད་བདག་ཅག་འགྲོ་བ་མཐའ་དག་མ་མེད་དྭ་ཕྲུག་བཞིན་དུ་ལུས།།
ཡིན་ཡང་ཡང་སྤྲུལ་ཉི་གཞོན་འཆར་བར་རེ་སྨོན་གདུང་ཤུཌ་དྲག་པོ་འདེབས།།

ཤཱཀྱའི་སྲས་དང་འཇམ་དབྱངས་སོགས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ།།
བསྟན་པ་སྲུང་ལ་གཡེལ་དམ་བཅས་པའི་ཆོས་སྲུང་དམ་ཅན་རྒྱ་མཚོ་དང་།།
མྱུར་མཛད་མགོན་དང་དམག་ཟོར་རྒྱལ་མོའི་མཐུ་སྟོབས་གཅིག་ཏུ་བསྡུས་པ་ལས།།
རྣལ་འབྱོར་དབང་ཕྱུག་གང་གི་ཐུགས་ལས་འཁྲུལ་མེད་ཡང་སྤྲུལ་བསྩལ་དུ་གསོལ།།

འཛིན་མའི་ཞིང་གི་རྡུལ་གྱི་གྲངས་དང་ཁྱེད་ཀྱི་ཡོན་ཏན་གཞལ་མཐའ་བྲལ།།
དབང་ཕྱུག་ཆེན་པོའི་སྤྲུལ་པའི་ཞིང་དང་ཁྱེད་ཉིད་ཆོས་སྐུའི་བཀོད་པ་བསྡུར།།
གསང་གསུམ་མཛད་པའི་ཟེགས་མ་རེ་ལ་འོད་ཟེར་འབུམ་ཕྲག་དུ་མ་འགྱེད།།
དུག་ལྔའི་བག་ཆགས་མྱུར་དུ་བསལ་ཏེ་གཉུག་སེམས་སྤྲིན་བྲལ་མཁའ་རུ་འཆར།།

ཐེངས་གཅིག་མཇལ་བའི་སྐལ་བཟང་ཐོབ་ཀྱང་ཁྱེད་ཉིད་མ་བཞུགས་ཡིད་རེ་སྐྱོ།།
སྐལ་ལྡན་གདུལ་བྱ་གྲངས་མེད་ཅིག་གིས་ཡིད་ཀྱི་འཆར་སྒོ་མུན་པས་བསྒྲིབས།།
རེ་ཞིག་གདུང་བ་དྲག་པོས་བཙིར་ཀྱང་རེ་བའི་གཏད་སོ་ཁྱེད་ལ་གཏད།།
འཁྲུལ་མེད་ཡང་སྤྲུལ་མྱུར་དུ་འབྱོན་པར་རེ་སྨོན་གསོལ་བ་ལན་བརྒྱར་འདེབས།།

སྤྲོས་བྲལ་མཐའ་བཞིའི་སྒྲོམ་ལས་མ་འདས་སྣང་སྟོང་རེས་འཇོག་ཅིག་ཆར་གཟིགས།།
རྟེན་འབྲེལ་མི་བསླུ་མཐོང་བ་དེ་ཉིད་ངེས་ཤེས་ཡང་དག་རིགས་པས་དྲངས།།
ལྟ་བའི་དཔྱད་པ་ཡོངས་སུ་རྫོགས་ཏེ་འོད་གསལ་མ་བུ་དབྱེར་མེད་འདྲེས།།
རྩེ་གཅིག་ཏིང་འཛིན་རི་དབང་རྒྱལ་པོས་ལུས་སེམས་བདེ་བའི་དཔལ་ལ་བཀོད།།

འདི་སྣང་ཀུན་རྫོབ་ཡོད་མཐའ་སེལ་ཞིང་ཆོས་ཉིད་ལས་ཀྱང་ཆོས་ཉིད་དབེན།།
ཆོས་ཀུན་རྟེན་འབྲེལ་རིགས་པའི་ཚུལ་ལས་འགོངས་པ་མེད་པ་དེ་ཉིད་མཁྱེན།།
ཞི་ལྷག་ཟུང་འབྲེལ་ཡིད་ཀྱི་རྟེན་ལ་རབ་དུ་གོམས་ཤིང་སྒོམ་པའི་མཐུས།།
སྐྱེ་འཆི་བར་དོའི་འཇིགས་པ་ལས་གྲོལ་མཁའ་སྤྱོད་དག་པའི་ཞིང་དུ་བགྲོད།།

འདི་ནས་ཚེ་རབས་ཚེ་རབས་དུ་མར་བཤེས་གཉེན་གང་གིས་རྗེས་བཟུང་ནས།།
སྐད་ཅིག་ཙམ་ཡང་བྲལ་བ་མེད་པར་བྱམས་བརྩེ་ཐུགས་ཀྱིས་གདུལ་བྱར་གཟིགས།།
ཉམ་ཐག་མགོན་མེད་འགྲོ་བ་མཐའ་དག་འཁོར་བའི་རྦ་རླབས་ཁྲོད་དུ་མཆོངས།།
རྣམ་མཁྱེན་རྒྱལ་བའི་ས་ལ་བགྲོད་པའི་ལམ་གྱི་ཐེམ་སྐས་དེར་ཁྲིད་ཅིག།

ཇི་སྲིད་སེམས་ཅན་འགའ་ཞིག་མ་དུལ་དེ་སྲིད་ཁྱེད་ཉིད་འདིར་བཞུགས་ཏེ།།
འཇིགས་རུང་འཁོར་བའི་གཡུལ་སར་མྱུར་བའི་སྐྱེ་རྒུའི་རྨོངས་པ་བསལ་མཛད་ནས།།
ཐུབ་བསྟན་ཡངས་པའི་སྐྱེད་ཚལ་སྟེང་དུ་ཡང་དག་བདེན་གཉིས་གཤོག་ཟུང་བརྡབས།།
བདེན་བཞིའི་འཁོར་བའི་འཇུག་ལྡོག་ཟབ་མོ་རིགས་པའི་ཐབས་ཀྱིས་ཡོངས་སུ་བཙལ།།

གང་གི་རྗེས་དྲན་རྒྱ་མཚོའི་རླབས་ཀྱི་ཆུ་ཐིགས་ཙམ་ཞིག་བརྗོད་པ་འདི།།
ཕྱག་ན་པདྨོ་གང་དུ་བཞུགས་སའི་དྷ་རམ་ཤཱ་ལའི་ཉེ་འདབས་སུ།།
དུས་ཀྱིས་འགུལ་བསྐྱོད་ཡུན་ཙམ་རིང་ལ་ཁོ་བོའི་རྣམ་དཔྱོད་དྲག་ཏུ་སྐྱོམ།།
འབད་འབུངས་བགྱིས་ཤིང་དང་དུ་བླངས་ནས་གླིང་རྐང་འབངས་ཀྱི་ཚབ་ཏུ་འབུལ།།

དེ་ལྟར་གསང་གསུམ་ཡོན་ཏན་ཆ་ཙམ་ཇི་ནུས་བརྗོད་པ་དངོས་པོའི་གཤིས།།
མ་བཅོས་ལྷུག་པོར་བདག་བློས་གཞལ་བའི་རབ་དཀར་དགེ་ཚོཌ་ཅི་མཆིས་པ།།
འགྲོ་རྣམས་རྫུ་འཕྲུལ་ནུས་མཐུར་གཤེཌ་ཏེ་ས་བཅུའི་གཞིར་ཡང་ལྡིང་བ་ན།།
བདག་གི་འདོད་དོན་གཏིང་ནས་འགྲུབ་པས་ཡིད་ལ་དང་བ་རབ་ཏུ་སྐྱེས།།

གང་གི་ཕྲིན་ལས་རྒྱ་མཚོའི་ཀློང་ནས་ཆུ་ཐིགས་ཙམ་ཞིག་བརྗོད་པ་འདིས།།
ལུས་ཅན་འགྲོ་བའི་ཡིད་ཀྱི་མཁའ་ལ་བསོད་ནམས་སྦྲང་ཆར་རྟག་ཏུ་འཇོ།།
བདག་གི་རྣམ་དཔྱོད་དྲག་ཏུ་སྐྱོམ་པའི་དགེ་བའི་དངོས་པོ་ཅི་མཆིས་པ།།
དེས་ནི་མཁའ་མཉམ་འགྲོ་བ་མཐའ་དག་བདེ་དགེའི་དཔལ་ལ་འགོད་པར་སྨོན།། ༢༠༡༦-༦-༡༥

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *