མེད་དགུ་སྦྱོར་མ།

རྩོམ་ཡིག་འདི་ཐེངས་ 266 བཀླགས་འདུག

མེད་དགུ་སྦྱོར་མ།

སློབ་དཔོན། བསོད་ནམས་དབང་ཆེན། ཐཱའི་ཝན།

དབྱངས་ཅན་མ་ཁྱོད་དུང་དུང་མི་དགོས་རྒྱང་ཙམ་གྱིས།།
ངག་གི་ཡོན་ཏན་རང་ལ་དབང་བས་ཅི་ཞིག་བྱ།།
ངེད་གཉིས་བར་གྱི་འབྲེལ་བའི་རྒྱུད་ཐག་ཆད་པའི་ཉིན།།
བདག་ནི་འཚོ་བ་དོན་གྱིས་སྟོང་པས་འདུག་འདོད་མེད།།

ཟོག་པོས་རང་ཉིད་མཐོ་སར་འཛེགས་ཕྱིར་ངལ་རྩོལ་དང་།།
རྫུན་མས་བདེན་པ་ཨར་ལ་གཏད་པའི་གཏམ་རྒྱུད་གཉིས།།
ངན་པས་ངན་པར་བསྟོད་ཚིག་སྒྲོག་པའི་འོ་དོད་དག།
སྟོང་གསུམ་རྒྱ་སྡེའི་མདུན་དུ་བཀྲམས་ཡོད་སྦས་ས་མེད།།

བདེན་པ་ཤི་རོ་དཔུང་པས་འཕྱར་ནས་རྫུན་ལ་ཞུགས།།
ལོངས་སྤྱོད་རྩྭ་རྩེའི་ཟིལ་པ་འདྲ་ཞེས་ཚོང་ལས་གཉེར།།
ཆོས་འབག་གྱོན་པའི་འཇིག་རྟེན་པ་ཚོའི་གསང་བ་དག།
དམར་ཆུང་སྙིང་གི་གཏིང་དུ་རུམ་ཡོད་བརླག་ས་མེད།།

སྡེ་སྣོད་གསུམ་གྱི་གླེགས་བམ་བཟུང་ནས་ངག་འཁྱར་འུར།།
བསླབ་པ་གསུམ་གྱི་ལྟ་གྲུབ་འཆད་བཞིན་བྱི་ཕྲུག་སྦས།།
དེ་རིང་སེར་ལ་སང་ཉིན་སྐྱ་བའི་བླ་ཆེན་དག།
བསྟན་པ་འདི་ཡི་གཤེད་དུ་ཆས་ཡོད་ཡིབ་ས་མེད།།

ཆོས་ཀྱི་དད་པ་སྨན་ཐུན་ཡིན་པས་བརྟགས་ནས་འཐུང་།།
སྲིད་ཀྱི་འཁོར་ལོ་འཕྲུལ་ཆས་ཡིན་པས་སྦྱངས་ནས་སྐོར།།
ཐལ་མཐའི་གཡང་སར་བཙན་གྱིས་ངུ་བའི་གྲྭ་ཇོ་རྣམས།།
གདོང་པར་ལྕགས་འབག་གོན་ནས་ཡོད་དོ་ཚ་ས་མེད།།

བོད་ཟས་ཟ་བཞིན་བོད་ལ་རྒོལ་བའི་ཁྲེལ་མེད་དང་།།
བོད་པ་ཡིན་བཞིན་བོད་ལ་སྡང་བའི་འདོ་མེད་གཉིས།།
མི་ངོ་བསུ་ཕྱིར་རང་སྐྱོན་སྔོག་པའི་སྤྱི་བརྟོལ་ཅན།།
འདས་མ་ད་གསུམ་མང་སྐྱོན་མེད་ན་ཉུང་ས་མེད།།

རྩ་ཤེས་བསྐྱོར་ནས་བོད་དོན་རྩོད་ཚུལ་ཆབ་སྲིད་དང་།།
བསྡུས་གྲྭ་རྡེབ་སྟེ་ཤེས་ཡོན་སྤེལ་རྒྱུའི་སློབ་གསོ་གཉིས།།
དད་པ་འཕྱར་ནས་གནས་ལུགས་བསད་པའི་ཇུས་ངན་དག།
སེར་གཟུགས་ཅན་ཚོའི་ལོག་རྩིས་ཡིན་ནོ་ལོ་ས་མེད།།

རང་གི་ལྷམ་རུལ་མགོ་ལ་གྱོན་པའི་ཨ་མདོ་བ།།
ལག་པས་བྲིས་ཚད་རྐང་པས་བསུབ་པའི་ཁམས་ཀྱི་སྡེ།།
འཇམ་པོའི་ཟས་ལ་རྩུབ་མོའི་དུག་སྦྱར་དབུས་གཙང་བ།།
ཆིག་སྒྲིལ་ཟེར་བ་གཡང་འབོད་ཙམ་ཡིན་ཡོང་ས་མེད།།

སེམས་ཀྱི་གུང་ཤིང་ཆག་ནས་ཡོད་དོ་འབྱར་ས་མེད།།
སྡུག་གི་མུན་པ་རུབ་ནས་ཡོད་དོ་དྭངས་ས་མེད།།
ཡོད་ཚད་ཁོག་ཏུ་བཙིར་ནས་ཡོད་དོ་ཤོང་ས་མེད།།
དེ་རིང་ཅུང་ཟད་བཏོན་ནས་ཡོད་དོ་ན་ས་མེད།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *