དནྜིའི་པིར་གྱིས་”མཛེས་མ་མིག་ཤེལ་ཅན་”བཞེངས་པ།

རྩོམ་ཡིག་འདི་ཐེངས་ 282 བཀླགས་འདུག

དནྜིའི་པིར་གྱིས་”མཛེས་མ་མིག་ཤེལ་ཅན་”བཞེངས་པ།

སློབ་དཔོན། འགྱུར་མེད། རྣམ་གྲོལ་གླིང་།

སྐྱེ་བའི་ཕྲེང་བར་བག་ཆགས་མ་བཞག་ཀྱང་།།
མཐོང་བ་ཙམ་གྱིས་བདེ་དགའི་དཔྱིད་འཇོ་བ།།
སེམས་ཀྱི་མི་ཀྱེ་བདག་བློ་རྨོངས་བྱེད་མ།།
ཁྱོད་ཚུལ་དབྱངས་ཅན་དགའ་མའི་ངོ་བོར་འབྲི།།

གངས་ལ་ཉི་འོད་ཀྱིས་འཁྱུད་དཀར་གསལ་ཙམ།།
སྟོན་མཚན་ཟླ་བའི་བཞིན་རས་ནག་ནོག་ཉིད།།
པད་དཀར་འདབ་ལོ་མཉེན་ནའང་རྣམ་འགྱུར་བྲལ།།
“ཁྱོད་ཀྱི་ཞལ་ནི་སྣང་སྟོང་སྒྱུ་མའི་འཕྲུལ།།”

ཤིན་ཏུ་བསིལ་བའི་ལྷོ་ཡི་རླུང་བུ་ཡིས།།
ཅུང་ཟད་སྒུལ་བའི་ཨུཏྤལ་མཐིང་ག་དེའི།།
འདབ་ལོའི་སྟེང་གི་ཟིལ་པའི་མཛེས་སྡུག་དེས།།
ཁྱོད་ཀྱི་སྤྱན་གྱི་མདངས་ལ་འགྲན་ཐབས་བྲལ།།

གཡོ་བར་བྱས་སོ་ཡིད་ཀྱི་རྒྱ་མཚོ་སྟེ།།
སྒྲ་དབྱངས་རྒྱ་མཚོ་འདུས་པའི་བཞད་མོ་དེས།།
འཕག་པར་བྱས་སོ་ཡ་ཆུང་ཁོག་པའི་སྙིང་།།
ཁྱོད་ཀྱི་ཟུར་མིག་ལྟ་སྟངས་གཅིག་གིས་ཀྱང་།།

ལྷ་མོ་ཀླུ་མོ་མི་མོ་འཛུམ་པའི་དཔྱིད།།
ཡོངས་འདུས་ཞལ་གྱི་དཀྱིལ་འཁོར་སྡུག་གུ་མ།།
འོ་མའི་མཚོ་ལས་ཐོན་འདྲ་རྒྱ་སེའི་མདངས།།
གསར་པ་གསར་པ་ཤ་རྩིར་འཕོས་པ་བཞིན།།

པིར་གྱིས་མ་བྲིས་མོ་ཎ་ལི་ས་(Mona Lisa)སྟེ།།
ཞལ་རས་དེ་ལ་མཛེས་པའི་ཚོད་ཅིག་མེད།།
གནམ་ནས་མ་བབ་གང་གཱའི་ལྷ་མོ་སྟེ།།
སེམས་ཀྱི་ཚ་གདུང་ཆིལ་ཆིལ་ཆབས་ཀྱིས་འཇོམ།།

མཛེས་སྡུག་ཀུན་གྱི་རྩེ་ལ་འཛེགས་མ་ཁྱོད།།
ནུ་ལྡན་ཀུན་ལ་མི་བཟོད་དུག་ཆར་དང་།།
བདག་ལ་བདེ་དགའི་བདུད་རྩི་སྦྱིན་པ་ཡི།།
ཉ་གང་ཟླ་བའི་ཆོས་སུ་གང་གིས་གྲུབ།།

ཡིད་ཀྱི་མཁའ་ལ་རྟག་རྩེན་ཟླ་བ་ཁྱོད།།
འབུར་འབུར་ནུ་མ་ནར་ནར་སྨིན་མ་མཆུ།།
ཚིག་གིས་མི་ཁྱོག་མཛེས་སྡུག་རབ་ལྕི་བའི།།
ལང་ཚོའི་ཞགས་པས་བདག་གི་སྙིང་ཁམས་བཀྱིགས།།

རྡོ་ཡི་རི་མོ་བསྐལ་པའི་རླུང་གིས་འགམ།།
སྲིད་པའི་ལྕགས་རི་རྟ་གདོང་མེ་ཡིས་བཞུ།།
ཁྱོད་ཀྱི་མིང་བྱང་གཟུགས་མེད་ཀུན་གཞིའི་ངོས།།
ཚེ་ཚེ་རབས་རབས་བར་དུ་གནས་ངེས་སོ།།

ཡངས་ཤིང་རྒྱ་ཆེ་སྲིད་པའི་མཁའ་དབྱིངས་ངོས།།
མཛངས་མ་མཛེས་མའི་སྐར་ཆེན་འབུམ་ཚོགས་དབུས།།
བདག་གི་ཉིན་གྱི་ཉི་མ་ཁྱོད་ཉིད་དེ།།
བདག་གི་མཚན་གྱི་ཟླ་བའང་ཁྱོད་ཉིད་དོ།།

སྲིད་པའི་མེ་ཏོག་དུག་གི་ལོ་མ་ཁྱོད།།
མྱ་ངམ་ཐང་ནས་སྐོམ་ཆུ་བཞིན་དུ་དྲན།།
སྣང་བའི་བདག་མོ་ཞེན་ཆགས་རི་མོ་ཁྱོད།།
ཕྱི་མ་བར་དོའི་ཡུལ་དུའང་བརྗེད་ཐབས་བྲལ།།

རང་ལ་མ་གཏོགས་ཆ་རྒྱུས་མི་གསལ་བའི།།
བདེན་པའི་གཏམ་ལ་འུད་བརྗོད་གོས་ཀྱིས་བཏུམས།།
བརྩེ་བ་འབར་ཚུལ་ཐ་སྙད་འཕྱོ་སྟངས་འདི།།
འགྱུར་མེད་ཅེས་པའི་ཨ་ཇོ་དོལ་པོས་བྲིས།།

༡༦-༡༠-༢༠༡༦ “ཁྱོད་ཀྱི་ཞལ་ནི་སྣང་སྟོང་སྒྱུ་མའི་འཕྲུལ།།” བོད་མཁས་ཀྱི་ཚིག་གཡར།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *