ཉི་ཟླའི་པང་གི་སྐར་ཚོམ།

རྩོམ་ཡིག་འདི་ཐེངས་ 298 བཀླགས་འདུག

ཉི་ཟླའི་པང་གི་སྐར་ཚོམ།

རས་གཟན་དམར་པོ། རྔ་བ།

ལང་ཚོ་གསར་བའི་དབུ་ཁྱུད་ཡག་མེ་ཏོག་འདྲ་ལ་ལོ་འདབ་འདྲ།།
སྐྱེས་ཡག་ལུས་ཀྱི་བཀོད་པ་མཛེས་བྲིས་ཐང་འདྲ་ལ་སྤྲིན་སྐར་འདྲ།།
ན་ཚོད་རན་པའི་གཞོན་གསར་ཚོ་ང་ཡི་མེས་པོའི་རེ་འབྲས་ཏེ།།
ཕ་ཡུལ་ཐུ་བྷོད་གཞིས་ཁྱིམ་གྱི་ཉི་ཟླ་གཉིས་ཀའི་ཐུགས་སྲས་ཡིན།།

ཀ་ཁ་འཚོལ་བའི་གོམ་སྟབས་མཛེས་རྨིག་བཞི་ཐོ་རུའི་འདེགས་འཇོག་འཁྲུངས།།
ཡིག་ཆུང་འབྲི་བའི་འཁྱུག་རྩལ་ཡག་ལྷུ་དྲུག་སྙུག་མའི་གཡོ་ལྡེམ་དོད།།
ལོ་ན་ཆུང་བའི་བྱིས་པ་ཚོ་ང་ཡི་འདས་མ་ད་གསུམ་སྟེ།།
རེ་བ་སྟོང་གི་ཕར་ནང་ན་ཉི་གཞོན་གསར་བ་བསུ་བར་རེ།།

བྱིས་བློ་གཙང་མའི་ནམ་མཁའ་མཛེས་ཟླ་བ་འདྲ་ལ་ཉི་འོད་འདྲ།།
ངག་ཐུན་མཉེན་མོའི་འབོད་པ་ཡག་ཁུ་བྱུག་འདྲ་ལ་འཇོལ་མོ་འདྲ།།
སྐར་ཚོམ་འདྲ་བའི་གཞོན་རབས་ཚོ་གངས་རིའི་མིག་ཆུ་དྭངས་མོ་སྟེ།།
ཤམ་བྷ་ལ་ཡི་ཞིང་ཁམས་ཀྱི་རྣམ་ཤེས་གསར་བའི་དཔུང་སྡེ་ཡིན།།

དབྱངས་གསལ་གྱེར་བའི་ང་རོ་སྙན་ཡིད་ལ་སིམ་ཞིང་རྣ་བར་འཇེབས།།
རྩེད་རྡོ་སྒྲིག་པའི་ཇུས་འགོད་ཡག་ཁྱིམ་གཞིས་བསྐྲུན་པའི་བཟོ་ལྟ་ཚེས།།
རྨི་ལམ་མང་བའི་བྱིས་པ་ཚོ་སྣོད་བཅུད་གཉིས་ཀའི་བདག་པོ་སྟེ།།
འབྱུར་འགྱུར་གངས་ལྗོངས་ལུང་པ་རུ་རང་དབང་རྟ་མཆོག་བསུས་ལ་ཤོག།
༢༠༡༥-༦-༡

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *