གྱ་སྟོན་སྙན་ངག་འབུམ་གྱིས་བསུ།

རྩོམ་ཡིག་འདི་ཐེངས་ 482 བཀླགས་འདུག

གྱ་སྟོན་སྙན་ངག་འབུམ་གྱིས་བསུ།

འབྲོང་ངུར་ཕོ་ཉ། རྡ་ས།

གངས་དཀར་པོ་ཡིས་མུ་ཁྱུད་སྐོར་ཞིང་། །ཡུལ་བསིལ་ལྡན་ཞེས་མིང་གིས་བསྙད་པའི།།
མགོན་སྤྱན་གཟིགས་ཀྱི་གདུལ་ཞིང་གསོན་པོར། །ཐུགས་དགྱེས་ཆགས་ཀྱིས་ནམ་ཡང་མ་འདོར།།

ལས་སྨོན་ལམ་གྱི་དཔུང་པ་བཙན་པོས། །བོད་མགོ་ནག་གི་བསོད་ནམས་འཐམས་པར།།
སྐུ་མཚན་དཔེ་ཡི་གཟི་འོད་ལམ་ལམ། །དྲིན་འཁོར་མེད་ཀྱི་གངས་རིའི་མགོན་པོ།།

སྐད་ཆ་ལུགས་སོགས་མི་གཅིག་ཡུལ་དུ། །རྗེ་ཁྱོད་མཚན་གྱི་སྙན་པ་དཀར་པོས།།
ལྷོ་འཛམ་གླིང་ལ་ཞི་བདེར་བསྒྱུར་བར། །མ་འགྲོ་ཁམས་ལ་བདེ་སྐྱིད་ལྷང་ལྷང་།།

ཞག་སུམ་བརྒྱ་དང་དྲུག་ཅུའི་འཁོར་མོ། །བགྲང་བརྩིས་པ་ཡིས་བརྒྱད་ཅུར་ལོན་པར།།
དཔལ་མཚུངས་བྲལ་གྱི་བསྟན་འཛིན་ལྷུན་པོར། །ཡིད་ཁྱེད་ཤེས་ཀྱིས་གདུང་དབྱངས་ཆད་མེད།།

མགོན་ཤཱཀ་ཐུབ་ཀྱི་གདུང་ཚབ་འཁྲུལ་མེད། །དཔལ་སྣང་མཐའ་ཡི་འོད་དཀའ་འགྱུར་མེད།།
རྗེ་མེས་དབོན་གྱི་འཕྲིན་ལས་ཕོ་ཉ། །བོད་ཆོས་ལྡན་གྱི་བསྟན་པའི་བདག་པོ།།

ས་པཎ་ཆེན་གྱི་མཁྱེན་རབ་བདག་ཉིད། །དཔལ་ཀློང་ཆེན་གྱི་གདམས་མཛོད་ངོ་མ།།
རྗེ་ཙོང་ཁ་པའི་མདོ་སྔགས་བང་མཛོད། །ཡུལ་འཕགས་བོད་ཀྱི་བསྟན་འཛིན་ཁྱུ་མཆོག།

ཁྱོད་འདྲ་བ་ཞིག་སྔོན་ཆད་མ་ཕེབས། །ཁྱོད་འདྲ་བ་ཞིག་ཕྱིས་ནས་མི་འབྱོན།།
ཁྱོད་མཚན་དཔེ་ཡི་དཀྱིལ་འཁོར་མ་བྲི། །དྲིན་དྲན་པ་ཡི་སྙན་ངག་མི་འགག།

སྐུ་བརྗིད་ཆེ་ཡི་ཞབས་ཟུང་མ་འགྱུར། །བོད་གཞིས་བྱེས་གཉིས་མ་བགྲོས་སེམས་པར།།
རྗེ་ཁྱོད་ཉིད་ལས་ལྷག་ཅིག་མ་རྙེད། །ཡུལ་གངས་ཅན་པས་བཀའ་དྲིན་རྟོགས་ཡོད།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *