བོད་ཀྱི་སྐྱེ་ཁམས་ཁོར་ཡུག

རྩོམ་ཡིག་འདི་ཐེངས་ 868 བཀླགས་འདུག

རྩོམ་པ་པོ།     སྙིང་མིག

བོད་ཡུལ་ནི་གང་དུ་མཆིས།

དེང་རབས་ཀྱི་སྨྱུག་འཛིན་པ་རྣམས་འུར་བཤད་ལ་དགའ་དྲགས་པ་དང་། རིག་གཞུང་ཉི་ཚེ་བ་རེ་ཙམ་གླེང་དྲགས་པ་ཙམ་ལས། འཛམ་གླིང་སྐྱེ་རྒུ་ཀུན་གྱི་འཚོ་གནས་བྱེད་སའི་རྟེན་གཞིའི་སྐྱེ་ཁམས་ཁོར་ཡུག་འདི་ཉིད་སྣང་མེད་དང་ཚོར་མེད་ཀྱིས་ཟུར་དུ་བཞག་པའམ་ལྷག་པ། ཡང་ན་ལུས་པ་མང་དྲགས་སོང་སྟབས། མཚམས་རེར་རང་བྱུང་ཁོར་ཡུག་སྒུལ་སྐྱོད་ཀྱི་ལམ་བར་ནས་སྐྱེ་འགྲོ་མང་པོར་གནོད་འཚེ་ཐེབས་པ་ཉུང་ཉུང་མིན། འུ་ཚང་ལ་མཚོན་ནའང་རིག་གཞུང་གསར་རྙིང་གི་འཐབ་རྩོད་དང་། མི་རབས་གསར་རྙིང་གི་འཐབ་རྩོད། ལྟ་བ་གསར་རྙིང་གི་འཐབ་རྩོད། ཆོལ་ཁའི་ཕྱོགས་ཞེན། ཆོས་ལུགས་ཀྱི་འགལ་འདུ་སོགས་ལ་མགོ་འཁོར་ཡ་མང་དྲགས་པ་ལས། ང་ཚོའི་གནས་གཞིའི་ཁོར་ཡུག་འདི་བདག་མེད་ཡན་གར་དུ་བོར་བའང་དེ་བས་ཉུང་ཉུང་མ་རེད་འདོད། དེས་ན་ད་ལན་ཁོ་བོས་སྐབས་སུ་བབ་པའི་གཏམ། དུས་སུ་བབ་པའི་ཆར་ནི། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྐོར་ནས་བག་ཙམ་གླེང་བར་བྱ། འཆད་འགྱུར་གྱི་སྐྱེ་ཁམས་ཁོར་ཡུག་འདིའི་བདག་པོ་ནི། རི་བོ་གངས་ཅན་པའམ་མགོ་ནག་བོད་པ་ཚང་ཡིན་ཞིང་། བོད་མིས་དུས་ནམ་ཙམ་ནས་ཡུལ་འདིར་བདག་བཟུང་བྱས་མིན་སུས་ཀྱང་ཏག་ཏག་བཤད་མི་ཤེས་མོད། བོད་རྒྱལ་ཐོག་མར་བརྩི་བའི་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་ཕེབས་པ་ཕྱི་ལོ་མ་ཚུགས་སྔོན་གྱི་ལོ་ ༡༢༧ནས་ད་ལྟའི་བར་དུ་ལོ་གྲངས་ ༢༡༤༢ ཕྱིན་ཡོད་ཅིང་། བོད་རྒྱལ་ལོ་ཞེས་བརྩི་སྲོལ་ཡང་དེ་ཁ་ཡིན། བོད་རྒྱལ་ཁབ་ཆེན་མོའི་རྨང་བཏིང་བའམ་བོད་ཁ་གཡའ་དྲུག་གི་རྗེ་བོ་ནས་བརྩིས་པ་ལས། རྒྱལ་ཕྲན་སིལ་མ་བཞི་བཅུ་དང་། རྒྱལ་ཕྲན་བཅུ་གཉིས་སམ། ལྷ་འདྲེས་དབང་བསྒྱུར་བའི་དུས་རབས་ནས་རུས་རྒྱུད་ཚོ་བ་གྱེས་ཚུལ་སོགས་ལས་བརྩིས་པ་མིན། བོད་ཡུལ་ནི་འཛམ་གླིང་གི་ས་ཁྲའི་དབང་དུ་བྱས་ན། རྒྱ་གར་དང་། བལ་ཡུལ། འབྲུག་པ་བཅས་ཀྱི་བྱང་། པ་ཀི་སི་ཐན་དང་། ཨབ་གྷ་ནི་སི་ཐན་སོགས་ཀྱི་ཤར། ཤར་ཏུ་ཀི་སི་ཐན་དང་། ཆེན་པོ་ཧོར་སོག་ཡུལ་ནས་ལྷོ། རྒྱ་ནག་ནས་ནུབ་ཉིད་དུ་མཆིས།

བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྤྱི་བབ་ནས་མཆིད་པ།

ལར་སྐྱེ་ཁམས་ཞེས་པ་ནི་རང་བྱུང་ཁམས་ན་སྐྱེ་ཞིང་འཕེལ་བའི་ནུས་པ་ཡོད་པའི་དངོས་པོ་སྟེ། རྩི་ཤིང་སྲོག་ཆགས་སོགས་རང་བྱུང་གི་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་གནས་ཤིང་འཚར་ལོངས་འབྱུང་བའི་རྣམ་པ་དང་། དེ་དག་གི་སྐྱེ་ཁམས་ཁྱད་ཆོས་དང་འཚོ་བའི་གོམས་སྲོལ་སོགས་ལ་གོ་ཞིང་། ཁོར་ཡུག་ཅེས་པ་ནི་རང་བྱུང་ཁོར་ཡུག་དང་། སྤྱི་ཚོགས་ཁོར་ཡུག་གི་བསྡུས་མིང་ཡིན་ལ། རང་བྱུང་ཁོར་ཡུག་ཅེས་པ་ནི་མཁའ་དབུགས་དང་ཆུ་ཀླུང་། སྲོག་ལྡན་དང་རྩི་ཤིང་། རི་ཀླུང་དང་གཏེར་ཁ། བྲག་རྡོ་དང་ཉི་འོད་ཀྱི་དྲོད་ཁུལ་སོགས་འདུས། སྤྱི་ཚོགས་ཁོར་ཡུག་ནི་འགྲོ་བ་མིའི་རིགས་རང་སྟེང་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན་ཡར་རྒྱས་བཏང་བའི་ཚད་ཐིག་ཅིག ལོ་རབས་དུ་མར་དམིགས་ཡུལ་དང་འཆར་གཞིའི་སྒོ་ནས་གསར་གཏོད་དང་འཛུགས་སྐྲུན་བྱས་པའི་མི་རིགས་ཀྱི་འཚོ་གནས་དང་བྱ་འགུལ། འཕེལ་རྒྱས་ཀྱི་མིས་བཟོས་ཁོར་ཡུག་ལ་གོ་བར་བཤད། འདི་ནས་བདག་གིས་སྐྱེ་ཁམས་དང་ཁོར་ཡུག་ཅེས་པའི་མིང་ཚིག་གཉིས་གཞི་གཅིག་ཏུ་བསྒྲིལ་ཏེ། དེ་འབྲེལ་གྱི་རྣམ་གཞག་རང་ནུས་གང་ལྕོགས་ཀྱིས་སྨོས་པ་ལས།  རི་བོ་གངས་ཅན་པའི་སྐྱེ་ཁམས་ཁོར་ཡུག་ནི། རི་མཐོ་ཞིང་ས་གཙང་བ། ནམ་མཁའ་སྔོ་ཞིང་སྤྲིན་པ་དཀར་བ། ཆུ་མོ་དྭངས་ཤིང་རི་ཀླུང་མཛེས་པ། མཁའ་དབུགས་གཙང་ཞིང་གནམ་གཤིས་བསིལ་བ། མཐའ་ནས་གངས་རིས་བསྐོར་ཞིང་མུ་འབྲེལ་དུ་གཙང་པོ་གཞོལ་བ། བར་བར་དག་ཏུ་མཚོ་དང་མཚེའུས་མཛེས་པར་བརྒྱན་པ། གསེར་དངུལ་ཟངས་ལྕགས་སོགས་རིན་ཐང་བྲལ་བའི་གཏེར་ཁས་ཕྱུར་བུར་ཁེངས་ཤིང་རང་བྱུང་གི་མེ་ཏོག་ཆལ་ཆིལ་བཞད་པ། ཕུ་ན་གངས་རི་དང་རྫ་རི། གཡའ་རི་དང་སྤང་རི། ནགས་རི་དང་སྲིབ་རི་སོགས་ཀྱིས་རྔམ་ཞིང་བརྗིད་པ། མདའ་ན་སྤང་ལྗོངས་དང་ནེའུ་གསིང་སོགས་ནི་སྣུམ་ཞིང་མཚར་སྡུག་ལྡན་ཞིང་མཐའ་ཡས་པའི་རྩྭ་ཐང་སྟེང་དུ་ཁ་དོག་རྣམ་པར་བཀྲ་བའི་སྣ་མང་མེ་ཏོག་འཛུམ་ཞལ་ལྷུག་པར་དགོད་པ། གཅན་གཟན་དང་། རི་དྭགས། འདབ་ཆགས་སོགས་སེམས་ཅན་རྣམས་སྤང་གཤོང་དང་། རྩྭ་ཐང་སོགས་མ་བཅོས་རང་བྱུང་ཁམས་ཀྱི་མཛེས་སྡུག་ཡིད་དུ་འོང་བའི་ཁོར་ཡུག་ཏུ་རང་དབང་ཅི་འདོད་ཀྱིས་འཚོ་བར་རོལ་བཞིན་བག་ཡངས་སུ་རྒྱུ་བ་བཅས་ཡོད།  བཀའ་གདམས་གླེགས་བམ་བུ་ཆོས་ལེའུ་ཉི་ཤུ་པ་ལས། “ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།། མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད།། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད།། དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད།། ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།།” (དགའ་ལྡན་ཕུན་ཚོགས་གླིང་གི་སྤར་མ་ཁ་པའི་ཤོག་ལྡེབ་ ༨༨ ན་གསལ།) ཅེས་པ་བཞིན་ས་གཞི་དང་ནམ་མཁའ། རི་བོ་དང་ནགས་ཚལ། ཆུ་བོ་དང་མཁའ་རླུང་སོགས་ལས་ཕྱི་རོལ་གྱི་འཇིག་རྟེན་གྲུབ་ཅིང་། དེ་ལའང་སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ། བར་དབུས་གཙང་རུ་བཞི་ཡུར་བ་འདྲ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་འདྲ་ཞེས་ཆགས་དབྱིབས་ཀྱི་ཚུལ་སྔོན་ཆད་ནས་བོད་མིས་བཤད་མྱོང་བ་དེ་ལ། དེང་སང་མཁའ་ལམ་ནས་བརྡབས་པའི་བརྙན་པར་གྱི་དབྱིབས་རིས་ལ་བལྟས་ན། སྔོན་ཆད་བོད་མི་རྣམས་ཀྱིས་བཤད་པ་དེ་ཅི་འདྲའི་བདེན་པ་ཞིག་རེད་ཨང་སྙམ་པ་མཆིས། རི་བོ་གངས་ཅན་གྱི་ལྗོངས་འདིར་འཛམ་གླིང་གི་ཡང་རྩེ་ཞེས་བརྗོད་པའི་རྒྱུ་མཚན་ནི། བོད་ཀྱི་སའི་སྙོམ་ཕལ་མོ་ཆེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༤༠༠༠ ངམ་སྤྱི་ཁྲེ་ ༡༣༠༠༠ ལྷག་ཙམ་གྱི་སྒང་དུ་གནས་ཡོད་སྟབས་ཡིན།

ད་ལྟ་ཡོངས་གྲགས་བོད་ཀྱི་ས་ཁྱོན་ནི། སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ ༢་༥༠༠༠༠༠་ཡོད་སྐད་ཐོས།

བོད་ཡུལ་གྱི་རི་བོ།

བོད་ཀྱི་ལྷོ་ཕྱོགས་སུ་གནས་པའི་རི་བོ་ཆེན་པོ་ཧི་མ་ལ་ཡའི་སྲིད་ཀྱི་རིང་ཚད་ལ་ སྤྱི་ལེ་ ༢༤༠༠ ལྷག་དང་། ཞེང་གི་ཚད་ལ་སྤྱི་ལེ་ ༣༠༠ ནས་ ༣༥༠ བར་ཡོད། མཐོ་ཚད་ཆ་སྙོམ་རྒྱ་མཚོའི་ངོགས་ལས་སྤྱི་ཁྲེ་ ༦༠༠༠ ཡས་མས་ཡོད། ཧི་མ་ལ་ཡའི་རི་རྩེ་མཐོ་ཤོས་འཛམ་གླིང་གི་གཙུག་ཏོར་དུ་གྲགས་པ་ཇོ་མོ་གླང་མའམ། མཐོན་མཐིང་གངས་ཀྱི་རྒྱལ་མོ་ནི། རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༨༨༤༨་༡༣ ཡོད་པ་དང་། གཞན་ཡང་སྟོད་མངའ་རིས་ཕྱོགས་སུ་གངས་དཀར་ཏི་སེའམ་གངས་རིན་པོ་ཆེ། གཙང་ཕྱོགས་སུ་གནོད་སྦྱིན་གང་བཟང་། ཇོ་མོ་ཁ་རག །དབུས་ཕྱོགས་སུ་གཉན་ཆེན་ཐང་ལྷ། ཡར་ལྷ་ཤམ་བུ། བོད་འབྲུག་ས་མཚམས་སྐུ་ལ་ཧ་རི། གནས་ཆེན་ཙ་རི་ཏྲ། ཁམས་ཕྱོགས་སུ་ཆུ་དམར་གངས་ཆགས། མི་ནག་གངས་དཀར། རོང་བཙན་ཁ་བ་དཀར་པོ། ལྷ་ཐོག་ཡུལ་དུ་གནས་ཆེན་པདྨ་ལྷ་རྫོང་། རྨེ་རི་གངས་དཀར། མདོ་སྨད་ཕྱོགས་སུ་རྨ་ཆེན་སྤོམ་ར། གངས་དཀར་ཕྱོགས་ལས་རྣམ་རྒྱལ། གསེར་རྟའི་འབྲོང་རི་སྨུག་པོ། གཉན་པོ་གཡུ་རྩེ། ཆུ་བཞི་ལྔ་དྲུག་ཏུ་བརྩི་བའི་སྒང་དྲུག་དང་། ཆུ་དྲུག་སྒང་ལྔ་རུ་བརྩི་བའི་སྒང་ལྔ་སོགས་པའི་རི་ཆེན་མིང་ཅན་མང་པོ་ཡོད་པ་དང་། གྱེན་འཕྱུར་གྱི་རི་བོའི་རྩེ་མོ་མཁའ་དབྱིངས་སུ་བསྙེགས་པ། སྤྲིན་པའི་ཐོར་ཅོག་བཅིངས་ཤིང་། ཁ་བའི་ཕྱུ་ཆེན་གྱོན་པ་མང་དུ་མཆིས་པ་ལས་རེ་རེ་ནས་སྨོས་ཀྱིས་ག་ལ་ལོངས།

བོད་ཡུལ་གྱི་གཙང་པོ།

འཛམ་གླིང་གི་མི་གྲངས་དུང་ཕྱུར་མང་པོས་ལོངས་སུ་སྤྱོད་བཞིན་པའི་གཙང་པོ་དུ་མ་ཞིག་བོད་ཡུལ་ནས་འབབ་ཀྱིན་ཡོད་ལ། སྐྱེ་དངོས་ཀྱི་བང་མཛོད་ཆེན་མོའམ་གཙང་པོའི་འབྱུང་ཁུངས་ཞེས་འཛམ་གླིང་ན་གྲགས། འདི་དག་ནི་རྒྱ་ནག་སྐམ་ས་ཆེན་མོའི་ནུབ་རྒྱུད་དང་། མཚོ་བོད་མཐོ་གཞོངས་ཀྱི་དབུས་ཁུལ། གོ་ལའི་འཕྲེད་ཐིག་བྱང་མ་ ༣༡་༣༩་ ནས་ ༣༦་༡༢ བར་དང་། ཤར་གྱི་གཞུང་ཐིག་ ༨༩་ ནས་ ༡༠༢་༢༣་ གྱི་བར་དུ་ཆགས་ཡོད། དཔེར་ན་སྟོད་མངའ་རིའི་ཕྱོགས་ཀྱི་གངས་རི་ཏི་སེའི་ཤར་ཕྱོགས་ནས་འབབ་པའི་རྟ་མཆོག་ཁ་འབབ་ནི། སྟོད་མངའ་རིས་ནས་རིམ་བཞིན་དབུས་དང་། གཙང་། དྭགས་པོ། ཀོང་པོ། པདྨ་བཀོད། ཀློ་ཡུལ། ཨ་སམ། བྷང་ལ་དྷེ་ཤ་སོགས་བརྒྱུད་ནས་རྒྱ་གར་གྱི་རྒྱ་མཚོ་ཆེན་པོར་འདྲེས། འདི་ལ་ཡར་ཀླུང་གཙང་པོའང་འབོད།

ལྷོ་ཕྱོགས་ནས་འབབ་པའི་རྨ་བྱ་ཁ་འབབ་ནི། སྤུ་ཧྲེང་ནས་རིམ་བཞིན་བལ་ཡུལ་དང་། རྒྱ་གར་གྱི་ཨུ་ཏར་པར་དེ་ཤེ་བརྒྱུད་ནས་འབབ་པས་ཧིན་དྷིའི་ཆོས་ལུགས་པ་རྣམས་ཀྱིས་འདི་ལ་ཧ་ཅང་རྩ་ཆེན་བརྩི། ཆུ་མོ་གངྒཱ་ཞེས་ཀྱང་འབོད། ནུབ་ཕྱོགས་ནས་འབབ་པའི་གླང་ཆེན་ཁ་འབབ་ནི། སྟོད་ཀྱི་མདའ་པ་ནས་རིམ་བཞིན་མཐོ་ལྡིང་དང་། ཁུ་ནུ། རམ་སྤུར། པན་འཇབ་སོགས་བརྒྱུད་ནས་འབབ།

བྱང་ཕྱོགས་ནས་འབབ་པའི་སེངྒེ་ཁ་འབབ་ནི། སྟོད་སྒང་ཐོག་ནས་རིམ་བཞིན་ལ་དྭགས་དང་། ཀསྨིར། པ་ཀི་སི་ཐན་སོགས་བརྒྱུད་ཨ་རབ་རྒྱ་མཚོ་ཆེན་པོར་འདྲེས་སོ། ཆར་དུས་སུ་ཨེ་ཤི་ཡའི་ཡུལ་གྲུ་ཁག་ལ་ཆུའི་དཀལ་ངལ་མེད་ཀྱང་། ཆར་དུས་མིན་པའི་ནམ་ཟླར་མི་འབོར་ས་ཡ་ ༩༠༠ ཙམ་གྱི་ལོ་ཧྲིལ་བོའི་ཆུའི་དགོས་མཁོ་བོད་ཀྱི་འཁྱགས་རོམ་དང་གཏན་ཆགས་འཁྱགས་རུམ་གྱི་ཞུ་རྒྱུན་ལ་ཐུག་ཡོད། རྒྱ་གར་ དང་། རྒྱ་ནག འབར་མ། ཝེཐ་ནཱམ། ལའཨོ་སུ། ཀའམ་བྷོ་ཌི་ཡ། བྷཱང་གྷ་ལཱ་དྷེཤ། པཱཀི་སཐཱན་བཅས་མི་འབོར་མང་ཞིང་འཕེལ་སྐྱེད་མྱུར་བའི་ཡུལ་གྲུ་ཁག་གི་དབར་དུ་ཆུའི་གནད་དོན་ཐད་དཀའ་ངལ་དང་དངངས་འཚབ་དུ་མ་འབྱུང་བཞིན་ཡོད།

གཞན་ཡང་གདང་ལ་རི་བརྒྱུད་ཀྱི་སྐུ་ལྷ་རྟེན་གདོང་རི་བོའི་ལྷོ་ནུབ་མཚམས་ཀྱི་འཁྱགས་རོམ་ལས་འབབ་པའི་འབྲི་ཆུ་ནི་དཀར་མཛེས་དང་། བདེ་ཆེན་སོགས་བརྒྱུད་ནས་རྒྱ་ནག་ཞིང་ཆེན་ཧུའུ་པེ་དང་། ཨན་ཧུའི་སོགས་བརྒྱུད་ཧྲང་ཧེ་རུ་ཤར་གྱི་རྒྱ་མཚོར་འབབ་བཞིན་ཡོད། མདོ་སྨད་དུ་བ་ཡན་ཧ་རིའི་ཤར་ཕྱོགས་ནས་འབབ་པའི་རྨ་ཆུ་ནི་མགོ་ལོག་དང་། མཛོད་དགེ་སོགས་བརྒྱུད་ནང་སོག་ཏུ་འབབ་པ་དང་། དེ་ནས་རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་དང་། ཧོ་ནན་ཞིང་ཆེན་སོགས་བརྒྱུད་མཐཪ་ཧྲན་ཏུང་དུ་པའོ་ཧེ་རྒྱ་མཚོར་འབབ་བཞིན་ཡོད་པ་རེད། གཞན་ཡང་དབུས་ཕྱོགས་སུ་སྐྱིད་ཆུ་དང་། ཉང་ཆུ། ཁམས་ཕྱོགས་སུ་རྫ་ཆུ་དང་། ངོམ་ཆུ། ཉག་ཆུ། རྒྱལ་མོ་རྔུལ་ཆུ། མདོ་སྨད་ཕྱོགས་སུ་ཙོང་ཆུ་དང་། ཀླུ་ཆུ།་བཟང་ཆུ། འབྲུག་ཆུ། དགུ་ཆུ་ལ་སོགས་པའི་ཆུ་ཆེན་མང་པོ་དལ་དལ་ལྷོད་ལྷོད་ཀྱིས་རྒྱུ་ཞིང་། ཆལ་ཆིལ་གྱི་རྦ་རླབས་འཕྱོ་བའི་རབ་དཀར་ཟེགས་མ་མཁའ་ལ་འཐོར་བཞིན་ལོ་ངོ་སྟོང་ ཕྲག་མང་པོའི་རིང་རྒྱུན་ཆད་མེད་པར་སེམས་ཅན་མཐའ་དག་ལ་བཏུང་བ་དང་། རྩི་ཤིང་སྐྱེ་དངོས་ཀྱི་རིགས་ལ་གསོན་ཤུགས་ཀྱི་འཚོ་བཅུད་སྦྱིན་བཞིན་མཆིས། དེ་ལྟ་བུའི་ཆུ་བོ་དེ་དག་གང་ནས་གང་དུ་རྒྱུ་བའི་ཡུལ་ལུང་དེ་རྣམས་ཀྱི་ལོ་ རྒྱུས་འཕེལ་རིམ་ཁྲོད་དུ་ཡུས་མེད་སྲི་ཞུ་ཇི་ལྟར་སྒྲུབ་པའི་ཚུལ་ལ་བསམས་ན་བྱམས་ལྡན་ཕ་མའི་དཔེ་ཟླར་འོས། ད་དུང་མ་འོངས་པར་དེང་དུས་ཀྱི་རིག་གསར་འཕྲུལ་དཔྱད་དག་དང་། ཆུ་ཀླུང་བཟང་པོ་དེ་དག་ཕན་ཚུན་ཐབས་ཤེས་མཛའ་འབྲེལ་དུ་སྤྱད་ན་འདོད་རྒུ་འཛད་མེད་དུ་འཇོ་བའི་རིན་པོ་ཆེའི་གཏེར་མཛོད་བཟང་པོ་ཞིག་ཏུ་འགྱུར་ངེས་སོ།།

གཤེར་ས་དང་མཚོ་བྲི་རྒུད།

བོད་ཁམས་ཁྱོན་ཡོངས་སུ་མཚོ་དང་མཚེའུ་ཁྲི་ཕྲག་ཙམ་མཆིས་ཤིང་། བོད་མི་ཚོས་དེ་དག་འགའ་ཞིག་ནི་བོད་ཀྱི་འདས་མ་ད་གསུམ་གྱི་སྐྱིད་སྡུག་ལེགས་ཉེས་སྟོན་པའི་མེ་ལོང་ལྟ་བུར་ངོས་འཛིན་བྱེད་པའི་རྩ་ཆེའི་ས་གནས་སུ་ངོས་འཛིན་བྱེད་པ་དང་། མཚོ་དེ་དག་གི་ཆུ་ལ་ནད་དང་ཟུག་རྔུ་སེལ་བའི་ནུས་པ་ཡོད་པར་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། མཚོ་དང་མཚེའུ་དེ་དག་ཕལ་ཆེ་བའི་ཆུའི་ཚད་རང་སོར་གནས་རྒྱུར་ཉེ་ཁུལ་ས་གནས་ཀྱི་བཞུར་ཆུ་ཁག་དང་ས་འོག་གི་ཆུ་ལ་བརྟེན་ཡོད་ཅིང་། ཕལ་ཆེ་བར་མཚོ་ཆུ་ཕྱིར་འཐོན་སའི་ཆུ་སྒོ་ཡང་མེད། གཞི་རྩའི་ཆ་ནས་འདི་ལྟའི་མཚོ་དང་མཚེའུ་ཁག་གི་ཆུའི་ཚད་རིམ་ཁག་མིའི་བྱ་སྤྱོད་དང་གནམ་གཤིས་ཚ་དྲོད་ཀྱི་སྟངས་འཛིན་འོག་གནས་ཡོད་སྟབས།
བོད་ནང་གི་མཚོའི་གྲངས་འབོར་ནས་མང་མང་ཞིག་ཕྱིར་མི་ལྡོག་པར་རྩ་བརླགས་སུ་ཕྱིན་ཟིན།
ཕྱི་ལོ་ ༡༩༧༠ ནས་ ༡༩༨༨ བར་གྱི་དུས་ཡུན་ནང་བོད་བྱང་ཕྱོགས་སུ་ཆགས་པའི་བྱང་གནམ་མཚོའི་མཚོ་ཁའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༣༨ .༥༨ ཆུང་དུ་ཕྱིན་ཡོད་པ་དང་། སྤྱི་སྙོམ་བྱས་ན་ལོ་རེར་སྤྱི་ལེ་གྲུ་བཞི་མ་ ༢.༡༤
ཙམ་ཆུང་དུ་ཕྱིན། དེ་སྔོན་གནམ་མཚོའི་ཆུ་ཁ་བྲི་ཚད་དལ་པོ་ཡིན་ཡང་། ད་ལྟ་ནི་ཧ་ཅང་བྲི་ཚད་མྱུར་པོ་ཆགས་ཡོད། དུས་ཡུན་རིང་པོ་ཞིག་གི་རིང་བོད་མཐོ་སྒང་གི་ས་གནས་དེ་ག་ལེར་སྐམ་ཤས་ཇེ་ཆེར་ འགྲོ་བཞིན་ཡོད་ཀྱང་། ད་ཆ་ཚད་མྱུར་དུ་ཕྱིན་ཡོད་ཚུལ་སོགས་ཆེད་གཉེར་གྱི་ཚན་རིག་པས་བརྗོད་ཡོད་ཅིང་། མངོན་ཆོས་མྱོང་གྱུར་ལྟ་བུའི་སྐྱེ་ཁམས་ཁོར་ཡུག་ལ་རྒྱུན་དུ་སུས་ཀྱང་དོ་སྣང་མེད་མོད། ཞིབ་མོའི་བློས་དཔྱད་ན་འདི་དག་ནི་ཧ་ཅང་གལ་ཆེན་གྱི་རང་བཞིན་ཞིག་ཏུ་མཐོང་།

བོད་ཡུལ་གྱི་རི་སྐྱེས་སྲོག་ཆགས།

རི་སྐྱེས་སྲོག་ཆགས་ཞེས་བརྗོད་སྐབས་མིས་བདག་ཏུ་མ་བཟུང་བའམ། མི་ཡི་གསོ་སྙོར་ལ་མ་ལྟོས་པའི་སྲོག་ཆགས་ཀྱི་རིགས་ལ་གོ་དགོས། ལར་བོད་ཡུལ་དུ་མིས་བདག་ཏུ་བཟུང་བའི་སྲོག་ཆགས་ཀྱང་མང་དུ་ཡོད་དེ། དཔེར་ན། གཡག་དང་། འབྲི། རྟ། ལུག ། ར། ཁྱི། ཕག བྱ་དེ། བོང་བུ་ལ་སོགས་རེད། སྐབས་བབ་ཀྱི་རི་སྐྱེས་སྲོག་ཆགས་ལས་རི་དྭགས་ཀྱི་རིགས་ནི། འབྲོང་། བསེ་རུ། ཤྭ་བ། གནའ་བ། རྒོ་བ། གླ་བ། གཙོད། གླང་ཆེན། གཉན། ར་རྒོད།  རྐྱང་། རྐྱང་ཁྲ། བ་མེན། རྒྱ་ར། ཤྭ་ཁྲ་སྐེ་རིང་། ཝ། སྦེ། སྤྲ། སྤྲེའུ། ཨབ་བྲ། ཙི་ཙི་སོགས་དང་། གཅན་གཟན་གྱི་རིགས་ནི། སེངྒེ་དང་། སྟག གཟིག གསའ་འམ་གངས་གཟིགས། གཡི། དོམ་ནག། དོམ་ཁྲ། དོམ་ཁྲ་དམར་ཆུང་། དྲེད། སྤྱང་ཀི འཕར་བ་སོགས་དང་། འདབ་ཆགས་ཀྱི་རིགས་ནི། རྒོད་དང་། གོ་བོ། གླག ཁྲུང་ཁྲུང་སྐེ་ནག བྱ་ཝང་། རྨ་བྱ། སྐྱ་ག ཕོ་རོགས། ཁྭ་ཏ། ཤུག་སྐྱག་རྒྱ་ཁྲ། འཇོལ་མོ། ཕུག་རོན། བྱ་ལོང་། འོལ་པ། ནེའུ་ལེ། སོགས་ནི་མཚན་གཞི་ཙམ་ཡིན་ཞིང་། ད་དུང་ཆུ་གནས་ཀྱི་སྲོག་ཆགས་ནི་བརྗོད་ཀྱིས་མི་ལོངས། འདི་ནག་བོད་ཡུལ་ཙམ་ལས་ཡུལ་གཞན་དུ་དཀོན་པའི་རྩ་ཆེའི་སྲོག་ཆགས་ཀྱི་གྲལ་ཡིན་ཞིང་། འདི་དག་ནི་སྲིད་པ་ས་ལ་ཆགས་ཤིང་། རི་མོ་ལ་རྡོ་བརྐོས་པ་ནས་བོད་ཡུལ་དུ་ས་སྐྱེས་རྡོ་སྐྱེས་ཀྱི་བོད་པའི་རི་སྐྱེས་སྲོག་ཆགས་ཡིན།

 

བོད་མིས་རང་བྱུང་ཁོར་ཡུག་ལ་འཛིན་པའི་འདུ་ཤེས།

གནའ་རབས་བོད་མིས་སྐྱེ་ཁམས་ཁོར་ཡུག་ལས་ཕལ་མོ་ཆེ་ནི་རང་ཉིད་ཀྱི་སྐྱབས་གནས་ལྟ་བུའི་འདུ་ཤེས་འཛིན་ཞིང་། ཉི་མ་དང། ཟླ་བ་སོགས་ལ་སྐྱབས་སུ་བཅོལ་མྱོང་བ་མ་ཟད། ས་ལ་གནས་པའི་ས་ལྷ་དང༌། རི་ལ་གནས་པའི་གཞི་བདག་དང་ཟོ་དོར། ནམ་མཁར་གནས་པའི་གཉན། ཡུལ་ལ་གནས་པའི་ཡུལ་ལྷ། ཆུ་ལ་གནས་པའི་ཆུ་ལྷའམ་ཀླུ། བྲག་ལ་གནས་པའི་བཙན་སོགས་ཡོད་པ་བཤད་ལ། རི་ཀླུང་ས་རྐོ་རྡོ་སློག་དང་ཤིང་ནགས་གཅོད་འབྲེག་བྱས་ན་ཡུལ་ལྷ་དང༌། ས་ལྷ། གཞི་བདག་གིས་ཀོ་ལོང་ཕྲག་དོག་བྱས་ཏེ་གནོད་པ་ཡོང་བ་དང༌། ཆུ་མགོ་དང་ཆུ་བོ་བཙོག་པ་བཟོས་ན་ཀླུའི་གནོད་པ་ཡོང་བ། བྲག་རོང་དང་བྲག་དམར་གྱི་རིགས་ལ་བཙན་གནས་ཡོད་པས་རྩི་ཤིང་གཅོད་འབྲེག་བྱས་ན་བཙན་གྱིས་གནོད་པ་ཡོང་བ། རི་སྐྱེས་སྲོག་ཆགས་སོགས་རྔོན་རྒྱག་བྱ་མི་རུང་བ་དེ་དག་ཚང་མ་ཡུལ་ལྷ་གཞི་བདག་གི་སྒོ་ཁྱི་སྒོ་ཟོག་ཡིན་པ་མ་ཟད། དེ་བཞིན་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་དང་སྲོག་གཅོད་བྱས་ནའང་གཞི་བདག་གིས་ཐོག་རྒྱག་པ་དང་། སེར་བ་གཏོང་བ། རླུང་སྦུད་པ་སོགས་ཀྱི་གནོད་སྐྱེལ་འོང་བར་དོགས་ཟོན་རྒྱུན་མར་བྱེད་པ་མ་ཟད། ཐ་ནའང་དགོང་ཀར་མཆོད་མེའི་འོད་མདངས་ཙམ་ཡང་སྒོ་དང་སྒེའུ་ཁུང་སོགས་ལས་བཀའ་གཉན་པའི་ཕྱི་རོལ་དུ་ཕོག་ན། ནང་དུ་གནོད་པ་ཡོང་བར་ཞེད་སྣང་བྱེད་དེ། རྒན་འཁོགས་རྣམས་ཀྱིས་གཞོན་པ་རྣམས་ལ་དེ་ལྟར་མི་རུང་བའི་སློབ་གསོ་བྱེད་ཅིང་། འབྲོག་པ་ཡིན་ན་ས་རུབ་པ་དང་མཉམ་དུ་སྦྲའི་སྒོ་ཐུ་དང་། གོང་ཁ་སོགས་ལེགས་པར་འཐེན་ནས་ནང་གི་འོད་མདངས་ཕྱི་རོལ་དུ་མི་འཕྲོ་བར་བྱེད། འབྱུང་བ་ཆ་སྙོམ་ཞིང་དུས་བཞི་གསལ་བ། རྩི་ཤིང་ནགས་ཚལ་རྒྱས་པ། ཆུ་བོ་ཆུ་ཕྲན་མང་བ། ཡུལ་ཁམས་གཙང་ཞིང་དག་པ། ཆར་ཆུ་དུས་སུ་འབེབས་པ། ལོ་ཕྱུག་རྟག་ཏུ་ལེགས་པ། འབྲོག་པ་ཕྱུགས་ཀྱི་འཕེལ་ཁ་རྒྱས་ཤིང་། ཞིང་པའི་སོ་ནམ་ལོ་འབྲས་ལེགས་པ་སོགས་བྱུང་ན་རི་བོ་དང་ཆུ་བོར་གནས་པའི་ལྷ་ཀླུ་སོགས་ཀྱིས་ཕན་བཏགས་པར་འདོད་ཅིང་། དེ་ལྟར་མ་བྱུང་ན་དེ་དག་མ་མགུ་བས་གནོད་པ་བྱས་པར་དོགས།

ཉེ་རབས་བོད་མིས་རང་བྱུང་ཁོར་ཡུག་ཕལ་མོ་ཆེ་ཞིག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་གནས་རྩ་ཆེན་དུ་བརྩི་བ་དང་། ཡི་དམ་གྱི་ལྷ་ཚོགས་གནས་སའི་ཕོ་བྲང་ལྟ་བུ་བརྩི་བ་དང་། ཆོས་སྐྱོང་སྲུང་མ་རྣམས་ཀྱི་རྟེན་མཁར་དུ་བརྩི་བ་སོགས་ཀྱིས་ཕྱག་འཚལ་བ་དང་། སྐོར་བ་བསྐོར་བ། མཆོད་པ་འབུལ་བ། སྨོན་ལམ་འདེབས་པ། སྨད་དར་རྩེ་མདོ་ནས་རྐྱོང་ཕྱག་འཚལ་ཏེ། སྟོད་ཀྱི་གངས་དཀར་ཏི་སེའི་གམ་དུ་བགྲོད་མྱོང་། ཡང་གཅིག་བཤད་ན། བོད་མི་རྣམས་ཀྱིས་ཆོས་ཕྱོགས་སུ་དཀའ་བ་སྤྱད་པ་དང་། དཔལ་འབྱོར་གཏོང་བ། དད་འདུན་ཆེ་བ་སོགས་ཀྱི་བློས་གཏོང་འདི་ཙམ་ཞིག་འཇིག་རྟེན་འཁོར་བའི་བྱ་གཞག་གི་ཐོག་ཏུ་བཏང་ཡོད་ན། ད་ཚོད་འཛམ་གླིང་འདིར་བོད་ཅེས་བྱ་བའི་སྙན་གྲགས་ཀྱིས་ས་གཞི་འདར་བ་ཞིག་བྱུང་ཡོད་པའི་ཁ་ཚོན་གཅོད་ཐུབ། དེང་རབས་ཀྱི་བསམ་བློ་སྨྲ་བ་ཧ་ཅང་མང་མང་ཞིག་གིས་ནང་ཆོས་དང་། ནང་པ་ལ་རྒོལ་བ་འདིའང་ངོས་གཞན་ཞིག་ནས་བལྟས་ན་ཁོ་པ་རྣམས་ཐུགས་མད་པ་མ་ཟད། སུས་ཀྱང་རྒུལ་སྐྱོད་མི་ནུས་པའི་གནས་ལུགས་དང་རྒྱུ་མཚན་གལ་ཆེན་རེ་འདྲེན་རྒྱུ་ཡོད་པ་འདིས་ཀྱང་། དམ་པའི་ཆོས་དང་འཇིག་རྟེན་སྲིད་ཅེས་པ་གཉིས་མེ་ཆུ་བཞིན་མི་མཐུན་པའི་འགལ་ཟླ་ཞིག་གམ། ཡང་ན་འཁོར་བའི་ཕུན་ཚོགས་སྒྲུབ་པར་དམ་པའི་ཆོས་དང་། ཆོས་ལུགས་པས་གནོད་སྐྱོན་ག་ཚོད་བྱུང་མིན་ཐད་གཞན་དང་གཞན་དུ་འཆད་རྒྱུ་ལས་འདིར་སྐབས་དོན་སྒྲིབ་པར་དོགས་ནས་རེ་ཞིག་སྐྱུར་བཞག་ཡོད་དོ།

དེང་རབས་བོད་མིས་རང་བྱུང་ཁོར་ཡུག་ནི། འགྲོ་བ་མི་སོགས་སེམས་ཅན་རྣམས་ཀྱི་ལོངས་སུ་སྤྱོད་བྱ་ཞིག་གམ། འགྲོ་བ་མི་སོགས་སེམས་ཅན་རྣམས་ཀྱི་འཚོ་གནས་ཀྱི་འབྱུང་ཁུངས་རྣལ་མ། གཏེར་རྫས་སོགས་རིན་པོ་ཆེ་དཔག་མེད་རུམ་དུ་གསོག་ཉར་བྱས་ཡོད་པའི་སྦྱིན་བདག་ལྟ་བུ་ཞིག་ལ་ངོས་འཛིན་བྱེད། ད་ལྟའང་གནས་རི་དག་ལས་ཤིང་ནགས་གཅོད་འབྲེག་སོགས་མི་བྱེད་ཅིང་། གཞི་བདག་དང་། བཙན་སོགས་གནས་པར་སྨྲ་བའི་རི་བོ་དག་ལ་བཀག་རི་ཟེར་ཞིང་། དེ་དག་ལས་ཤིང་ནགས་སོགས་བླང་ན་དྲག་རྩལ་ཆེ་བའི་གནས་བདག་གིས་གནོད་སྐྱེལ་འོང་བའི་བག་ཆགས་གཏིང་ཟབ་མོ་ཞིག་རྒྱུན་མར་སེམས་སུ་འཁྱིལ་ཡོད།

མ་འོངས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ།

མི་ཡུལ་གྱི་དག་ཞིང་ཞེས་འབོད་པའི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་དེ་ཉིད་ལ་ད་སྐབས་ཉམས་དམས་སུ་ཅུང་ཙམ་ཕྱིན་ནའང་། མ་འོངས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྐོར་ལ་བསམ་གཞིག་ནན་མོ་དགོས་པ་ཤིན་ཏུ་གལ་ཆེ་བར་འཁུམས། གནད་དོན་འདིའི་ཐོག་ཏུ་བོད་མི་བསམ་ཡོད་ཤེས་ལྡན་ཀུན་ལ་སེམས་ཁུར་ལྕི་མོ་རེ་མེད་མཁན་མེད་མོད། ལྷག་ཏུ་དེའི་སྐོར་ལ་ྋགོང་ས་རྒྱལ་བ་རིན་པོ་ཆེས་ཡང་ཡང་གསུངས་མྱོང་ཞིང་། <<མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན>>་ནང་འཁོད་དོན། “བོད་དང་ཉེ་སྐོར་ཡུལ་གྲུ་ཁག འཛམ་གླིང་ཁྱོན་ཡོངས་ཀྱི་ཕན་བདེའི་ཆེད། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། མཉམ་འབྲེལ། ཁོར་ཡུག་སྲུང་སྐྱོབ་དང་བཅས་པའི་ཞི་བདེའི་བསྟི་གནས་ཤིག་བསྐྲུན་རྒྱུ་”ཞེས་ དང༌། “བོད་ཀྱི་ཡུལ་ཁམས་ནི་འཚེ་མེད་བྱམས་བརྩེ་ལྡན་པའི་ཞི་བའི་བསྟི་གནས་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་བསྟི་གནས་ཤིག་ཏུ་བསྒྱུར་ཐོག བར་གནས་ཀྱི་ངོ་བོར་གནས་ཏེ་དོན་གནད་གང་ཅིའི་ཐོག་དམག་འཐབ་སྤོང་རྒྱུ་”ཞེས་མ་འོངས་བོད་ཀྱི་ས་ཆ་དེ་ཁོར་ཡུག་སྲུང་སྐྱོབ་དང་ཞི་བདེའི་བསྟི་གནས་ཀྱི་ཡུལ་ ལྗོངས་ཤིག་བསྐྲུན་རྒྱུའི་དགོངས་ཚུལ་དང་ལམ་སྟོན་གནང་ཡོད།

མཁས་དབང་ཟམ་གདོང་རིན་པོ་ཆེས། <<འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་འཆར་སྣང་>>ཞེས་པའི་ནང་“མི་དང་དུད་འགྲོའི་དབར་གྱི་འབྲེལ་ལམ་དང༌། མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་ལམ་བཅས་ནི་ཆོས་དང་དངོས་པོའི་གནས་ཚུལ་གཉིས་ ཐད་ནས་ཤིན་ཏུ་གཏིང་ཟབ་ཀྱི་གཅིག་འབྲེལ་དུ་གནས་ཡོད་”ཅེས་དང༌། “ཉམས་ཆག་ཚབས་ཆེན་ཕྱིན་པའི་བོད་ལྗོངས་ཀྱི་ཁོར་ཡུག་དང༌། འབྱུང་བཅུད་བསྐྱར་གསོ་བྱ་རྒྱུ་བཅས་ནི་རང་དབང་བོད་ཀྱི་ཛ་དྲག་དང་གལ་འགངས་ཆེ་ བའི་ལས་འགན་ཞིག་ཏུ་ངོས་ལེན་བྱེད་དགོས་”ཞེས་དང༌། “ཁོར་ཡུག་བདག་གཅེས་དང་སྲུང་སྐྱོབ་ཀྱི་ལས་རིམ་ནི་དོ་སྣང་ ཆེ་ཤོས་སྤྲད་དགོས་པའི་དོན་གནད་ཅིག་ཏུ་བརྩི་རྒྱུ་ཡིན་”ཞེས་སོགས་འཁོད་ཡོད་པ་ རེད། མདོར་ན་མ་འོངས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་བབ་དེ། མི་དང་ཁོར་ ཡུག་གཉིས་འཆམ་མཐུན་ངང་སྔར་ལྷག་གོང་འཕེལ་གཏོང་དགོས་པ་མ་ཟད། ལྗང་མདོག་ལྡན་པའི་ཡུལ་ལྗོངས་དང༌། འཚེ་མེད་ཞི་བའི་བསྟི་གནས། སྐྱེ་ཁམས་ཁོར་ཡུག་དོ་མཉམ་པ་ཞིག་བསྐྲུན་རྒྱུ་དེ་འགག་རྩའི་ལྟ་གྲུབ་ཅིག་ལོས་ཡིན་སྙམ།

 

བོད་མིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།

བོད་མིའི་རིག་གཞུང་ཀུན་གྱི་སྲོག་རྩ་ནི། ནང་དོན་རིག་པའི་གཞུང་ལུགས་ངེས་ཤིང་། ནང་དོན་རིག་པའི་གོ་བ་གཏིང་ཟབ་མོ་མ་ཆགས་པ་དེ་སྲིད་དུ་བོད་ཀྱི་རིག་གཞུང་ལ་གོ་བ་ཆགས་མི་སྲིད་ཅིང་། ནང་དོན་རིག་པའི་གཞུང་ལུགས་ལས་གང་བཤད་པ་ཀུན་ནི་བོད་མིའི་སེམས་སུ་ནམ་ཡང་གནས་ལུགས་དང་བདེན་པ་འཛིན་པའི་ཡིད་ཆེས་བརྟན་པོ་མཆིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་སྐོར་མདོ་ལས་ཡང་ཡང་མཐོང་རྒྱུ་ཡོད་དེ། མདོ་རྩ་བ་ལས། “ཤིང་ལྗོན་པ་མེ་ཏོག་གི་ཤིང་དང་འབྲས་བུའི་ཤིང་ལ་སོགས་པ་བསྐྱེད་པ་མི་རུང་བ་མ་ཡིན་ནོ།  །ཤིང་ལྗོན་པ་དེ་བསྐྱེད་ནས་མི་བསྐྱང་བར་མི་བྱའོ།  །མ་བྱས་ན་ཉེས་བྱས་སོ། །ཡུན་ཇི་ལྟར་བསྐྱང་ཞེ་ན་མེ་ཏོག་དེའི་ཤིང་ལྗོན་པ་ནི་མེ་ཏོག་ཆགས་ཀྱི་བར་དུ་འབྲས་བུ་བསྐྱང་བར་བྱའོ། །མེ་ཏོག་ཤིང་ལྗོན་པ་ལས་གཞན་འབྲས་བུའི་ཤིང་ལྗོན་པ་ནི་འབྲས་བུ་ཆགས་ཀྱི་བར་དུ་བསྐྱང་བར་བྱའོ། །མེ་ཏོག་དང་འབྲས་བུའི་ཤིང་དེ་གཉིས་ནི་ཡུན་རིང་བ་ཉིད་ན་ལོ་ལྔར་རོ། །བསྐྱང་བར་བྱའོ། །” ཞེས་ལྗོན་ཤིང་ལ་སོགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་གྱི་སྐོར་ཆོས་ལུགས་རིག་གནས་ཀྱི་ནང་དུ་མང་མང་གསུངས་ཡོད་པ་མ་ཟད། བཟོ་རིག་པ་དང་། གསོ་བ་རིག་པ། སེམས་ཁམས་རིག་པ་སོགས་ལས་ཀྱང་ཡང་ཡང་བཤད་ཡོད། ཆེས་གནའ་བོའི་དུས་ནས་བོད་མིས་རང་བྱུང་ཁམས་འདི་ལ་སྲུང་སྐྱོབ་ཀྱི་འདུ་ཤེས་ཧ་ཅང་བརྟན་པོར་མཆིས་ཏེ། དཔེར་ན། བླ་རི་དང་། བླ་ཤིང་། བླ་མཚོ། ལྷ་ཤིང་། ཀླུ་ཤིང་། བཙན་ཤིང་། རྟེན་ཤིང་སོགས་རྩ་ཆེན་དང་གཉན་པོ་ཡིན་པའི་ངོ་བོ་ནས་སྲུང་སྐྱོབ་བྱས་མྱོང་བ་མ་ཟད། ལྷག་ཏུ་ཕྱི་ལོ་ ༡༣༥༨ ལོར་བོད་ཁམས་དབང་བསྒྱུར་བྱེད་པོ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱི་སྐབས་སུ་རི་རྒྱ་ཀླུང་རྒྱ་བཀྲམས་ཏེ། རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་འབད་བརྩོན་ཆེས་ཆེར་གནང་བ་ནི། ལོ་ངོ་བརྒྱ་ཕྲག་ཕྱེད་བདུན་གྱི་ཡར་སྔོན་སོང་གཤིས། འཛམ་གླིང་ནས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་མཁན་ཆེས་ཐོག་མའི་གྲལ་དུ་ཡིན་པར་ངེས། དེ་ཙམ་གྱི་འཆར་གཞི་དང་གོ་རིམ་ལྡན་པའི་སྲུང་སྐྱོབ་ཅིག་མ་ནུས་ནའང་། དོན་དུ་རང་བྱུང་ཁོར་ཡུག་འདི་ལ་སྙིང་ནས་ཞེ་རྩིས་རྣལ་མ་ཞིག་བོད་མིས་བཞག་མྱོང་བའང་གནའ་བོའི་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཡོད་པ་ཀུན་གྱིས་རྟོགས་ངེས། དེང་སང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་འཛམ་གླིང་གི་སྙན་ཐོ་དག་ལས་ཡང་ཡང་གླེང་འོང་བ་ནི། འཛམ་གླིང་གི་ཡང་རྩེར་སོན་པའི་རི་བོ་གངས་ཅན་པའི་རང་བྱུང་སྣོད་བཅུད་གཉིས་ཀའི་ཕུགས་འདུན་གལ་ཆེན་ཞིག་བོད་ཡུལ་ལ་རག་ལས་ཚུལ་དང་། གལ་ཏེ་ད་ལྟའི་བར་བོད་ཡུལ་དུ་བག་མེད་ལོངས་སྤྱོད་དང་། ཁོར་ཡུག་གཏོར་བརླག ས་རྡོ་སྔོག་པའི་བྱེ་ཐང་དང་། གཙང་པོ་སྐམ་པའི་གྲམ་ཐང་། འཁྱག་རོམ་བཞུ་བའི་གྲོག་རོང་སོགས་སུ་བསྒྱུར་ན། མ་འོངས་པར་མི་ལོ་བརྒྱ་ཕྲག་གཅིག་གཉིས་ཀྱི་ནང་དུ་གདོང་ལེན་མི་ནུས་པའི་དཀའ་སྡུག་མང་པོ་ཞིག་འཕྲད་འོང་ཚུལ་ཚན་རིག་པ་དག་གིས་དོ་ནན་མོས་བརྗོད་མྱོང་། རྟ་ཡི་ལོ་རྒྱུས་རྟ་དང་། ཤིང་གི་གནས་ཚུལ་ཤིང་བཟོས་ཤེས་པ་བཞིན་གནད་དོན་འདིའི་རིགས་ཚན་རིག་པ་མ་གཏོགས་སུས་ཀྱང་མི་ཤེས་སྟབས། ཚན་རིག་པས་དེ་འབྲེལ་གང་བཤད་པ་ལ་ཚད་མ་འཛིན་ཏེ། རི་བོ་གངས་ཅན་པའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱ་རྒྱུ་ཅི་བས་གལ་ཆེ།

སྐྱེ་ཁམས་ཁོར་ཡུག་གི་སྒུལ་ཤུགས།

རི་བོ་གངས་ཅན་པའི་སྐྱེ་ཁམས་ཁོར་ཡུག་གི་སྒུལ་ཤུགས་སམ་ནུས་སྟོབས། ཡང་ན་མཐུ་རྩལ་ནི་ཧ་ཅང་ཆེ་བ་ཞིག་སྟེ། ཚད་ཀྱིས་མི་ལོངས་ཤིང་གྲངས་ཀྱིས་མི་འགྱོག་པའི་རླབས་རྒྱུན་ཞིག་ཡིན། འདི་ནི་ཨེ་ཤ་ཡའི་གཙང་པོའི་འབྱུང་ཁུངས་སམ། འཛམ་གླིང་གི་གཙང་པོའི་འབྱུང་ཁུངས་ཡིན་པའི་རྒྱུ་མཚན་ཙམ་གྱིས་མ་ཡིན་པར། ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་སྲུབས་གདོང་ནི་རི་བོ་གངས་ཅན་གྱི་ལྗོངས་འདི་ཡིན་གཤིས། གནའ་རབས་ནས་ད་རབས་བར་དུ་འདབས་འབྲེལ་གྱི་རྒྱབ་ཁབ་ཁག་གིས་བོད་ཡུལ་འདིར་འགྲམ་ཆུ་མི་ལྡང་མཁན་ཞིག་མེད་པ་མ་ཟད། འདིའི་ཆེད་དུ་སྐྱེ་འགྲོ་ས་ཡ་མང་པོའི་ཚེ་སྲོག་ཤོར་བའང་སྨོས་ག་ལ་དགོས། རི་ཀླུང་གཏེར་ཁས་ཁེངས་པའི་ཡུལ་ལྗོངས་འདིར་ཁེ་ཕན་དང་། གྲུབ་འབྲས་མཐའ་ཡས་པ་ཞིག་མཆིས་སྟབས། ཕྱོགས་ཀྱི་རྒྱལ་ཁབ་རྣམས་ཀྱིས་ཡིད་སྨོན་ཤོར་བ་ཡིན། གནའ་རབས་ཀྱི་བདུད་པོ་རོ་ཏི་མགོ་ཡག་དང་། སྲོག་བདུད་དུང་གི་ཐོར་ཚུགས་སོགས་ལྷ་འདྲེས་དབང་བསྒྱུར་བའི་དུས་རབས་ནས་གཉའ་ཁྲི་བཙན་པོའི་བོད་ཁ་གཡའ་དྲུག་ལ་དབང་མ་བསྒྱུར་བར་དུའང་རི་ཆུ་ཀླུང་གསུམ་སོགས་སྐྱེ་ཁམས་ཁོར་ཡུག་འདི་ཉིད་ལ་མགོན་དཔུང་དང་སྐྱབས་གནས་ལྟ་བུ་འདུ་ཤེས་འཛིན་མྱོང་ཞིང་། གཉའ་ཁྲི་བཙན་པོར་གཉན་པོའི་གསང་བ་ཐོབ་པ་དང་། སྲོང་བཙན་སྒམ་པོའི་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་ནག་ནས་སྤྱན་དྲངས་པ་ནས་ད་ལྟའི་བར་དུ་རི་ཆུ་ཀླུང་གསུམ་སོགས་སྐྱེ་ཁམས་ཁོར་ཡུག་འདི་ལ་དག་ཞིང་ལྟ་བུའི་འདུ་ཤེས་འཛིན་མྱོང་།

མདོར་ན་བོད་ཡུལ་ནི་བོད་པའི་གཞིས་ཁྱིམ་ཡིན་ཞིང་། བོད་པ་ནི་བོད་ཡུལ་གྱི་ཁྱིམ་བདག་ཡིན། བོད་པ་ཚང་གི་ལག་ནས་བོད་ཡུལ་འཕྲོག་བཅོམ་སོགས་བྱས་ན་ནམ་ཡང་བོད་པས་བློས་གཏོང་མི་སྲིད་ལ། བོད་ཡུལ་ནས་བོད་པ་ཚང་ཕྱི་འབུད་བཏང་ན་ནམ་ཡང་བོད་པ་ཚང་གིས་བཟོད་སྲན་བྱེད་མི་སྲིད། གཞིས་ཁྱིམ་འདིའང་འཛམ་གླིང་ན་སྙན་གྲགས་འབར་བའི་འཛམ་གླིང་གི་ཡང་རྩེ་སྟེ། འཛམ་གླིང་གི་དག་ཞིང་དུ་འབོད་པའི་རི་བོ་གངས་ཅན་གྱི་ལྗོངས་འདི་ཡིན་ནོ།།

༢༠༡༥།༥།༢༥

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *