བོར་ཟིན་པའི་བདེན་སྐྱོང་མི་ལུགས།

རྩོམ་ཡིག་འདི་ཐེངས་ 650 བཀླགས་འདུག

རོ་ལངས།  ༡ མི་གཞི་ལ་ཆག་གྲུམ་ཤོར་ཅིང་། འཆོལ་ཉོག་རུལ་སུངས་ཀྱི་མི་ཆོས་ཀུན་སྤྱོད་འདི་མཐོང་ཐེངས་རེར། ངས་རང་དབང་མེད་པར་དེའི་རྩ་བའི་འབྱུང་རྐྱེན་ལ་བསམ་གཞིག་ཤོར་འགྲོ། འགྲོ་བ་མི་ཡི་མི་ཆོས་ཀུན་སྤྱོད་དེ་ནི་འདུ་ཤེས་འཛིན་སྟངས་རིགས་ཤིག་གིས་ཁ་ལོ་སྒྱུར་གྱིན་ཡོད་ལ། དེ་ཡང་འཇིག་རྟེན་ལྟ་ཚུལ་ལམ་རིན་ཐང་གི་ལྟ་བའི་སྦྲུམ་འབྲས་ཉག་གཅིག་ཏུ་ཟད། འཚོ་བའི་ཁྲོད་དུ་དངོས་པོ་སྟོབས་དང་ལྡན་པའི་ཕུལ་དུ་བྱུང་བ་དང་། བསླུ་བྲིད་མཁས་པའི་ཕུལ་དུ་ཕྱིན་པ་གཉིས་ཤིག་བྱུང་བས། རིན་ཐང་གི་ལྟ་བ་དེ་ལ་ཡང་གཙོ་བོར་གཉིས་སུ་སྣང་། དངོས་པོ་གཉིས་ནི། བདེན་དྲང་དང་། ཁེ་ཕན་གཉིས་ཡིན་ལ། ལྟ་བ་གཉིས་ནི་བདེན་སྐྱོང་གི་ལྟ་བ་སྟེ་བདེན་པ་གཙོར་འཛིན་གྱི་ལྟ་བ་དང་། ཁེ་གཙོ་ཡི་ལྟ་བ་སྟེ་ཁེ་ཕན་གཙོར་འཛིན་གྱི་ལྟའོ། །དེ་ལས་མི་ཆོས་ཡང་གཉིས་ཤིག་བྱུང་ངོ་། །བདེན་སྐྱོང་མི་ལུགས་ཀྱི་ཚབ་མཚོན་སྐད་ཆ་ནི་“ཡིད་རྟོན་ཕེར་བའི་མི་ཞིག་བྱེད་དགོས་”ཞེས་པ་ཡིན་ཞིང་། ཁེར་གཙོ་མི་ལུགས་ཀྱི་ཚབ་མཚོན་སྐད་ཆ་ནི། “ཁེ་འདོད་ལ་གྱོང་མི་འདོད་པའི་ཕྱིར་”ཅེས་པ་དེ་རེད། བདེན་སྐྱོང་ཚུལ་ལུགས་ཀྱི་བརྩོན་ལེན་བྱ་ཡུལ་ནི་བདེན་པ་དང་གཟི་བརྗིད་ཡིན་ལ། ཁེ་གཙོ་རིང་ལུགས་ཀྱི་གཉེར་བྱ་མཐར་ཐུག་ནི་རང་གི་ཁེ་ཕན་རེད། གནའ་བོ་ཡོ་གླིང་གི་ཤེས་རིག་འབྱུང་ཁུངས་ཀེ་རི་སི་རུ་ཡང་བདེན་སྐྱོང་རིང་ལུགས་དར་ཁྱབ་ཆེ་ཞིང་། ཧོ་མའི་སྙན་ངག་སོགས་སུ་བདེན་སྐྱོང་དཔའ་བོའི་གཏན་རྒྱུད་ཀྱི་ངོ་མཚར་བསྟར་ཡོད་སྐད། དེང་ཡ་གླིང་ཞེས་བསྙད་པའི་གླིང་ཆེན་འདིར་ནི། གནའ་བོ་བདེན་སྐྱོང་མི་ལུགས་ཀྱི་ཚབ་མཚོན་ཉག་གཅིག་དེ་བོད་བཙན་པོའི་མི་ཆོས་རེད། སྤྱིར་ན་བདེན་པ་དང་གཟི་བརྗིད་ལ་བསྟོད་གླུ་མི་འབུལ་མཁན་ཆེར་མེད་ཀྱང་། དེ་ཉིད་ལ་ཆེ་མཐོང་འཇོག་སྟངས་དང་། གཙོ་བོར་འཛིན་སྟངས་གི་ཆ་ནས་ཁྱད་པར་གནམ་ས་ལྟ་བུ་ཤོར་ནས་ཡོད་ལ། དེ་ཡིས་སྦྲུམ་པའི་མི་ཆོས་བསམ་སྤྱོད་ལའང་སྔོན་པོ་དང་སེར་པོ་ལྟར་རྦད་དེ་ཁ་དོག་གཞན་ཞིག་མངོན་པར་འཚེར་ནས་ཡོད། བོད་བཙན་པོའི་མི་ཆོས་མཚོན་བྱེད་རང་བཞིན་གྱི་བསྟན་བཅོས་དེང་བཞུགས་པ་ནི། ཏུན་ཧོང་ནས་ཐོན་པའི་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཉིད་ཡིན། མི་ཆོས་གསམ་བློ་དེའི་འགོ་ཁུངས་མཐའ་གཅིག་ཏུ་བོད་རང་རེད་ཅེས་ཁ་ཚོན་མི་ཆོད་མོད། བོད་བཙན་པོའི་སྐབས་ཀྱི་མི་ཆོས་གཙོ་རྒྱུག་གི་བསམ་བློ་ནི་དེ་ཉིད་ཡིན་པར་བསྙོན་དུ་མེད་པར་སྣང་། དེ་རུ་འཁོད་པ་ནི་དྲང་པོ་ལྟེ་བར་བཟུང་བའི་མི་ཆོས་བསམ་བློའི་དཀྱིལ་འཁོར་དཔའ་ཉམས་ཀྱིས་ཕྱུག་པ་ཞིག་བྲིས་ནས་ཡོད་ལ། གཞུང་ངམ་རྩ་བ་དྲང་པོས་འཛིན་དགོས་པ་དང་། དེ་ཉིད་སྲོག་ལ་ཐུག་ཀྱང་སྲུང་དགོས་པའི་གཏམ་གྱི་སྙིང་པོ་གཟི་རླིང་ལྡན་པ་ཞིག་ཡོད། དེ་རུ་“གཞུང་”ཞེས་པའི་མིང་ཚིག་འདི་ཡང་དང་ཡང་དུ་བཀོལ་ཅིང་། དེ་ལ་གོ་དོན་གཉིས་ཤིག་ཡོད་པ་ནི་“རྩ་བ་དང་དྲང་པོ་”གཉིས་ཡིན། དེར་རྩ་བ་དང་དྲང་པོ་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ལྟར་དུ་ཡོད་པ་འདིས། དྲང་པོ་དེ་ཡོད་ཚད་ཀྱི་རྩ་བར་འཛིན་གྱི་ཡོད་པར་བསྙོན་ཐབས་བྲལ་བ་རེད།

བདེན་སྐྱོང་མི་ལུགས་དར་ཡུལ་དཔའ་བོའི་གཏམ་རྒྱུད་ཀྱིས་ཕྱུག་པར་རྒྱུ་མཚན་ཆེན་པོ་འདུག་སྟེ། བདེན་པ་སྐྱོང་བའི་གཙོ་རྒྱུག་ཉག་གཅིག་དེ་ནི་འཇིགས་པ་བྲལ་བ་ཡིན་ལ། དེ་ཉིད་དཔའ་བོའི་ཁྱད་གཤིས་སུ་སྣང་བས་རེད། བདག་ཉིད་ཆེན་པོ་གྷན་དྷིས་“གང་དུ་མི་འཇིགས་ལ་ཡོད་པ་དེར་རང་བཞིན་གྱིས་བདེན་པར་གནས་པ་ཡིན་”ཞེས་པ་ལྟར། བདེན་པ་ལ་གནས་ན་འཇིགས་པ་བྲལ་བ་ཡོང་ཞིང་། འཇིགས་པ་དང་བྲལ་བས་བདེན་པ་གཞི་ནས་སྐྱོང་ཕོད་པར་འགྱུར། དེ་བས་ན་བདེན་པ་དང་འཇིགས་པ་དང་བྲལ་བ་གཉིས་ནི་ཕན་ཚུན་འཛད་མེད་དུ་བསྐྲུན་པའི་རྒྱུ་འབྲས་ཀྱི་འཁོར་ལོ་ཞིག་ཏུ་སྣང་། ལྷག་པར་དུ་བདེན་སྐྱོང་གི་མཚོན་བྱེད་གལ་ཆེན་ཞིག་ནི་བདེན་པར་སྨྲ་ཞིང་། སྨྲས་པའི་གཏམ་ལ་འགན་འཁུར་བ་ཉིད་ཡིན་ཞིང་། གནའ་བོའི་ཡིག་ཚང་ལ་གྲགས་པའི་“རྒྱ་ཡིག་ཐོག་དང་བོད་ཚིག་ཐོག”་ཅེས་པའི་གཏམ་དཔེ་འདིས་ཀྱང་། ང་ཚོར་བོད་བཙན་པོའི་མི་ལུགས་ཀྱི་ཟར་ཟུར་འགའ་འཆད་ཀྱིན་མི་འདུག་གམ། ལྷག་པར་དུ་བདེན་སྐྱོང་མི་ཆོས་ནི་སྤྱི་ཚོགས་ཤིག་ལ་མཚོན་ན་རུལ་འགོག་གི་རྫས་དང་མཚུངས། བདེན་དྲང་གི་ཟུངས་བཅུད་ཤོར་ན་སྤྱི་ཚོགས་དེ་རུལ་མྱགས་སུ་འགྲོ་རྒྱུ་ལས་ལྷག་མ་ཅི་ཡང་ལུས་མེད། གནས་ལུགས་འདི་ལྟར་སོང་བས་སྤྱི་ཚོགས་ལེགས་བཅོས་བྱེད་མཁན་གྱི་སྐྱེས་མཆོག་ཚོས། མི་ལུགས་ཀྱི་བདེན་དྲང་དར་སྤེལ་གཏོང་ཐབས་བརྒྱུད་ནས་སྤྱི་ཚོགས་ལེགས་བཅོས་ལ་འབད་བརྩོན་མཛད་ཡོད་ལ། བདག་ཉིད་ཆེན་པོ་གྷན་དྷིའི་བརྩོན་ལེན་གྱི་ལྟེ་བ་དེ་ཡང་བདེན་དྲང་གི་ཐོག་ཏུ་སྣང་། ཁོང་གི་བདེན་པའི་ཨུ་ཚུགས་ཀྱི་ལྟ་བ་དང་། དེ་ཉམས་ལེན་ལ་དགོས་ངེས་ཀྱི་ཆ་རྐྱེན་དུ། འཇིགས་པ་མེད་པ་དང་། བདེན་པ་སྲུང་དགོས་པར་གསུངས་ཤིང་། “འཇིགས་པ་མེད་པ་དེ་མེད་ན་བདེན་པའི་ཨུ་ཚུགས་པ་རྣམས་ཀྱི་འཁོར་ལོ་དེ་གོམ་པ་གཅིག་ཀྱང་མདུན་དུ་སྤོ་མི་ཐུབ་”དོན་ཡང་། འཇིགས་པ་དང་བྲལ་བ་དེ་མེད་ན་བདེན་དྲང་ཡོང་མི་ཐུབ་པས་ལོས་ཡིན། མ་གཞི་ཁོང་ནི་རྒྱ་གར་གྱི་ཆབ་སྲིད་པ་ཞིག་ཡིན་ཀྱང་གཏིང་ཟབ་པའི་རྣམ་དཔྱོད་ཀྱིས་གནས་ལུགས་མཁྱེན་ཏེ་བདེན་དྲང་ཁ་མིན་སྙིང་ནས་དར་སྤེལ་མཛད་ཅིང་། བདེན་པའི་སྙིང་སྟོབས་ཀྱི་གོ་བགོས་ནས་ཞི་བའི་གཡུལ་ལ་ཆས་པས་སྙན་པ་འཛམ་གླིང་ལ་ཁྱབ་པ་ཡང་། བདེན་དྲང་གི་སྟོབས་སུ་སེམས་རྣལ་དུ་གནས་པ་སུ་ཞིག་མི་འདོད། ནུས་ཤུགས་ཀྱི་འབྱུང་ཁུངས་ཆེ་ཤོས་གཅིག་ནི་སྤྱི་ཚོགས་ཡིན་ཞིང་། དེ་ཉིད་དར་སྤེལ་གཏོང་མ་ནུས་ན་འཇིག་རྟེན་པའི་དོན་ཆེན་གང་ཡང་མི་འབྱུང་ཞིང་། དེ་ཉིད་དར་བའི་རྩེ་མོར་སོན་མིན་ཡང་བདེན་སྐྱོང་སྙིང་རྩའི་འགུལ་ཚད་ལ་རག་ལུས་ནས་ཡོད་ན། བདེན་དྲང་ལ་ཆེ་མཐོང་མི་འཇོག་པ་དང་། དེ་ཉིད་གཙོ་བོར་མི་འཛིན་པ་འདི་བློ་གྲོས་ལྡན་པའི་རྣམ་ཐར་ག་ལ་ཡིན། བོད་བཙན་པོའི་མི་ལུགས་ལས། མི་ཆོས་ཀྱི་རྩ་བའམ་“གཞུང་དྲང་པོས་གཟུང་”དགོས་པ་དང་། “མི་དཔོན་པོ་བྱས་ན་ནམ་མཁའ་དང་མཚུངས་པར་སྙོམས་ཤིང་། སྲང་མདའ་དང་འདྲ་བར་དྲང་ལ། བདེན་ཅན་གྱིས་མ་རང་པ་མེད་པ་དང་། འཚོ་སྐྱོང་གིས་མ་ཁྱབ་པ་མེད་པར་བྱ་”དགོས་པ་དང་། ཕུགས་བརྟན་ཞིང་གནས་ལུགས་ལ་རྟོན་དགོས་པ་ལས་འཕྲལ་རང་ལ་གང་ཕན་གྱི་ཁེ་གཙོ་པ་བྱ་མི་རུང་བས། “བུ་དང་དགྲ་བོ་གཉིས་ལའང་སོ་སོའི་ལེགས་ཉེས་གང་བྱས་ལྟར་ལས། འཁྱོག་པོ་མི་བྱེད་ན་དེ་ལ་ཡི་རང་མི་བྱེད་མཁན་སུ་ཞིག་ཡོད་”དེ་མེད་པས་དྲང་པོ་ལྟེ་བར་འཛིན་དགོས་པ་དང་། སྤྱིར་དགོས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྲོག་སྲིད་གཉིས་ཡིན་མོད། “བྱ་ངན་གཡོ་ཐབས་བྱེད་བྱེད་དེ་གསོན་པ་བས། དྲང་པོ་སྙོམས་པ་བྱེད་བྱེད་དེ་ཤི་ཡང་བླ་”བས། “ཕྱི་ཚུལ་བཟང་ཞིང་ཁ་སྙན་ལ་ཞེ་འཁྱོག་ཁོག་རུལ་དུ་གནས་པར་མ་བྱེད་ཅིག་”ཅེས་བདེན་སྐྱོང་མི་ལུགས་ཀྱི་གདམས་ངག་གསོན་པོ་དག་གསེར་འོད་ལམ་ལམ་གྱིས་མངོན་པར་འཚེར་ནས་འདུག་ཨང་།

 

མི་ཆོས་ནི་འཇིག་རྟེན་པའི་ཚུལ་ལུགས་ཏེ། ཁྲིམས་དང་གོམས་སྲོལ་སོགས་ཚུད་པའི་མི་ཡི་འཚོ་གནས་བྱ་སྟངས་གི་སྒྲོམ་གཞི་ཅུང་ཆ་ཚང་བ་ཞིག་ལ་འདོད། མི་ཡུལ་འདིར་མི་ཆོས་ཚུལ་ལུགས་ཀྱི་ཡལ་ག་འདྲ་མིན་སྣ་ཚོགས་དབྱར་གྱི་རྩི་ཤིང་ལྟར་རྒྱས་ཀྱང་རྩ་བ་གཉིས་སུ་འདུ། དེ་ནི་བདེན་སྐྱོང་མི་ཆོས་ཚུལ་ལུགས་དང་། ཁེ་གཙོ་མི་ཆོས་རིང་ལུགས་གཉིས་ཡིན། བདེན་སྐྱོང་མི་ཆོས་ཚུལ་ལུགས་ནི་བདེན་པ་ལྟེ་བར་འཛིན་པའི་མི་ཆོས་ཚུལ་ལུགས་ལ་ཟེར་ཞིང་། ཁེ་གཙོ་མི་ཆོས་རིང་ལུགས་ནི་ཁེ་ཕན་ལྟེ་བར་བཟུང་བའི་མི་ཆོས་རིང་ལུགས་ལ་ཟེར། བོད་བཙན་པོའི་མི་ལུགས་བསྟན་བཅོས་ལས་“གཙོ་བོར་ནོར་དད་ཆེ་བ་དང་མཛངས་ཤིང་དྲང་བ་གཉིས་མཐུན་ཐབས་མེད་”ཅེས་དང་། གྷན་དྷིས་དབུལ་ཕོངས་དུ་གནས་དགོས་པའི་རྒྱུ་མཚན་དུ་“དངུལ་འདོད་པའི་སྲེད་པ་དང་བདེན་པའི་ཨུ་ཚུགས་བསྟེན་རྒྱུ་གཉིས་མཉམ་དུ་འགྲོ་མི་ཐུབ་”ཅེས་པ་བཞིན། མི་ལུགས་དེ་གཉིས་ནི་ནམ་ཡང་ལྷན་དུ་གནས་མི་རུང་བའི་མི་ཆོས་ཚུལ་ལུགས་གཉིས་སུ་གྲུབ་ནས་འདུག དེའི་གོ་དོན་ནི་བདེན་སྐྱོང་པས་ཁེ་ཕན་བསྐྲུན་མི་སྲིད་པ་དང་། ཁེ་གཙོ་པས་བདེན་པ་མི་སྣོག་མི་སྲིད་པའི་དོན་མིན་པར། བདེན་དྲང་དང་ཁེ་ཕན་གཙོར་འདོན་བྱེད་ལུགས་ཤིག་ཏེ། དེ་ཡང་གནད་འགག་ལ་ཐུག་དུས་བདེན་པའི་ཆེད་དུ་ཁེ་ཕན་བློས་གཏོང་ནུས་པའམ། ཁེ་ཕན་གྱི་ཆེད་དུ་བདེན་དྲང་སྣང་མེད་དུ་མི་འདོར་ན། དེ་ནི་བདེན་སྐྱོང་པ་རུ་གཏོགས་ཤིང་། རྒྱུན་དུ་བདེན་པ་དྲང་པོ་ཞེས་ཁ་དབུགས་རླུང་བུ་དང་ཁ་ལྕེ་དར་ལྕོག་བྱེད་མཁན་ཞིག་ཡིན་རུང་། རང་གི་ཁེ་ཕན་ལ་ཐུག་དུས་བདེན་དྲང་རྒྱབ་ལ་འདོར་རྐྱང་བྱེད་ཅིང་། རྫུན་གྱི་སྐྱི་གཤོག་བརྐྱངས། སྣོག་གི་ལག་ནག་སྲིང་བའི་འཁྱུག་ཉམས་ཅན་གྱི་མགོ་བདེ་དེ་རིགས་ནི་ཁེ་གཙོ་རིང་ལུགས་པའི་ཁོངས་སུ་གཏོགས་པ་རེད། དེ་ཡང་བཙན་པོས་མི་ལུགས་ལས་དྲང་པོའི་རྩ་འཛིན་མེད་ན། “གཡོ་ཅན་ཕྱུག་པོ་ལ་ནི་བསྟོད་ཅིང་བཟང་པོར་བརྩིའོ། །དྲང་པོ་དབུལ་པོ་ལ་འཕྱ་ཞིང་སྨད་པར་བྱེད། རྐུན་པོ་དང་ཁ་མཁས་ཅན་སོགས་ལ་དགའ་བར་བྱེད་ཅིང་། སྤྲང་པོ་དང་ཕོངས་པ་དག་ལ་ཚིག་རྩུབ་མོས་གཤེ་བར་བྱེད་དོ། །”  ཞེས་པ་ལྟར། མདང་དེ་རིང་ཁ་སང་བོད་པ་རྣམས་དང་། ལྷག་པར་ཡུལ་བྱོལ་བའི་ཁྲོད་ན་གཡོ་སྒྱུ་ཁྲམ་གསུམ་གྱི་སྒོ་ནས་ཁེ་འབྱོར་ཐོབ་མཁན་གྱི་ཕྱུག་པོ་དག་ལ། མཐོ་དམན་དང་སྐྱ་སེར་མེད་པར། སྒོ་ཁྱིས་བདག་པོ་མཐོང་བ་ལྟར་རྔ་མ་མིན་པའི་རྔ་མ་གཡུག་སྟངས་འདིས། ང་ཚོ་གཞན་འགྱུར་བྱས་ཟིིན་པ་རྟོགས་ཡོང་ལ། རྣམ་འགྱུར་འདིས་ང་ཚོས་བོད་བཙན་པོའི་བདེན་སྐྱོང་མི་ལུགས་བོར་ཟིན་ཅིང་། གཞན་གྱི་ཁེ་གཙོ་མི་ལུགས་ཀྱི་གཟུངས་གཞུག་བཅུག་ཟིན་ཏོ་ཞེས་སྐད་གསང་མཐོན་པོས་ཤོད་བཞིན་པ་དང་འདྲ། འཇིག་རྟེན་འདིར་བདེན་སྐྱོང་མི་ཆོས་ནུབ་ཅིང་ཁེ་གཙོ་མི་ཆོས་རིང་ལུགས་དར་བའི་ཡང་རྩེར་སྙེག་པའི་དུས་ནི། མི་ཡུལ་འདི་འདོད་རྔམ་མེ་ལྕེ་མཆེད་པའི་མྱ་ངམ་ཐང་ཆེན་ཞིག་ཏུ་གྱུར་པའི་དུས་ཡིན་ལ། དུས་དེར་མི་ཡུལ་ན་དྲེགས་པས་སྨྱོས་པ་ནི་དངོས་པོའི་འབྱོར་བ་འབའ་ཞིག་ཡིན། སྐབས་དེར་འགྲོ་བ་མི་རྣམས་ནི་དངོས་པོའི་བྲན་གཡོག་ཏུ་གྱུར་པའི་དཔལ་འབྱོར་སྲིན་འབུ་ཙམ་དུ་ཟད་ཅིང་། རང་ཉིད་ཀྱིས་བསྐྲུན་པའི་མྱ་ངམ་ཐང་ཆེན་དེར་སུ་དང་གང་ལའང་ཡིད་རྟོན་མེད་པའི་ཡ་ང་བའི་འཚོ་བ་རོལ་བ་ནི། བདེན་སྐྱོང་མི་ཆོས་ཚུལ་ལུགས་ཉམས་པའི་མཇུག་འབྲས་ཉག་གཅིག་ཡིན་ཞིང་། འདི་ལས་ཡ་ང་བའི་མཇུག་འབྲས་ཤིག་མི་ཡུལ་དུ་གཏན་ནས་འབྱུང་མི་སྲིད་པའི་ཚོད་དུ་སྣང་། ཀྱེ་མ་གྲོགས་པོ་དག འདི་སྐད་གླེང་དུས་ཁྱོད་ཀྱིས་ཐག་རིང་དུ་བལྟ་མི་དགོས། ཡ་ང་བའི་མཇུག་འབྲས་དེ་ང་ཚོའི་ཉེ་སར་བཅར་ཟིན་པ་རེད།

གང་ལས་ཁེ་ཕན་བྱུང་ན་དེ་ཉིད་གཙོ་བོ་དང་། རབ་དང་ཕུལ་དུ་བརྩི་བ་དེ་ནི་ཁེ་གཙོ་པའི་མཚོན་བྱེད་ཅིག་ཡིན། དེ་དག་གིས་རིན་ཐང་ཆེ་ཆུང་ཡང་ཁེ་ཕན་གྱི་རིམ་པ་ལྟར་དུ་སྒྲིག་པར་བྱེད། བདེན་སྐྱོང་པ་ལྟར་ན་དེ་ཉིད་ཀྱི་གོང་ན་ད་དུང་བདེན་དོན་ཡོད། དེ་བས་གནའ་བོ་ཀེ་རི་སི་མཁས་པ་ཨ་རི་སི་ཊོ་ཊལ་གྱིས། “ང་ནི་བདག་གི་དགེ་རྒན་ལ་དགའ་མོད། འོན་ཀྱང་ང་རང་བདེན་དོན་ལ་དེ་བས་དགའོ། །” ཞེས་བཤད་པ་རེད། འོན་ཀྱང་རྒྱ་གར་བས་ནི་གང་ལས་ཁེ་ཕན་འབྱུང་ན། དེ་ཉིད་གཙོ་བོར་འཛིན་ཅིང་གོང་ན་མེད་པ་དང་ལྷ་རུ་བཀུར་བ་སོགས་བྱེད་པས། རྒྱ་གར་གྱི་གཙོ་རྒྱུག་མི་ཆོས་ནི་ཁེ་གཙོ་རིང་ལུགས་བསྙོན་མེད་ཡིན་ཞིང་ད་དུང་སྒྲུབ་བྱེད་མང་། འདི་ནི་ཐ་མལ་ནུས་མེད་དག་གི་བསམ་པར་ཧ་ཅང་འཚམས་པར་མ་ཟད། འདོད་རྔམ་གྱི་བརྡ་ལན་དང་མཐུན་པས་དང་ལེན་བྱེད་བདེ། གཏན་ཚིགས་ཀྱི་མཐར་ཐུག་ནི་ཁེ་འདོད་ལ་གྱོང་མི་འདོད་པའི་ཕྱིར་ཞེས་པ་ཡིན། དེའི་དཔེ་མཚོན་གྱི་གཏམ་རྒྱུད་ནི་ཁེ་གཙོ་མི་ལུགས་བསྟན་བཅོས་སུ་ཤེས་རབ་ཅན་དུ་བསྔགས་པའི་འཕགས་རྒྱལ་གྱི་བྲམ་ཟེའི་བུ་གཙུག་ཕུད་ཅན་གྱི་གཏམ་རྒྱུད་རེད། དེ་རུ་འཁོད་པའི་མི་སྣ་དེ་ནི་ལེགས་པར་དཔྱད་ན་དྲང་བདེན་རྒྱབ་ལ་བོར་བའི་ཆབ་སྲིད་པ་འཁྲུལ་མེད་ཅིག་རེད་མོད། མི་སྣ་གཙོ་བོ་དེར་མཐར་ཐུག་དངོས་པོའི་ཁེ་ཕན་ཆེན་པོ་ཐོབ་པར་བཤད་པས་ཁེ་གཙོ་མི་ལུགས་སུ་འགྲན་གྱི་དོ་ཟླ་མེད་པའི་ཤེས་རབ་ཅན་དུ་བརྗོད། འོན་ཀྱང་བདེན་སྐྱོང་མི་ལུགས་ལྟར་ན་ཁོ་ནི་གླེང་རིན་མེད་པའི་སྤྱང་ཀི་ཆུང་ངུ་ཞིག་རེད། ཁོས་རང་གི་ཁེ་ཕན་ཆེད་དུ་ཉེས་མེད་བསླུས་པའི་གྲལ་དུ། རྒྱལ་སྲས་དང་། ཁྱིམ་བདག་ཕྱུག་པོ། བ་གླང་རྫི་བོ་སོགས་འདུག་ལ། དེ་དག་གི་ཚེ་སྲོག་ནི་ཁོས་ལག་རྩེད་རྩེ་ཡུལ་དུ་གྱུར་སོང་། ཁོས་ཕོ་སྐྱེས་དར་མའི་རང་འཁྲིའི་འོས་འགན་འཚོ་གནས་གཙང་མ་ཞིག་ཀྱང་བསྐྲུན་མ་ནུས་ཅིང་། རང་ལྟོ་རང་ལག་ཟུང་གིས་བརྒྱངས་མ་ནུས་པར་གཞན་དག་བསླུས་ཤིང་། སྐབས་འཕྲལ་རང་གི་ཁེ་ཕན་གྱི་ཆེད་དུ་ཉེས་མེད་གཞན་གྱི་ཚེ་སྲོག་ལ་དེ་ལྟར་ལག་རྩེད་བྱས་མོད། ཁེ་གཉེར་རིང་ལུགས་པའི་མཁས་ཆེན་དག་གིས་ཤེས་རབ་ཅན་ཞེས་བསྔགས་པར་བསམ་ཚེ། འཚེ་མེད་ཞི་བའི་རིང་ལུགས་ཞེས་གྲགས་སྙན་གོ་ལ་ཟླུམ་པོར་འཁྱུད་པའི་ནང་བསྟན་པའི་དགེ་སློང་དེ་ཚོས། སྐབས་དེར་སྟོན་པའི་བཅས་པ་ལས་བརྒལ་ནས་ཅུང་ཟད་བཏུང་བཞག་མིན་ནམ་སྙམ་པ་ཡོང་།

ཡང་ཕྱོགས་གཅིག་ནས་བཤད་ན་ནང་བསྟན་ཆོས་ལུགས་ཀྱིས་བོད་པ་ཚང་དབང་དུ་བསྡུས་པས། དེ་ཉིད་མི་ལུགས་ལྷ་ལུགས་ཡོངས་ཀྱི་ཚད་ཤིང་དུ་གྱུར་ཅིང་། དེ་ཉིད་བརྒྱུད་ནས་གཙང་ཆུས་གསེར་གྱི་ཟླ་ལ་བྱེ་མ་འདྲེན་པ་ལྟར། ནང་བསྟན་རིག་པ་དང་ལྷན་དུ་རྒྱ་གར་བའི་མི་ལུགས་བོད་དུ་སིམ་འཛུལ་བྱས་པ་དེ། ང་ཚོའི་མཁས་ཆེན་རྣམ་པས་ངོས་མ་ཟིན་པའམ་དབྱེ་འབྱེད་གསལ་བོ་མ་ནུས་པར་ཧྲིལ་གྱིས་བླངས་པས་ཡིན་ངེས་རེད་སྙམ། དབྱེ་འབྱེད་མ་ནུས་པར་ཁག་ཀྱང་མེད་པ་འདྲ་སྟེ། ནང་ཆོས་ནི་རྒྱ་གར་བའི་བསམ་བློའི་ཐོན་རྫས་སུ་སོང་བས་ཁོང་ཅག་གི་རྒྱུན་སྲོལ་རིག་གནས་དང་ཤ་འདྲེས་པགས་འདྲེས་སུ་གྱུར་ནས་ཡོད་ངེས། དེ་བས་སོ་སོར་དབྱེ་བའི་ས་མཚམས་ཞིག་ཧ་ཅང་དཀའ་མོ་ལོས་ཡིན་སྙམ། གང་ལྟར་ང་ཚོས་ཆོས་ལུགས་བརྗེ་བསྒྱུར་གྱི་གོ་རིམ་ཁྲོད་ནས་བོད་བཙན་པོའི་བདེན་སྐྱོང་མི་ལུགས་དེ་ཉིད། ནང་ཆོས་ཀྱི་རིན་ཐང་ལྟ་བ་དང་སྐྱ་འཐབ་པའི་རྒྱ་གར་གྱི་ཁེ་གཙོ་མི་ལུགས་སིམ་འཛུལ་གྱིས་རིམ་པས་གཞན་འགྱུར་བྱས་ཤིང་། ད་ཚོད་བོད་ཀྱི་མདོ་ཁམས་ས་ཁུལ་རེ་འགའ་ན། བདེན་དྲང་ལ་དད་སྟངས་དང་། གྲོགས་པོའི་ལ་རྒྱ་འཛིན་སྟངས། གཏམ་ཐོག་ལ་འདུག་སྟངས་སོགས་ཀྱི་ཆ་ནས་དྲི་མ་ཙམ་ཞིག་ལུས་ཡོད་པ་མིན་ནམ་སྙམ་པ་མ་གཏོགས། དེ་འཕྲོ་དང་། ལྷག་པར་ཡུལ་གྱར་བོད་མི་དག་ལ་དྲི་མ་ཙམ་ཡང་མི་བྲོ་བར་མ་ཟད། དྲི་མ་ཙམ་བྲོ་མཁན་ལ་གླེན་པ་ཁ་ནག་ཞེས་སྨོད་ཤར་བཏབ་ཅིང་ཡོངས་སུ་དོར་ཟིན། དེ་བས་ན་དེང་སང་ང་ཚོའི་སྤྱི་ཚོགས་སུ་བདེན་སྐྱོང་པ་ཞིག་བྱོན་པའི་དབང་དུ་བཏང་ན་དེ་ནི་ངེས་པར་དུ་གླེན་པ་ཁ་ནག་ཅིག་ཡིན་སྲིད་ལ། གལ་ཏེ་ཁྱོད་དེ་འདྲ་གླེན་པ་ཞིག་དང་འཕྲད་ན། དེ་དུས་རྒྱལ་པོས་སྨྱོ་ཆུ་བཏུངས་པའི་གཏམ་རྒྱུད་དེ་དྲན་གསོ་གཏོང་འོས་པ་རེད། མདོར་ན་བོད་བཙན་པོའི་བདེན་སྐྱོང་མི་ཆོས་ཚུལ་ལུགས་ཉམས་རྒུད་དུ་སོང་བའི་བརྒྱུད་རིམ་ནི་བོད་ཅེས་འབོད་པའི་མི་རིགས་འདི་ཉམས་རྒུད་དུ་སོང་བའི་བརྒྱུད་རིམ་ཡིན་ལ། དེ་ཉིད་ཡོངས་སུ་ཉམས་པ་ནི་བོད་ཅེས་བསྙད་པའི་མི་རིགས་འདི་ཡོངས་སུ་ཉམས་པ་ཁོ་ན་ཡིན། དེ་བས་སླར་ང་ཚོ་བསྐྱར་གསོན་འདོད་ན་ཡང་བོར་ཟིན་པའི་བདེན་སྐྱོང་མི་ཆོས་འཚོལ་ཞིང་གསོན་དུ་འཇུག་པ་ལས་ཐབས་གཞན་མེད་ལ། དེ་ཉིད་གསོན་དུ་འཇུག་ཐུབ་སོང་ན་བོད་ཅེས་པ་འདིས་འཆི་ལམ་ནས། སླར་ཡང་འོད་མདངས་འཕྲོ་བའི་སྲོག་དབུགས་གསར་བ་ཞིག་འཐོབ་ངེས་པའི་ཡིད་ཆེས་བརྟན་པོར་གནས། ཡིད་ཆེས་དེ་ནི་བཙན་པོའི་རྣམ་ཤེས་འཐིམ་སའི་མེས་པོའི་ཁྲག་རྒྱུན་ཏེ། བདག་སེམས་ཀྱི་གཏིང་རིམ་དང་ཟུངས་ཁྲག་གི་ཁོང་གསེང་ལ་དྲོད་ལམ་ལམ་དུ་འཁོར་ཞིང་འཁྱིལ་ནས་ཡོད།།

 ༢༠༡༥/༠༥/༢༣/།།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *