ཀུན་སྤྱོད།
རྩོམ་ཡིག་འདི་ཐེངས་ 763 བཀླགས་འདུག
ཀུན་སྤྱོད་ཅེས་པ་འདི་སྤྱི་སྒེར་གང་ལ་ཡང་དགོས་ངེས་ཤིག་རེད། ཀུན་སྤྱོད་ཡང་དག་ཅིག་ཡོད་པའི་མི་ཞིག་ཡིན་ན། ཚད་ཐུབ་ཀྱི་མི་ཞིག་ཡིན་པར་ཡིད་ཆེས་བྱ་ཆོག གང་ལྟར་ཀུན་སྤྱོད་ཀྱིས་སྒེར་མིའི་མི་ཚེ་ལ་འོད་སྣང་སྒྲོན་ཞིང་། སྤྱི་ཚོགས་ལ་མཐུན་སྒྲིལ་གྱི་སྟོབས་ཤིག་འདྲེན་ངེས།
ཀུན་སྤྱོད་ཡང་དག་ཡོད་མེད་ནི། མི་སེམས་བཟང་པོ་ཞིག་ཡིན་མིན་ལ་འཇོག་གམ། ཡང་ན་སློབ་སྦྱོང་ཚད་ཐུབ་ཅིག་ཡོད་མེད་ལ་འཇོག་དགོས་ཟེར་ན། དེ་གཉིས་གང་ལ་ཡང་གོ་དགོས་པ་ཞིག་མ་ཡིན་ཏེ། ཡ་ཧུ་དཱ་པའི་སློ་གསོའི་མན་ངག་ཏུ། སེམས་བཟང་པ་དང་སློབ་སྦྱོང་ཐོགས་པ་མེད་པ་ནི་མི་བཟང་པོ་ལ་མི་འཇོག་པར་གསུངས་པ་ལ་གཞིགས་ན། ཀུན་སྤྱོད་ཡང་དག་ཅེས་པ་འདི་ཡང་སེམས་བཟང་མིན་དང་། སློབ་སྦྱོང་ཡོད་མེད་ཀྱི་སྟེང་ནས་མི་འཇོག་པ་དཔོག་ཐུབ།
རང་རེ་བོད་ལ་མཚོན་ན། མིའི་བཟང་ངན་ནི་སེམས་ཀྱི་སྟེང་ནས་འཇོག་ལ། སེམས་བཟང་པོ་ནི་ཀུན་སྤྱོད་ཡང་དག་གི་ཚད་གཞིར་བཞག་ཡོད། དེ་ལྟར་ན། མི་ཚད་ལྡན་ཟེར་ཡང་སེམས་ཀྱི་སྟེང་ནས་འཇོག་པ་ང་ཚོ་ཚང་མས་ཤེས་གསལ་རེད། དོན་དངོས་བྱས་ན། ཡ་ཧུ་དཱ་པའི་སློབ་གསོར་བཤད་པའི་སྐད་ཆ་ནི་བདེན་པ་སྟེ། མི་སེམས་བཟང་པ་ཙམ་གྱིས་མི་ཡག་པོ་ཡིན་མི་དགོས་ལ། མི་ཡག་པོ་མིན་ན། ཀུན་སྤྱོད་ལེགས་པའི་མི་ཞིག་ཏུ་གཏན་ནས་བགྲང་མི་རུང་།
ཡ་ཧུ་དཱ་པ་རྣམས་ཀྱིས་སློབ་གསོ་ནི་ཐབས་ལམ་དང་། བཟང་སྤྱོད་ནི་དམིགས་ཡུལ་དུ་འཛིན་པ་ཡིན། དེའི་ཕྱིར་ན། སྐབས་འདིའི་བཟང་སྤྱོད་ཅེས་པ་དང་། ང་ཚོའི་ཀུན་སྤྱོད་ཅེས་པ་གཉིས་རྣམ་པ་གཅིག་ཡིན་པ་རེད། ཀུན་སྤྱོད་ལེགས་མིན་ནི་བཟང་སྤྱོད་ཀྱི་སློབ་གསོ་ཐོབ་ཡོད་མེད་ལ་རག་ལས་ཤིང་། བཟང་སྤྱོད་ཀྱི་སློབ་གསོ་ཐོབ་པའི་མི་ནི། ནམ་ཡང་ཀུན་སྤྱོད་ཡང་དག་པའི་མི་ཚད་ལྡན་ཞིག་ཡིན་པ་གཞིར་བཅས་ཆོག
རྒྱུ་མཚན་དེའི་ཕྱིར་ན། དགེ་རྒན་དང་ཕ་མ་སུ་ཡིན་རུང་རང་ཉིད་བཟང་སྤྱོད་ཀྱི་སློབ་གསོས་བསྐྱངས་ཟིན་ཡོད་ཚེ། ཁོང་ཅག་གིས་བསྐྱེད་འབྲས་སུ་གྱུར་པའི་སློབ་བུ་དང་། ཡང་ན་སློབ་ཕྲུག་གང་འདྲ་ཞིག་ཡིན་རུང་ཀུན་སྤྱོད་ལྟེ་བར་འཛིན་པའི་མི་རིགས་སམ་ཁྱིམ་རྒྱུད་གང་དེའི་སོན་རྩར་གྱུར་པའི་བྱིས་པ་རླབས་ཆེན་རེ་ཡོང་བར་ཐེ་ཚོམ་ཙམ་ཡང་དགོས་དོན་མེད་སྙམ།
ཀུན་སྤྱོད་བཟང་པའི་མྱི་ཞིག་ཡིན་ཚེ། ངེས་པར་དུ་འདྲ་མཉམ་གྱི་བསམ་བློ་ཡོད་དགོས་ཤིང་། འདྲ་མཉམ་གྱི་བསམ་བློ་མེད་པའི་མི་སུ་འདྲ་ཞིག་ཡིན་རུང་ཀུན་སྤྱོད་ལ་རྨས་སྐྱོན་ཐེབས་ཡོད་པ་གདོན་མི་ཟ། ཕ་བུ་དང་དགེ་སློབ་གྱི་བར་ལ་འདྲ་མཉམ་འདུ་ཤེས་ཀྱིས་དབུལ་བའི་སྤྱི་ཚོགས་དེ་ནི་རྗེས་ལུས་ཡིན་ངེས་ཤིང་། རྗེས་ལུས་སུ་སོང་བའི་རྐྱེན་རྩ་ངོ་མ་ནི། ཀུན་སྤྱོད་ཀྱི་རིན་ཐང་བག་ལ་ཞ་སོང་བས་ཡིན་ངེས།
སྤྱིར་བཏང་རྒན་བཀུར་གྱི་འདུ་ཤེས་དང་། ཆུང་བྱམས་ཀྱི་བརྩེ་བ་ནི། ཀུན་སྤྱོད་རྣལ་མར་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཞིག་ཡིན་པ་ལས། ཀུན་སྤྱོད་ཀྱི་ཚད་གཞིར་འཛིན་འོས་པ་ཞིག་ཏུ་གཏན་ནས་མ་མཐོང་། དེའི་ཕྱིར། འདྲ་མཉམ་གྱི་འདུ་ཤེས་བཤད་པའི་སྐབས་སུ། བུ་ཕྲུག་དང་སློབ་མས་རང་གི་ཕ་མ་དང་། དགེ་རྒན་ལ་བརྩི་བཀུར་མི་དགོས་པར་འཆད་བཞིན་མེད་ལ། དེ་ནི་ཀུན་སྤྱོད་ཀྱི་ཆ་རྐྱེན་མོལ་བའི་སྐབས་སུ་ངེས་པར་གླེང་མི་དགོས་པར། རང་བཞིན་གྱིས་ཤེས་དགོས་ངེས་ཀྱི་ཀུན་སྤྱོད་ཀྱི་ཆ་ཤས་ཙམ་ཡིན་པ་དཔོག་ཐུབ་དགོས།
གང་ལྟར་མྱི་སུ་འདྲ་ཞིག་ཡིན་ཡང་ཀུན་སྤྱོད་ལེགས་པའི་མི་ཞིག་ཏུ་བགྲང་རུང་ཚེ། དེར་ཕུགས་རྒྱང་གི་བསམ་བློ་དང་། སློབ་སྦྱོང་གི་འདུ་ཤེས། འདྲ་མཉམ་གྱི་སེམས་རྒྱ། བླང་དོར་གྱི་བློ་མིག་གསལ་པོ་ཞིག་ཡོད་དགོས་ངེས། དེ་ལྟར་མེད་པའི་མི་ཞིག་གིས་སོན་རྩར་གྱུར་པའི་མི་མང་པོ་ཞིག་ལ་ལྷག་བསམ་དག་པས་སློབ་གསོ་གང་བྱས་ཀྱང་ཀུན་སྤྱོད་ཡོད་པའི་མི་ཞིག་གསོ་སྐྱོང་བྱ་རྒྱུ་ཧ་ཅང་ཁག། རྒྱུ་མཚན་ནི། ཁོ་རང་ཉིད་ལ་ཀུན་སྤྱོད་ལེགས་པའི་ཆ་རྐྱེན་མི་ཚང་བའི་ཕྱིར་རོ།།
གང་ལྟར་བོད་པ་མང་པོ་ཞིག་གིས་ཀུན་སྤྱོད་ཅེས་པའི་རྩ་བའི་རིན་ཐང་ལ་སློབ་སྦྱོང་དང་། དཔྱོད་ཞིབ་མ་བགྱིས་པར་ཚིག་ཙམ་གྱི་རྗེས་སུ་འབྲངས་ཏེ། དགེ་རྒན་ལ་ཆེ་མཐོང་མི་སྤྲོད་པ་དང་། ཕ་མ་ལ་བརྩི་བཀུར་མི་བྱེད་པ། རྒན་བཀུར་གྱི་གཤིས་ཀ་མི་སྐྱོང་བ། ཆུང་བྱམས་ཀྱི་བྱ་བར་མི་བརྩོན་པ་སོགས་བྱས་ཏེ། འདྲ་མཉམ་གྱི་ལས་ལ་འབུངས་པའི་ཚུལ་སྟོན་མོད། དོན་དུ་དེ་དག་ནི་འདྲ་མཉམ་གྱི་འདུ་ཤེས་ཁྲོད་ཀྱི་ཆེས་གལ་ཆེ་བའི་རྩ་བའི་རྨང་གཞི་དེ་ཡིན་པས། དེ་དག་གང་རུང་ཞིག་མི་ལྡན་པའི་མི་ལ་ཀུན་སྤྱོད་ཡང་དག་གི་ཞག་རྩི་ཡོད་མི་སྲིད།
ཀུན་སྤྱོད་ལེགས་པའི་མི་སྣ་ཞིག་ཡིན་ཚེ། ངེས་པར་ཕུགས་རྒྱང་གི་བསམ་བློ་ཡོད་པ་དང་། འདྲ་མཉམ་གྱི་འདུ་ཤེས་ཟབ་པ། དཔྱོད་ཤེས་ཀྱི་བློ་མིག་རྣོ་བའི་མི་ཞིག་ཡིན་དགོས་ལ། དེ་བཞིན་ཀུན་སྤྱོད་ཡང་དག་ཕྱོགས་ལ་སྣེ་འཁྲིད་དགོས་པའི་བྱིས་པ་ཞིག་ཡིན་ཡང་། ཕུགས་རྒྱང་གི་བསམ་བློ་དང་། འདྲ་མཉམ་གྱི་འདུ་ཤེས། བླང་དོར་གྱི་བློ་མིག་ལྡན་པའི་ཕྱོགས་ལ། སྒོ་གང་ཐད་ནས་སློབ་གསོའི་ཐབས་ལམ་བརྒྱུད་དེ། ཀུན་སྤྱོད་ཡང་དག་གི་ཕྱོགས་ལ་མཛུབ་སྟོན་བྱ་དགོས།
གོང་དུ་བཤད་པ་བཞིན་ཀུན་སྤྱོད་ལེགས་པའི་མི་སྣ་ག་ཚོད་ཅིག་ཡོད་ན། དེས་གསོས་ཤིང་བསྐྱངས་པའིསློབ་མ་དང་། བུ་ཕྲུག་གང་འདྲ་ཞིག་ཡིན་ཡང་ཀུན་སྤྱོད་ལེགས་པའི་ལམ་དུ་འགྲོ་ངེས་ལ། ཀུན་སྤྱོད་ལེགས་པའི་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་། སྤུས་གཙང་ཡང་དག་གི་མི་རིགས་ཡག་པོ་ཞིག་ཡིན་ངེས། དེའི་ཕྱིར་ན། ཁྱིམ་གྱི་ཕ་མ་དང་། སློབ་རའི་དགེ་རྒན་ཚང་མ་ཀུན་སྤྱོད་ལེགས་ན། དེ་དག་གིས་བསྐྱེད་པའི་མཐོ་རིམ་དཔོན་རིགས་དང་། ཆབ་འབངས་མི་སེར་ཚང་མའི་ཀུན་སྤྱོད་ལེགས་ལམ་དུ་འགྲོ་ངེས།
དགེ་རྒན་ཞིག་ཀུན་སྤྱོད་ལེགས་པོ་ཞིག་ཡོང་བར་དཔེ་ཀློག་གི་བརྩོན་པ་རྒྱུན་ཆད་མི་རུང་ཞིང་། དཔེ་ཀློག་བྱས་ཀྱང་ལོ་རྒྱུས་དང་། ཡང་ན་གཞུང་ལུགས་རྐྱང་པར་ཤི་འཐམ་རོ་འཐམ་བྱས་པས་ཀུན་སྤྱོད་ལེགས་ལམ་དུ་འགྲོ་བར་ཧ་ཅང་ཁག གཞུང་ལུགས་དང་ལོ་རྒྱུས་རྐྱང་པར་ཀློག་པའི་མི་མང་ཆེ་བར་ཀུན་སྤྱོད་ལེགས་པོ་ཞིག་ཡོད་མི་སྲིད། མ་མཐའ་ཡང་དཔེ་ཀློག་སྣ་མང་བྱེད་པའི་དགེ་རྒན་ནི་བསམ་བློ་དང་། ཀུན་སྤྱོད་གང་གི་ཆ་ནས་གཞུང་ལུགས་རིག་པ་སྨྲ་བ་དང་འདྲ་མི་སྲིད།
མཁས་པ་ལ་ལ་ཞིག་གིས་དཔེ་ཀློག་བྱེད་པ་ནི། གཞན་གྱི་བསམ་བློའི་གད་སྙིགས་སྡུད་པར་བཤད་མོད། དོན་དུ་གད་སྙིགས་ཁྲོད་ན་རིན་ཐང་གཞལ་མེད་ཀྱི་ནོར་བུ་ཡོད་པ་བཞིན། དཔེ་ཀློག་གི་ཁྲོད་ན། རང་གི་མི་ཚེ་དང་། བསམ་བློའི་ཁ་ཕྱོགས་ལ་ཕན་པའི་ལེགས་བཤད་ཡོད་པར་ཐེ་ཚོམ་མི་དགོས། དེའི་ཕྱིར་ན། སྤྱི་ཚོགས་ཁྱོན་ཡོངས་ནས་དཔེ་ཀློག་གི་འདུ་ཤེས་ཟབ་པའི་མི་རིགས་ཤིག་སྐྱེད་སྲིང་བྱ་ཐུབ་དགོས་ཤིང་། དེ་ལྟར་བྱེད་པ་ལ་དགེ་རྒན་དག་དཔེ་ཀློག་ཐོས་བསམ་ལ་མོས་པ་ཙམ་མ་ཡིན་པར། དཔེ་ཆ་སྣ་མང་བཀླག་པར་སྤྲོ་སྣང་ལྡན་པའི་མི་སྣ་རྐྱང་ཡིན་དགོས། དེ་ལྟར་བྱས་ཚེ། དེས་བསྐྱེད་པའི་སློབ་རའི་སློབ་ཕྲུག་དག་གི་དགའ་མོས་ཀྱི་འདུན་པ་ཡང་དེ་ལས་མ་འདས།
བསམ་ཚུལ་ཕྲིས།