རང་རྟོན་འདོད་དགུ་མ།
རྩོམ་ཡིག་འདི་ཐེངས་ 755 བཀླགས་འདུག
རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་འགྲུབ།
བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་དུ་སུ་ཞིག་མགོན་དུ་འགྱུར།།
ངས་ནི་ཁྱོད་ལ་ཐར་བའི་ལམ་སྟོན་གྱི།། ཐར་བ་རང་ལ་རག་ལས་ཤེས་པར་བྱོས།།
དཔལ་མཉམ་མེད་ཤཱཀྱ་སེང་གེས།འགྲོ་བ་མི་རྣམས་ཀྱིས་འཚོ་བ་དང་བདེ་སྐྱིད་ཀྱི་ཆེད་དུ་འབད་བཞིན་ཡོད། དེ་ནི་གོམས་སྲོལ་ཞིག་དང་ཆོས་ཉིད་ཅིག་ཡིན། འགྲོ་བ་མི་ཚང་མས་རང་དབང་དང་། ཞི་བདེ། འཆམ་མཐུན། སྤྲོ་སྣང་ལྡན་པའི་འཚོ་བ་ཞིག་ཕུགས་བསམ་དུ་ཉར་བཞིན་ཡོད། ཞེ་ཕུགས་སུ་བསམ་བཞིན་ཡོད། འོན་ཀྱང་། ང་ཚོར་དགོས་པའི་བདེ་སྐྱིད་དེ་ཚོ་དཀོན་མཆོག་གམ་བྱེད་པོ་གང་ཞིག་གིས་སྤྲད་འོང་བར་སེམས་པའི་འདུ་ཤེས་དེ་ནི་ནམ་ཡང་ནོར་འཁྲུལ་ཡིན། ང་ཚོར་གང་ཞིག་དགོས་པའི་འཚོ་གནས་དེ་ང་ཚོ་རང་ཉིད་ཀྱིས་བསྒྲུབ་དགོས། མཐར་གཏུགས་ན་ཡོད་ཚད་རང་ཉིད་ལ་རག་ལས་ཤིང་ཡོད་ཚད་རང་ཉིད་ལས་འབྱུང་། རང་ཉིད་རང་གི་བདེ་སྐྱིད་སྐྲུན་མཁན་དང་། རང་ཉིད་རང་གི་སྙན་གྲགས་རྒྱས་པར་བྱེད་མཁན། རང་ཉིད་རང་གི་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་སྤེལ་མཁན་བཅས་ཡིན། རང་ཉིད་རང་གི་མགོན་ཡིན་པའི་གོ་དོན་དངོས་མ་ནི་གཞན་ལ་ལྟོས་མི་དགོས་པའི་རང་རྐྱ་བར་གནས་དགོས་པའི་དོན་མ་ཡིན་པར་ལྟོས་འབྲེལ་གྱི་རྩ་བའི་འགུལ་སྐྱོད་ཡོད་ཚད་རང་ཉིད་ཀྱིས་བྱེད་དགོས་པ་དེའོ།། འདི་ནི་རྟེན་འབྱུང་ཆོས་ཉིད་ཀྱི་འབྲེལ་བར་བརྒྱུས་པའི་གནས་ལུགས་ལ་གཞི་བཅོལ་བའི་ཡང་དག་པའི་ལྟ་བ་ཞིག་ལགས། འདི་ནི་སྟོན་པ་གཞན་གྱིས་འདོམས་པར་མ་ནུས་ཤིང་བདག་ཅག་གི་སྟོན་མཆོག་ཟས་གཙང་སྲས་པོའི་བླ་མེད་ཀྱི་ཐུགས་སྟོབས་ལས་བྱུང་བའི་རྨད་བྱུང་གི་ལམ་སྟོན་ཞིག་གོ།
ང་ཚོས་རང་ཉིད་ཀྱིས་རྒྱལ་ཁབ་སྐྱོང་དགོས། རང་ཉིད་ཀྱིས་མི་རིགས་ཀྱི་ལེགས་བྱང་བསྲུང་དགོས། རང་ཉིད་ཀྱི་འཚོ་བའི་བདེ་སྐྱིད་བསུ་དགོས། ང་ཚོར་བསྒྲུབ་དགོས་པ་ཧ་ཅང་མང་། འོན་ཀྱང་ང་ཚོར་འདི་དག་ཡོད་ཚད་རང་ཉིད་ཀྱིས་བྱེད་ཐུབ་སྙམ་པའི་བསམ་བློའི་ནུས་ཤུགས་བག་ལ་ཞ་བའི་དབང་གིས་ང་ཚོར་ཐོབ་དགོས་པ་ཚང་མ་ང་ཚོ་དང་རྒྱང་ཐག་རིང་དུ་འགྲོ་བཞིན་ཡོད། ཡོད་ཚད་བྱེད་ཐུབ་སྙམ་པའི་ང་རྒྱལ་གྱི་འདུ་ཤེས་ཙམ་གྱིས་གྲུབ་འབྲས་མི་འབྱུང་བས་འདུ་ཤེས་དེས་དྲངས་པའི་འགུལ་སྐྱོད་རང་བཞིན་གྱི་ལག་ལེན་ཡང་དགོས་ངེས་ཡིན། འགུལ་སྐྱོད་དེའི་གཞི་རྩའི་འབྱུང་ཁུངས་ནི་ཅི་ཡང་བྱེད་ཐུབ་སྙམ་པའི་སྤོབས་སེམས་ཀྱི་འཛིན་སྟངས་དེར་ཐུག་ཡོད། ཅི་ཡང་བྱེད་ཐུབ་སྙམ་པའི་འདུ་ཤེས་ཟེར་བ་ནི་རྒྱུ་མཚན་དང་རྒྱབ་ལྗོངས་གང་ཡང་མེད་པའི་རྨོངས་པའི་འདུ་ཤེས་ཙམ་ཞིག་ལ་མི་བྱེད་པར་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་དཔུང་རོགས་ལྡན་པའི་སྒོ་ནས་ངས་ཐུབ་སྙམ་པའི་འདུ་ཤེས་ཤིག་ལ་ཟེར། ཡོད་ཚད་རེ་སྨོན་ཙམ་དང་། གཞན་ཞིག་གིས་བྱེད་པར་བསམ་པའི་འདུ་ཤེས་དེས་ང་ཚོར་སྒྱིད་ལུག་དང་ཕམ་ཁ་བསུ་བཞིན་ཡོད། ཡོན་ཚད་དང་། གནས་བབ། ཉམས་མྱོང་གང་གི་ཆ་ནས་ཀྱང་རང་དང་འདྲ་མཉམ་དུ་ཡོད་པའམ་རང་ལས་ཞན་པའི་སྐྱེ་བོ་གང་མང་ཞིག་རང་ཉིད་ཀྱི་བླ་ནས་འགྲེངས་ཏེ་རང་ཉིད་ལ་བཀོད་འདོམས་བྱེད་བཞིན་ཡོད་པའི་གནས་སྟངས་རེ་ང་ཚོས་ཡང་ཡང་མཐོང་ཐུབ། ཁོང་ཚོས་ཅིའི་ཕྱིར་རང་ཉིད་ལ་བཀོད་འདོམས་བྱེད་པ་ཡིན་ནམ། ཅིའི་ཕྱིར་རང་ཉིད་ཁོང་ཚོའི་བྲན་བྱེད་དགོས་པ་ཡིན། དེ་ནི་རང་ཉིད་རང་ལ་ཡིད་ཆེས་མེད་པ་དང་རང་གིས་རང་ཉིད་མགོན་དུ་མ་བལྟས་པའི་ཉེས་སྐྱོན་ཁོ་ན་ཡིན། ང་ཚོས་རང་དང་འདྲ་བའི་སྐྱེ་བོ་དེ་དག་གིས་སྒྲུབ་བཞིན་པ་དང་བསྒྲུབས་ཟིན་པའི་གྲུབ་འབྲས་ལས་རང་ཉིད་ལ་དྲན་གསོ་བཏང་སྟེ་རང་ཉིད་ལ་སེམས་ཤུགས་སྦར་དགོས། ང་ཚོ་འགྲོ་བ་མི་ཐུན་མོང་གི་སྐྱེས་སྟོབས་ཀྱི་ཆོས་སུ་གྲུབ་པའི་རྣམ་དཔྱོད་དང་། སྟོབས་ཤུགས། འཇོན་ནུས་བཅས་ལ་ཡིད་ཆེས་དང་ཡིད་རྟོན་བྱ་དགོས། དེ་ལྟར་བྱས་ན། ད་གཟོད་ང་ཚོ་གྱེན་དུ་ལངས་ཏེ་མདུན་དུ་སྐྱོད་ཐུབ། ང་ཚོས་དཔེ་ཆུང་ཆུང་ཞིག་ལ་བལྟ་ཆོག་སྟེ། སྟོབས་ཤུགས་དང་ཤེས་ཡོན། གནས་བབ་སོགས་གཅིག་པ་ཅན་གྱི་གང་ཟག་བྱེ་བྲག་པ་གཉིས་ལ་དུས་གཅིག་ཏུ་ལྡོག་པར་དཀའ་བའི་དཀའ་ངལ་ཞིག་གཅིག་མཚུངས་སུ་འཕྲད་ཚེ་གཅིག་ཤོས་ཀྱིས་བློ་སྟོབས་ཆེན་པོས་གདོང་གཏད་དེ་དཀའ་ངལ་དེ་ལས་རྒྱལ་ཐུབ་པ་དང་། གཅིག་ཤོས་ཀྱིས་དཀའ་ངལ་དེ་ལས་ནམ་ཡང་རྒྱལ་མ་ཐུབ་པར་མི་ཚེ་ཕམ་ཁའི་ངང་མཇུག་བསྒྲིལ།
དབྱེ་ཞིབ་རང་བཞིན་གྱི་དཔྱོད་སྟངས་ཀྱིས་བསམས་ན་གཅིག་ཤོས་དཀའ་ངལ་དེ་ལས་རྒྱལ་ཐུབ་པའི་རྒྱུ་རྐྱེན་དང་། ཡང་གཅིག་ཤོས་དེ་ལས་རྒྱལ་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་ངས་དཀའ་ངལ་དེ་ལས་རྒྱལ་བར་བྱེད་ནུས་སྙམ་པའི་སྙིང་སྟོབས་དང་། ང་ལ་དཀའ་ངལ་དེ་ལས་རྒྱལ་བའི་ནུས་པ་ཡོད་སྙམ་པའི་རང་རྟོན་དེ་གཉིས་ཀྱི་སེམས་ཤུགས་འོག་འབད་བརྩོན་ཡང་དག་གི་སྦྱོར་བས་གཅིག་ཤོས་དཀའ་ངལ་དེ་ལས་རྒྱལ་ཐུབ་པ་བྱུང་བ་དང་། ཡང་། ངས་འཇོན་མ་སོང་། ང་ཚར་སོང་། ངས་བྱེད་མི་ཐུབ། ང་ལ་རེ་བ་མེད་སྙམ་པའི་ཞུམ་པ་དང་། རང་ཉིད་ལ་ཡིད་ཆེས་མེད་པའི་བསམ་སྤྱོད་དག་གིས་འབད་བརྩོན་དང་མདུན་སྐྱོད་ཀྱི་སྒོ་ཆེན་བཀག་སྟེ་གཅིག་ཤོས་ཕམ་པ་རེད། འདི་འདྲ་བའི་གནས་སྟངས་ནི་མི་ཚེའི་ཁྲོད་དུ་རྟག་པར་མཐོང་རྒྱུ་ཡོད་པའི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན། མཚམས་རེར་ང་ཚོས་རང་ཉིད་ཀྱི་ཉེ་འགྲམ་དུ་མི་བལྟ་བར་རྒྱང་རིང་ས་རྐྱང་རྐྱང་ལ་སྐེ་སྲིང་པའི་བྱེད་སྟངས་དེས་ང་ཚོར་ཕམ་ཁ་སྤྲོད་བཞིན་ཡོད། གོང་གི་དཔེ་མཚོན་དེས་བསྟན་པ་ནི། རང་ཉིད་རང་ལ་ཡིད་ཆེས་བྱེད་པ་ནི་འགྲོ་བ་མི་ཞིག་གི་མི་ཚེའི་རིན་ཐང་ལོངས་སུ་སྤྱོད་པའི་ཁྱད་ནོར་ཞིག་ཡིན་པ་མ་ཟད། འཛམ་གླིང་དང་། རྒྱལ་ཁབ། མི་རིགས། རང་གི་འཚོ་གནས་བཅས་ལའང་གལ་ཆེན་རང་བཞིན་གྱི་ནུས་པ་ལྡན་པའི་བསམ་བློ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། རང་གིས་རང་ལ་ཡིད་ཆེས་དང་། རང་གིས་རང་ལ་ཡིད་རྟོན་བྱ་དགོས་པའི་སྟོན་མཆོག་དམ་པའི་བསླབ་བྱ་དེ་ནི་ཚེ་ཕྱི་མ་དང་ཐར་པའི་དོན་ཙམ་མ་ཡིན་པར་ཉིན་རེ་ཉིན་རེའི་མི་ཚེའི་ནང་དུ་ཆེས་མཁོ་གལ་ཅན་གྱི་བླང་བྱ་ཞིག་ཡིན་པ་ཞིབ་ཏུ་བསམ་ན་རྟོགས་ཐུབ།
ངས་འདི་ལྟར་བཤད་སྐབས་ཧམ་པ་ནི་མདུན་སྐྱོད་ཀྱི་ལམ་ཆེན་ཡིན་ནམ་ཞེས་པའི་དྲི་བ་འདི་འདྲི་སྲིད། དེ་ནི་ཧམ་པ་དང་སྤོབས་པའི་ཁྱད་པར་རམ། ཁེངས་སེམས་དང་ཡིད་ཆེས་ཀྱི་ཁྱད་པར་དབྱེ་འབྱེད་མ་ཤེས་པའི་དྲི་བ་ཞིག་རེད། རང་ཉིད་ཀྱིས་བྱེད་ནུས་སྙམ་པའི་འདུ་ཤེས་དེ་ནི། རྒྱུ་མཚན་དང་རིགས་པའི་འཁོར་ཕྱོགས་ནས་གཞན་གྱིས་ནུས་ལ་རང་ཉིད་ཀྱིས་མི་ནུས་པའི་རྒྱུ་མཚན་མེད་པ་དང་། གཞན་དང་རང་ཉིད་ལ་ནུས་ཤུགས་རྒྱ་བསྐྱེད་དང་། གོང་འཕེལ། བརྩོན་པའི་གཞོགས་འདེགས་ཀྱིས་སྐྱེད་སྲིང་བྱེད་པའི་མྱུར་ཚད་ལ་མཆོག་དམན་ཤོར་བ་ལས་གཞི་རྩའི་སྟོབས་ཤུགས་ཀྱི་ནུས་པ་ཡོད་པ་གཅིག་མཚུངས་སུ་ལྟ་བའི་གཞི་གདན་ནས་རང་རྟོན་བྱེད་པ་དེ་ཡིན།
ཧམ་པ་ནི་དེ་ལས་ལྡོག་སྟེ་བླ་བརྡོལ་གྱི་བྱ་སྤྱོད་ཅིག་དང་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་རྩིག་གྱང་མེད་པའི་ཁེངས་སེམས་རྐྱང་བ་ཞིག་རེད། རང་ལ་ཡིད་ཆེས་དང་། རང་རྟོན། རང་ཉིད་རང་གི་མགོན་དུ་གྱུར་བའི་བསམ་བློ་འདི་ཇི་ཙམ་ཤུགས་ཆེ་རུ་སོང་བ་དེའི་ཚོད་ཀྱིས་སྒྱིད་ལུག་དང་། གཞན་རྟེན། གཞན་གྱིས་སྐྱོབ་རེ། ཡི་ཆད། རེ་བ་བྲལ་བ་སོགས་ཀྱི་བསམ་བློའི་འཛིན་སྟངས་འདི་ཉུང་དུ་འགྲོ་ཞིང་། དེ་ཇི་ཙམ་ཉུང་དུ་སོང་བའི་ཚད་ཀྱིས་མདུན་སྐྱོད་དང་། སྤོབས་སེམས། འགན་ཁུར། བློ་སྟོབས་བཅས་ཀྱི་ནུས་པའི་སྟོབས་ཤུགས་རྒྱས་ཀྱི་ཡོད། དེས་ན་བདག་ཉིད་བདག་གི་མགོན་དུ་གྱུར་པའི་བསམ་བློའི་སློབ་སྟོན་འདི་ནི་མཐར་ཟུང་འཇུག་གི་གོ་འཕང་ནས་ཉིན་རེའི་མི་ཚེའི་ལག་ལེན་གྱི་བར་དུ་ཁྱབ་པའི་བླ་ན་མེད་ཅིང་གསེར་ཀྱི་རིན་ཐང་ལ་འགྲན་པའི་རླབས་ཆེན་གྱི་ལམ་སྟོན་ཞིག་རེད།
༢༠༡༥/༤/༢༩/ལ་བྲིས།
བསམ་ཚུལ་ཕྲིས།