བོད་སིལ་བུའི་སྐབས་ནས་དར་འཕེལ་བྱུང་བའི་ནང་བསྟན་གྲུབ་མཐའ་ཁག་གི་ཕན་གནོད་སྐོར་ལ་རགས་རིམ་ཙམ་གླེང་བ།

རྩོམ་ཡིག་འདི་ཐེངས་ 938 བཀླགས་འདུག

ཐུབ་བསྟན་རྣམ་རྒྱལ།   <<ནང་དོན་གནད་བསྡུས།>> རྩོམ་ཡིག་འདིའི་ནང་བོད་སིལ་བུའི་སྐབས་ནས་དར་བའི་ནང་བསྟན་གྲུབ་མཐའ་ཁག་གི་ཕན་གནོད་ཀྱི་ཆ་གང་བྱུང་རིགས་ཆབ་དཔལ་རིག་གསུམ་དུ་ཕྱེ་སྟེ་གྲུབ་མཐའ་ཁག་གི་ངོ་བོ་དང་། ཕན་པའི་ཆ། གནོད་པའི་ཆ། མཐའ་སྡོམ་བཅས་ཁག་བཞིའི་སྟེང་ནས་བསྡུས་ཏེ་བྲིས་ཡོད།

<<བརྡ་ཆད་གཙོ་བོ།>> ནང་བསྟན་གྲུབ་མཐའ། ཆབ་དཔལ་རིག་གསུམ། བོད་སིལ་བུ།

ཐོག་མའི་གཏམ་གླེང་།

རྩོམ་ཡིག་ཅི་འདྲ་ཞིག་ཡིན་རུང་དེའི་བརྗོད་གཞི་གཞི་རྒྱ་ཆེ་ཆུང་དང་གཏིང་ཟབ་ལོད། གལ་ཆེ་ཆུང་གང་འདྲ་ཞིག་ཡིན་ཀྱང་དེ་ལ་དབྱེ་ཞིབ་བྱེད་སྐབས་ལྟ་སྟངས་མི་འདྲ་བ། རྣམ་པ་མི་གཅིག་པ། དགོས་པ་ཡོད་མེད་སོགས་རིགས་མི་འདྲ་བ་ཁག་གཅིག་སྟེང་ནས་ངེས་པར་དུ་ལྟ་དགོས་པས། ཁོ་བོའི་བརྗོད་གཞི་བོད་སིལ་བུའི་སྐབས་ནས་དར་འཕེལ བྱུང་བའི་ནང་བསྟན་གྲུབ་མཐའ་ཁག་གི་ཕན་གནོད་སྐོར་ལ་རགས་རིམ་ཙམ་གླེང་བ་ཞེས་པ་འདི་ཡང་ཀློག་རིན་ཡོད་མེད་དང་། རིན་བྲལ་གྱི་རྩོམ་ཡིག་དེ་འདྲ་ཆགས་མིན་ཇི་ལྟར་ཡང་རྒྱུད་ལམ་དེ་དག་མ་བརྒྱུད་པར་འགྲོ་ས་མེད་ན། ཁོ་བོའི་རྩོམ་ཡིག་འདིའང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་རྣམ་པ་གསུམ་གྱི་ཐོག་ནས་བསྡུས་ཏེ་བྲིས་ན་མི་འགྲིག་པ་མི་འདུག་པས། ནང་བསྟན་གྲུབ་མཐའ་ཁག་དར་ཁྱབ་བྱུང་ནས་ང་རང་ཚོའི་སྤྱི་ཚོགས་འདིར་འདས་པའི་ལོ་ཡུན་དེ་དག་གི་རིང་ལ་བཟང་ངན་དང་ཕན་གནོད་ཀྱི་ཤུགས་རྐྱེན་སོགས་ཇི་ཙམ་སྤྲད་པའི་སྐོར་ལ་རང་ཉིད་ཀྱིས་ནམ་རྒྱུན་ཤེས་ཡོན་སྦྱངས་པའི་རྒྱུད་རིམ་ནང་སེམས་ངོར་ཚོར་སྣང་གང་བྱུང་ཐམས་ཅད་ཡིག་ཐོག་ཏུ་ཕབ་པ་ཙམ་ལས། གནའ་དེང་གི་ཡོངས་སུ་གྲགས་པའི་མཁས་དབང་ཚོའི་གསུང་ལས་ལུང་ཚད་མའི་རྒྱབ་རྟེན་དང་། རང་ཉིད་ཀྱི་རིགས་པ་དང་རྒྱུ་མཚན་ཡང་དག་གི་ལམ་ནས་སྒྲུབ་བྱེད་སོགས་གང་ཡང་མེད་པར། དཔྱད་བརྗོད་ཀྱི་རྣམ་པ་ཙམ་ཞིག་ས་བཅད་ཁག་མི་འདྲ་བ་བཞིའི་སྟེང་ནས་གང་ཐུབ་ཀྱིས་གླེང་ན་འདོད་བྱུང་།

ས་བཅད་དང་པོ། ནང་བསྟན་གྲུབ་མཐའ་ཁག་ངོ་སྤྲོད་མདོར་ཙམ་བརྗོད་པ།

<<བཀའ་གདམསཔ། >> བཀའ་གདམས་པ་ཞེས་པ་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་མ་ལུས་པ་ཨ་ཏི་ཤའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ནས་ཉམས་སུ་ལེན་པས་ན་བཀའ་གདམས་པ་ཞེས་དང་།

<<སྲོལ་བཏོད་པ་པོ།>> ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་(༩༨༢_༡༠༥༤)དབུ་བརྙེས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་(༡༠༠༤_༡༠༦༤)ཀྱིས་སྤྱི་ལོ་ ༡༠༥༦ ལོར་སྲོལ་ཕྱེ་བ་ཞིག་ཡིན།

<<ཉམས་བཞེས་གཙོ་བོ།>>བྱང་ཆུབ་ལམ་གྱི་སྒྲོན་མེ་དང་། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་བའི་གྲོགས་སུ་འཁྱེར་ཤེས་པ་ཞེས་མདོ་སྔགས་ཟུང་འབྲེལ།

<<བཀའ་བརྒྱུད་པ>> ཤངས་པ་བཀའ་བརྒྱུད་ཅེས་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་སོགས་ལས་བྱུང་བའི་བཀའ་བབས་ཀྱི་གདམས་པ་མངའ་བས་དེའི་རྒྱུན་འཛིན་ལ་ཤངས་པ་བཀའ་བརྒྱུད་ཅེས་དང་།

<<སྲོལ་གཏོད་པ་པོ>> མཁས་གྲུབ་ཁྱུང་པོ་རྣལ་འབྱོར་(༩༩༠_༡༡༣༩)གྱིས་སྤྱི་ལོ་ ༡༡༢༡ ལོར་སྲོལ་ཕྱེ་བ་དང་།

དྭགས་པོ་བཀའ་བརྒྱུད་པ་ཞེས་པ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ལ་རྡོ་རྗེ་འཆང་ནས་ཏེ་ལོ་ནཱ་རོའི་བར་དུ་བྱོན་པའི་བཀའ་བབས་ཀྱི་གདམས་པ་རྣམས་མར་པ་ལ་མངའ་བ་དེའི་ཆོས་རྒྱུད་འཛིན་པ་རྣམས་ལ་དྭགས་པོ་བཀའ་བརྒྱུད་ཅེས་དང་།

<<སྲོལ་གཏོད་པ་པོ།>> མར་པ་ཆོས་ཀྱི་བློ་གྲོས་(༡༠༡༢_༡༠༩༧)ལས་བརྒྱུད་དེ་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་(༡༠༧༩_༡༡༥༣)གྱིས་སྤྱི་ལོ ༡༡༢༡ ལོར་སྲོལ་ཕྱེ་ཡོད། གྲུབ་མཐའ་འདི་ནས་ཁག་སོ་སོར་གྱེས་ཏེ་ཀརྨ་བཀའ་བརྒྱུད་དང་། ཕག་གྲུ། ཚལ་བ། འབྲི་གུང་པ། འབྲུག་པ། སྟག་ལུང་། འབའ་རོམ། གཡའ་བཟང་། ཁྲོ་ཕུ་བཅས་སུ་གྱེས་འདུག

<<ཉམས་བཞེས་གཙོ་བོ།>> ཕྱག་རྒྱ་ཆེན་པོ།

<<དཔལ་ལྡན་ས་སྐྱ་བ།>> ས་སྐྱ་བ་ཞེས་པ་འཁོན་དཀོན་མཆོག་རྒྱལ་པོས་དབོན་པོ་རི་ལ་ས་དཔྱད་ལེགས་པར་གཟིགས་ཏེ་ས་དཀར་ལོགས་སུ་དགོན་པ་བཏབ་པས་གནས་ལ་མིང་ཆགས་ཏེ་དཔལ་ལྡན་ས་སྐྱ་པ་ཞེས་གྲགས།

སྲོལ་གཏོད་པ་པོ། འཁོན་དཀོན་མཆོག་རྒྱལ་པོས་(༡༠༣༤_༡༡༠༢སྤྱི་ལོ་ ༡༠༧༣ ལོར་སྲོལ་ཕྱེ།

<<ཉམས་བཞེས་གཙོ་བོ།>>དཔལ་ཀྱེ་རྡོ་རྗེ།

<<རི་བོ་དགེ་ལྡན་པ།>>དགེ་ལྡན་པ་ཞེས་པ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་ལུང་བསྟན་པ་ལྟར་གདན་སའི་མིང་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་བཏགས་པར་བརྟེན་གདན་ས་ཆོས་ལུགས་འདིའི་རིང་ལུགས་འཛིན་པ་མཐའ་དག་ལའང་དེ་ནས་བཟུང་དགེ་ལྡན་པ་ཞེས་གྲགས།

<<སྲོལ་གཏོད་པ་པོ།>> རྗེ་ཙོང་ཁ་བ་ཆེན་མོས་(༡༣༥༧_༡༤༡༩)སྤྱི་ལོ་ ༡༤༠༩ ལོར་སྲོལ་ཕྱེ་འདུག

<<ཉམས་བཞེས་གཙོ་བོ།>> ཡི་དམ་བདེ་གསང་འཇིགས་གསུམ། བྱང་ཆུབ་ལམ་རིམ་ཆེ་འབྲིང་ཆུང་གསུམ།

 

ས་བཅད་གཉིས་པ། ནང་བསྟན་གྲུབ་མཐའ་ཁག་གི་ཕན་ཕྱོགས་ཀྱི་ཤུགས་རྐྱེན་གླེང་བ།

<<ཆབ་སྲིད>> དང་པོ། འཛམ་གླིང་ས་ཡི་ཡང་ཐོག་ཏུ་གནས་པའི་དུས་བཞིའི་འགྱུར་འགྲོས་རྣམ་པ་རབ་ཏུ་གསལ་ལ། མཐའ་བཞི་གངས་རི་རྭ་བས་བསྐོར་ཞིང་། དབུས་སུ་རྩི་ཤིང་ནགས་ཚལ་གྱིས་ཡོངས་སུ་གཏམས་པའི་གངས་ལྗོངས་བོད་རྒྱལ་ཁབ་ཅེས་པ་འདི་ལོ་ངོ་སྟོང་ཕྲག་རིང་ནས་སིལ་བུའི་རྣམ་པར་གནས་ཀྱང་དུས་རབས་དྲུག་པའི་མཇུག་དང་བདུན་པའི་མགོ་སྟོད་ཙམ་ནས་དཔའ་སྙིང་བྲག་རི་ལས་བརྟན་ཅིང་། ཕུགས་བསམ་གངས་ཆུ་ལས་རིང་པ། རྣམ་དཔྱོད་རྒྱ་མཚོའི་གཏིང་མཐའ་ལས་ཟབ་པའི་བོད་མི་རིགས་འདི་མཐོ་ས་ནས་མཐོ་ས་ཞིག་ལ་ཐོག་མར་ལམ་སྣེ་འཁྲིད་མཁན་གྱི་བཙན་པོ་རིམ་བྱོན་གྱིས་ཞི་དྲག་གཉིས་ལྡན་དང་འཇམ་རྩུབ་སོགས་ཐབས་འཕྲུལ་སྣ་ཚོགས་ཀྱི་ལམ་ནས་གཅིག་གྱུར་བཟོ་ཐུབ་པ་མ་ཟད། བོད་རང་གི་སྔར་ཡོད་ཀྱི་རིག་གཞུང་ཁར་དུས་རབས་བདུན་པ་ནས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ནས་རིག་གཞུང་ནང་འདྲེན་གྱི་ལས་གཞི་དོན་སྙིང་ལྡན་པ་ཞིག་འགོ་བཙུགས་ཏེ་སངས་རྒྱས་ཤཀྱཱ་ཐུབ་པའི་ཆོས་ལུགས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་གཞུང་ལུགས་དེའང་དར་ཁྱབ་གང་འཚམས་ཤིག་བཏང་ཐུབ་མོད། དུས་རབས་དགུ་བ་སྤྱི་ལོ་༨༤༡ ཙམ་བོད་གཅིག་གྱུར་གྱི་རྒྱལ་པོ་མཐའ་མ་འུ་དུམ་བཙན་གྱི་སྐབས་ནས་ནང་བསྟན་ཆོས་ལུགས་ཕལ་ཆེར་བསྣུབས་ཡལ་དུ་ཕྱིན་པ་ཙམ་མིན་པར། རིམ་གྱིས་གཞི་རྒྱ་ཆེ་ལ་དུས་ཡུན་རིང་པའི་དབུ་གཡོ་དམག་འཁྲུག་དང་འབངས་གྱེན་ལོག་སོགས་ཁྲག་དྲི་བྲོ་བོའི་ནང་འཁྲུག་དེ་དག་གིས་མེས་པོ་ཚོས་གྲངས་ཀྱིས་མི་ལང་པའི་སྲོག་གི་འགྲོ་གྲོན་དང་རྔུལ་ཁྲག་གི་འོག་ནས་བསྐྲུན་པའི་གོང་བུ་གཅིག་གྱུར་གྱི་རྒྱལ་ཁམས་དེའང་ཁ་ཐོར་དགུ་ཐོར་དུ་ཕྱིན་ཏེ་ལོ་ངོ་བཞི་བརྒྱ་ལྷག་ཙམ་རིང་ལ་བོད་ཁམས་སྤྱི་ལ་དབང་སྒྱུར་མཁན་གྱི་འགོ་དཔོན་མེད་པར་ལུས་ཡོད། སྤྱི་ལོའི་དུས་རབས་བཅུ་པ་ཙམ་ནས་སྨད་མདོ་ཁམས་ཕྱོགས་ནས་ཡོངས་གྲགས་བར་གྱི་བོད་ཀྱི་མཁས་པ་མི་གསུམ་ཞེས་བརྗོད་པའི་དམར་གཡོ་གཙང་གསུམ་དང་། སྟོད་མངའ་རིས་གླིང་ནས་གུ་གེའི་རྒྱལ་རྒྱུད་ལྷ་བླ་མ་སྐུ་མཆེད་གཉིས་ཀྱིས་གསེར་དངུལ་གྱི་གྲོན་འོག་ནས་བསྟན་པའི་མེ་རོ་གངས་ཅན་ལྗོངས་འདིར་སླར་ཡང་གསོ་འགོ་བརྩམས་ཏེ། རིམ་པས་བོད་རང་ནས་ས་སྐྱེས་རྡོ་སྐྱེས་ཀྱི་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་བྱོན་ནས་སངས་རྒྱས་ཤཀྱཱ་ཐུབ་པའི་བཀའ་དང་རྒྱ་གར་གྱི་པཎ་ཆེན་ཚོའི་དགོངས་གཞི་དང་འབྲེལ་བའི་ཐོག་ནས་སོ་སོའི་ཉམས་ལེན་དང་ལྟ་ཚུལ་ལམ་དགོངས་འགྲེལ་མི་འདྲ་བར་བརྟེན་ནས་གྲུབ་མཐའ་མང་པོ་ཞིག་བོད་ས་ཕལ་ཆེར་དར་ཁྱབ་དང་བོད་མི་ཚོར་ཕན་ཐོགས་ངེས་ཅན་ཞིག་ཀྱང་བྱུང་ཡོད་ལ། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྒྱལ་བློན་དང་འབངས་མི་ཚོ་ལའང་ཕན་ཚུན་བཟང་ངན་གྱི་འབྲེལ་བ་གང་འཚམས་ཤིག་བཙུགས་ཐུབ་ཡོད།

སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ནས་ས་སྐྱ་བའི་གྲུབ་མཐའ་འཛིན་མཁན་རྗེ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དང་སོག་རྒྱལ་གོ་དན་ཁཱང་དབར་ཐོག་མའི་ཆོས་ཡོན་གྱི་འབྲེལ་བ་བྱུང་སྟེ་བོད་ནང་སོག་པོའི་བཙན་གནོན་ཐོག་ལའང་བཟང་ཆ་ཅུང་ཙམ་བྱུང་ཡོད། རྗེས་སུ་འགྲོ་མགོན་ཆོས་འཕགས་དང་སོག་རྒྱལ་ཀུ་ལིབ་ཁཱང་གཉིས་བར་ཆོས་འབྲེལ་དང་སོག་རྒྱལ་རྒྱབ་རྟེན་དུ་བཅོལ་ཏེ་ལོ་ངོ་བཞི་བརྒྱ་ཙམ་ཁྲིམས་མགོ་རང་བཙན་ལྟ་བུར་དུམ་བུར་གནས་པའི་རྒྱལ་ཁབ་དེའང་སླར་ཡང་སྔར་བོད་བཙན་པོའི་སྐབས་ལྟར་མངའ་རིས་སྐོར་གསུམ་ཙམ་ལས་ཆ་ཚང་དབང་བསྒྱུར་གཅིག་གི་འོག་ཏུ་བཅུག་ཐུབ་ཡོད། གནས་སྟངས་དེ་ནི་རྒྱལ་ཁབ་ལ་དགའ་ཞིང་མི་རིགས་ལ་དུངས་པའི་མི་བུ་སུ་འདྲ་ཞིག་གིས་བལྟས་ཀྱང་ནང་བསྟན་གྲུབ་མཐའ་ཁག་གི་ཤུགས་རྐྱེན་འོག་ནས་ཕན་ཐོགས་ངེས་ཅན་ཞིག་ཡིན་པ་ཁས་ལེན་ངེས་ཡིན།

གཉིས་པ། ནང་བསྟན་གྲུབ་མཐའ་ཁག་ནས་བྱོན་པའི་མཁས་པ་ཚོས་ས་གནས་གང་སར་དགོན་སྡེ་གསར་འཛུགས་དང་འཆད་ཉན་རྒྱ་ཆེར་སྤེལ་བས། འབངས་མི་ཚོ་ལའང་ཤེས་ཡོན་གོ་རྟོགས་དང་རིག་གཞུང་གཅིག་གྱུར་གྱི་བག་ཆགས་གཏིང་ཟབ་ཅིག་བཞག་ཐུབ་པ་དེས་ཆབ་སྲིད་འཕོ་འགྱུར་གྱི་རྣམ་པ་ས་ཕག་དབར་གྱི་ས་ཆའི་འགལ་ཟླ། ཕག་རིན་གཉིས་ཀྱི་ནང་ཁུལ་གོ་གནས་འཐབ་རྩོད། དགེ་གཙང་བར་གྱི་ཆོས་ལུགས་དམག་འཁྲུག་ཁག་ལོ་ཡུན་དུ་མའི་རིང་གནས་པ་དང་། ལྷག་པར་དུ་དུས་རབས་བཅུ་བདུན་པའི་ནང་སོག་པོ་གོར་ཤྲཱི་ཁཱང་གི་དཔུང་རོགས་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་བའི་སྐབས་མདོ་ཁམས་གཉིས་གཞུང་གིས་དབང་ལུང་འོག་ཏུ་མ་བཅུག་བར་དུ་འགྲོ་མགོན་ཆོས་འཕགས་གཤེགས་མཚམས་ཙམ་ནས་མདོ་ཁམས་གཉིས་བོད་གཞུང་གི་གཅིག་གྱུར་བཀོད་ཁྱབ་འོག་ནས་མེད་པར་ལོ་ངོ་ཇི་སྙེད་ཅིག་གནས་ཀྱང་དེ་དག་སྔ་མོའི་ཁྲིམས་འགོ་རང་བཙན་པ་ལྟར་ལོགས་སུ་མ་སོང་བ་དེ་ནི་འབངས་མི་ཚོའི་སེམས་ཁམས་སུ་ཡུལ་སྲོལ་གོམས་གཤིས་སོགས་ནང་བསྟན་རིག་གཞུང་གི་བག་ཆགས་མཐུག་པོ་ཞིག་བཞག་ཐུབ་པའི་ཉེར་ལེན་ལས་བྱུང་བ་ཞིག་དང་། ལྷག་ཏུ་དུས་འགྱུར་བྱུང་རྗེས་དམར་པོ་རྒྱས་ཐབས་བརྒྱ་བྱུས་སྟོང་གི་ལམ་ནས་རིག་གཞུང་དང་ས་བབ་ཀྱི་ཆ་ནས་གཅིག་གྱུར་གྱི་བོད་མི་རིགས་དེ་བོད་ཕྱི་ནང་གི་དུམ་བུ་གཉིས་སུ་བཏང་སྟེ། ས་གནས་ཆེ་མ་ཆུང་གསུམ་དུམ་བུ་འགའ་རུ་ཕྱེ་སྟེ་དགོས་མེད་ཀྱི་རྒྱ་མིང་འདྲ་མིན་བཏགས་ནས་བོད་ས་རྒྱའི་ཆ་ཤས་ཡིན་ལུགས་གཞི་རྩ་དང་ཁུངས་ལུང་དང་གཏན་དུ་བྲལ་བའི་དྲིལ་བསྒྲགས་རྒྱལ་སྤྱིའི་ཐོག་དང་། བོད་ནང་། དེ་བཞིན་བོད་མི་རིགས་ནང་ཁུལ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འགལ་བ་སྤྱད་གང་ཐུབ་དང་།  སྐད་ཡིག་གིས་མཚོན་པའི་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་རིག་གཞུང་ཡོད་ཚད་ཕན་མེད་ནུས་མེད་དུ་བཟོས་དང་ཟོ་བཞིན་པ་མ་ཟད། ཕྱི་ཕྱོགས་སུ་གནས་པའི་བོད་མི་ཚོའང་རྒྱལ་ཁབ་མི་འདྲ་བ་ཉི་ཤུ་སུམ་ཅུ་ལྷག་ཅིག་ནང་ཁ་འཐོར་དུ་ལོ་རབས་དྲུག་བཅུ་ལྷག་གནས་ཀྱང་ད་དུང་ཡང་བོད་མི་ངོ་བོ་མ་བརླགས་པར་གནས་ཐུབ་པ་དེའང་ནང་བསྟན་གྲུབ་མཐའ་ཁག་གི་རིག་གཞུང་ནུས་པ་ངེས་ཅན་ཞིག་ཐེབས་ཡོད།

<<དཔལ་འབྱོར།>> དང་པོ། སྔར་དུས་རབས་བརྒྱད་པ་བཙན་པོ་ཁྲི་སྲོང་སྐབས་ནས་དགེ་འདུན་པའི་སྡེ་ཐོག་མར་ཚུགས་ཀྱང་དུས་རབས་དགུ་བ་བོད་སིལ་བུ་མ་ཐོར་བར་གྱི་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་རིང་དེར་ཡོངས་གྲགས་སུ་གྲྭ་བ་སུམ་བརྒྱ་ལྷག་ཅིག་མ་གཏོགས་བྱུང་མེད། ཕྱིས་སུ་དུས་རབས་བཅུ་གཅིག་བཅུ་གཉིས་ཙམ་ནས་བཀའ་གདམས་པས་མཚོན་པའི་གྲུབ་མཐའ་ཁག་བོད་ས་སྟོད་སྨད་བར་གསུམ་དུ་དར་བས། དགེ་འདུན་པའི་ཁ་གྲངས་ཀྱང་སྔར་ལས་ལྡབ་འགྱུར་བཅུ་གྲངས་ཤིག་འཕར་ཡོད། དེས་ལྟ་སྟངས་གཅིག་ནས་མི་རིགས་ཀྱི་འཕེལ་རྒྱས་ལ་གནོད་པའི་ཆ་ཡོད་ཀྱང་དཔལ་འབྱོར་ཆ་ནས་འདས་པའི་ལོ་རྒྱུས་ནང་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེར་མུ་གེའི་འཆི་སྐྱོན་དང་། དེ་བཞིན་ཡུལ་གྱི་ཐོན་ཁུངས་ཞན་དྲགས་པ། མི་རིགས་འཕེལ་རྒྱས་མྱུར་པས་བཟའ་འབྲུ་མི་འདེང་བའི་དབང་གིས་གྲངས་ལས་འདས་པའི་འབངས་མི་སྤྲང་པོར་གྱུར་པ་དང་དྭ་ཕྲུག དབུལ་ཕྱུག་དབར་གྱི་བར་ཁྱད་ཧ་ཅང་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་མོད། བོད་ལ་མཚོན་ན་ད་བར་དེ་ལྟ་བུའི་བཟོད་མི་ཐུབ་པའི་དབུལ་ཕྱུག་ཁྱད་པར་དང་། སྡོད་ཁྱིམ་དང་བཟའ་བཏུང་སོགས་ཀྱིས་ཕོངས་པའི་སྤྲང་འཁྱམ་པ་ཡུལ་ལུང་གཞན་དང་བསྡུར་ན་ཤིན་ཏུ་ནས་ཉུང་ཉུང་ལས་མ་བྱུང་བ་དེའང་ཕྱོགས་གཅིག་ནས་ནང་བསྟན་ཆོས་ལུགས་ཁག་གི་སློབ་གསོ་དང་། ཕྱོགས་གཞན་ཞིག་ནས་དགེ་བཙུན་རྣམས་ཚངས་སྤྱོད་ལ་གནས་པས། དེའི་ཐོག་ནས་མི་རིགས་ཀྱི་འཕེལ་རྒྱས་དེ་ཙམ་ཤུགས་ཆེན་པོ་མ་བྱུང་བར་བརྟེན་ནས་དཀའ་ཚེགས་དེ་བརྒྱུད་མ་དགོས་པ་བྱུང་ཡོད།

གཉིས་པ། རྒྱ་མིས་ལོ་རབས་ལྔ་བཅུའི་མགོ་སྟོད་ནས་བོད་ལ་བཙན་འཛུལ་བྱུང་རྗེས་བོད་མི་ཚོ་མི་འདོད་བཞིན་དུ་ཕྱི་ནང་གཉིས་སུ་གྱེས་ཏེ་མི་རིགས་ཀྱི་གནས་སྟངས་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་དེར་ནང་པའི་བླ་མ་དགེ་བཤེས་ཚོས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ཏེ་རང་རང་སོ་སོའི་གྲུབ་མཐའི་རྣམ་གཞག་དང་མཐུན་པའི་ཐོག་ནས་མི་དམངས་ཚོར་ནང་ཆོས་ངོ་སྤྲོད་ཀྱིས་མཚོན་པའི་ཆོས་བཤད་དང་། སློབ་ཁྲིད་སོགས་ཀྱི་ཆེད་དུ་ཡོན་ཕུལ་དངུལ་དངོས་གང་བྱུང་བ་ཕལ་ཆེ་བ་ཞིག་ཉམ་ཐག་མི་སེར་ཚོའི་སྡོད་གནས་ཁག་ལ་སྨན་ཁང་དང་སྡོད་ཁྱིམ་སོགས་ཀྱི་རོགས་སྐྱོར་དང་། དེ་བཞིན་ཕྱི་ནང་གི་ས་གནས་མང་པོར་རང་གི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་སླད་དུ་སློབ་གྲྭ་གྲངས་ལས་འདས་པ་ཞིག་བཙུགས་ཐུབ་པ་དང་། ཁྱིམ་ཚང་དཔལ་འབྱོར་ཞན་པའི་ཕྲུ་གུ་མི་ཉུང་བ་ཞིག་གི་སློབ་ཡོན་གྱི་མཐུན་འགྱུར་སྦྱར་དང་སྦྱོར་གྱིན་པ་སོགས་ནི་ནང་བསྟན་གྲུབ་མཐའ་ཁག་དར་འཕེལ་བྱུང་བའི་ཕན་འབྲས་ཤིག་ལ་བགྲངས་ན་མི་འོས་པ་ཅི་ལ་མེད།

<<རིག་གནས།>> དང་པོ། སྔར་བཙན་པོའི་སྐབས་ནང་བསྟན་གྲུབ་མཐའ་ཁག་དར་ཁྱབ་བྱུང་རྗེས་ནང་ཆོས་ཀྱིས་དབུས་པའི་རིག་གཞུང་ཁག་མཐོ་རིམ་མི་དྲག་ཚོའི་བུ་རྒྱུད་དང་གོ་སྐབས་ཡོད་པའི་མི་སྣ་ཁག་གཅིག་ལས་སྤྱི་ཡོངས་འབངས་མི་སེར་ཚོར་སློབ་གཉེར་གྱི་གོ་སྐབས་ཤུགས་ཆེན་པོ་མེད་པ་དེ་འདྲ་མིན་པར། བོད་སིལ་བུའི་རྗེས་ནས་མི་སྣ་མཐོ་དམན་བར་གསུམ་དང་ཆེ་འབྲིང་ཆུང་གསུམ་ཚང་མར་ཁྱད་མེད་ཀྱི་འཆད་ཉན་གྱི་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཐོབ་པ་ཙམ་མ་ཟད། མཁས་པ་སོ་སོས་བཀའ་བསྟན་གྱི་གཞུང་ཆེན་ཁག་ལ་དོན་འགྲེལ་མང་དུ་བརྩམས་པར་བརྟེན་ནས་བཀའ་བསྟན་གྱི་གཞུང་ལུགས་དག་ལ་གོ་བ་གཏིང་ཟབ་ཏུ་དང་གཞི་རྒྱ་ཆེ་རུ། དེ་བཞིན་མཁས་པ་ཚོའི་དགོངས་གཞི་དང་འབྲེལ་བའི་ཐོག་ནས་སོ་སོའི་ཆོས་ལུགས་དར་རྒྱས་གཏོང་ཕྱིར་དགོན་སྡེ་མང་པོ་ཞིག་གསར་དུ་བཙུགས་ཏེ་བཤད་གྲྭ་དང་སྒྲུབ་གྲྭ་ཞེས་སྔར་མེད་ཀྱི་ཤེས་ཡོན་གྱི་སྡེ་ཁག་མང་པོ་ཞིག་བྱུང་ཐུབ་ཡོད།

གཉིས་པ།  བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་དེ་རྣམས་རྩ་བ་སངས་རྒྱས་ཤཀྱཱ་ཐུབ་པའི་དགོངས་གཞི་འཁྲུལ་མེད་ཅིག་ཡིན་ཀྱང་། ད་བར་ནང་པའི་ཡུལ་གྲུ་གཞན་གང་ནའང་དར་མ་ཐུབ་པ་བོད་ཀྱི་མཁས་པ་ཚོའི་ཉམས་མྱོང་དང་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་ཏེ་དོན་དངོས་དང་མཐུན་པའི་གསར་བཏོད་ཀྱི་རྣམ་པའི་ཐོག་ནས་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་དར་སྤེལ་བཏང་སྟེ་དེང་སྐབས་དུས་རབས་ཉེར་གཅིག་པ་འདིའི་ནང་བོད་བརྒྱུད་ནང་བསྟན་ཞེས་སྤོབས་པ་མཐོན་པོའི་ངང་ནས་རང་གི་གཅེས་ནོར་དང་གཞན་ལ་ངོམ་དུ་ཆོག་པ་ཞིག་བྱུང་ཡོད་ལ། ལྷག་ཏུ་མཁས་པ་སོ་སོའི་ལྟ་གྲུབ་དང་མཐུན་པའི་ཐོག་ནས་འཛམ་གླིང་འདིའི་ཐོག་ཏུ་མཁས་པ་སུ་གཅིག་གིས་ཀྱང་བརྩམས་མ་མྱོང་བའི་བརྩམས་ཆོས་ཀྱི་བརྗོད་བྱ་ཟབ་ལ་སྤུས་ཚད་བཟང་བའི་ཁ་གྲངས་མང་པོ་དེ་འདྲ་ཞིག་བྱུང་བ་ནི་ནང་བསྟན་གྲུབ་མཐའ་ཁག་དར་བའི་ཉེར་ལེན་ཡང་དག་ཅིག་ཡིན།

གསུམ་པ། བོད་སིལ་བུ་སྐབས་ནས་ནང་བསྟན་གྲུབ་མཐའ་ཁག་དར་རྗེས་ཐུན་མོང་མིན་པའི་རིག་གཞུང་ནང་ཆོས་ཙམ་མ་ཟད། ཐུན་མོང་བའི་རིག་གནས་གཞན་རྣམས་ཀྱང་དར་ཁྱབ་ཤུགས་ཆེན་ཞིག་བཏང་ཐུབ་ཡོད། དུས་རབས་བཅུ་གཉིས་པ་ས་སྐྱ་བའི་སྐབས་ནས་ཕྱིའི་ཡུལ་གྲུ་ཁག་ལ་ཡོད་པའི་རིག་གཞུང་ནང་འདྲེན་དང་སྔར་མེད་གསར་རྩོམ་བྱ་རྒྱུའི་ལས་གཞི་འགོ་བརྩམས་ཏེ་རྒྱ་གར་ནས་བརྡ་སྤྲོད་དང་སྙན་ངག་སོགས་གཞུང་ལུགས་མང་པོ་ཞིག་རང་སྐད་ཐོག་ཏུ་བསྒྱུར་ཐུབ་པ་དང་། དེ་ནས་རིམ་པས་ཆོས་ལུགས་མཁས་པ་སོ་སོས་བརྡ་སྤྲོད་དང་སྙན་ངག སྨན་དང་རྩིས་སོགས་ཀྱི་སྐོར་ལ་གསར་རྩོམ་དང་དར་རྒྱས། དེ་དག་ལ་སློབ་གཉེར་བགྱིས་པའི་འཆད་ཉན་འགོ་བཙུགས་ཏེ་ས་གནས་གང་སར་རྒྱ་ཆེར་སྤེལ་ཐུབ་པས་ད་ལྟའི་བར་དུ་ཐུན་མོང་བའི་རིག་གནས་ཁག་གཞི་རྐང་ཐུབ་པའི་སྒོ་ནས་གནས་ཐུབ་པ་དང་དར་ཐུབ་པ་བྱུང་བ་དེའང་ནང་བསྟན་གྲུབ་མཐའ་ཁག་དར་འཕེལ་གྱི་ཕན་འབྲས་ཤིག་ཡིན་ཆོག

ས་བཅད་གསུམ་པ། ནང་བསྟན་གྲུབ་མཐའ་ཁག་གི་གནོད་ཕྱོགས་ཀྱི་ཤུགས་རྐྱེན་གླེང་བ།

<<ཆབ་སྲིད།>> དང་པོ། བོད་བཙན་པོའི་སྐབས་ནང་ཆོས་གཙོ་བོ་རྒྱ་གར་དང་དེ་ནས་རྒྱ་ནག་ནས་བོད་ལ་དར་ཁྱབ་གང་འཚམས་ཤིག་ཐུབ་ཡོད་ཀྱང་། བོད་སིལ་བུའི་སྐབས་ནས་སྔར་དང་གཏན་ནས་མི་འདྲ་བར་དར་ཁྱབ་ཤུགས་ཆེན་ཕྱིན་པས། ཕྱིའི་ཡུལ་གྲུ་ཁག་ལའང་དར་སྤེལ་དང་། ཆོས་ལུགས་དང་འབྲེལ་བའི་ཐོག་ནས་འབྲེལ་ལམ་ཡང་བཙུག་ཐུབ་པའང་ཉུང་ཉུང་མིན། དུས་རབས་བཅུ་གསུམ་པའི་ནང་ས་སྐྱ་བ་དང་སོག་པོ། དུས་རབས་བཅོ་ལྔ་བའི་ནང་ཕག་གྲུ་དང་རྒྱ་ནག་མིང་རྒྱལ་རྒྱུད།  དུས་རབས་བཅུ་བདུན་པའི་སྐབས་དགའ་ལྡན་ཕོ་བྲང་བ་དང་མན་ཇུ་གོང་མ་དབར་གྱི་འབྲེལ་བ་དེ་དག་དེ་དུས་ཆོས་ཡོན་གྱི་འབྲེལ་བ་ཁོ་ན་ཡིན་ཀྱང་། དུས་ཕྱིས་འབྲེལ་ལམ་དེ་ཆབ་སྲིད་ཐོག་ལ་བེད་སྤྱད་དེ་གནས་སྟངས་དེས་བོད་དེ་རྒྱའི་ཆ་ཤས་ཡིན་སྐོར་སོགས་ད་བར་རྒྱ་བོད་དབར་ལ་རྙོག་འཛིང་ཆེ་ལ་རྒྱུན་རིང་བའི་འཐབ་རྩོད་ཅིག་བྱེད་དགོས་པ་དེའང་ནང་བསྟན་ཆོས་ལུགས་ཁག་དར་ཁྱབ་བྱུང་བའི་མཇུག་འབྲས་ངན་པ་ཞིག་ཡིན། ཅི་སྟེ་བོད་སིལ་བུའི་སྐབས་ནང་བསྟན་གྲུབ་མཐའ་ཁག་དེ་འདྲའི་མང་པོ་ཞིག་མ་དར་ཚེ་རྒྱ་ནག་དང་ཆོས་ཡོན་གྱི་འབྲེལ་བ་ཞེས་པའི་དོན་མེད་ཀྱི་རྩོད་གཞི་རྙོག་དྲ་ཅན་དེའང་ཆགས་མི་སྲིད་པ་ཞིག་ཡིན།

གཉིས་པ། འཛམ་གླིང་འདིའི་ཐོག་ཏུ་རྒྱལ་ཁབ་ཆེ་མ་ཆུང་གསུམ་དང་མི་འབོར་མང་ཉུང་ཅི་རིགས་ཤིག་ཡོད་པའི་ནང་ནས་བོད་རྒྱལ་ཁབ་དེའང་རྒྱལ་ཁབ་ཆེ་ཆུང་དང་མི་འབོར་ལ་གཞིགས་པའི་ཚངས་སྤྱོད་ལ་གནས་པའི་གྲྭ་བཙུན་སྤུས་ཚད་བཟང་ངན་དང་། ཆོས་ལུགས་ཤེས་ཡོན་གྱི་ཆུ་ཚད་རན་མིན་ལ་མ་ལྟོས་པར་འཛམ་གླིང་འདིའི་ཐོག་ཏུ་ཁ་གྲངས་མང་ཤོས་ལྟ་བུ་ཞིག་ཆགས་ཡོད་པས། དེས་ཀྱང་ང་ཚོའི་མི་རིགས་ཀྱི་མི་འབོར་འཕར་ཆག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་གསལ་པོ་ཡིན་ལ། རྒྱལ་ཁབ་གཞན་ཚོ་དང་འདྲ་མཉམ་འགྲོ་མ་ཐུབ་པར་རྗེས་ལུས་ལྟ་བུར་ལུས་པ་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས།

གསུམ་པ། སྔར་བཙན་པོ་ཚོའི་སྐབས་ཡིན་ན་བོད་དམག་གིས་རང་རྒྱལ་བརྟན་སྲུང་བྱེད་ཐུབ་པ་ཙམ་མ་ཟད། ཕྱིའི་ཁྱིམ་མཚེས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ལའང་ཕར་རྒོལ་དང་རྒྱ་སྐྱེད་བློ་ཁར་མི་ཆུད་པ་ལྟ་བུ་བྱས་མྱོང་ཡོད། སྤྱིར་བཏང་དར་རྒུད་ཀྱི་རྣམ་པ་ཕྱོགས་མང་པོ་ཞིག་ལ་འབྲེལ་བ་ཡོད་མོད། བོད་ཀྱི་དམག་སྟོབས་ཉམས་རྒུད་དང་སླར་གསོ་མ་ཐུབ་པ་དེར་ནང་བསྟན་ཆོས་ལུགས་ཁག་འཕེལ་རྒྱས་བྱུང་བ་དེས་ཀྱང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་སྙམ། བོད་སིལ་བུའི་རྗེས་ནས་ནང་བསྟན་གྲུབ་མཐའ་ཁག་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཀྱང་། དམག་དོན་དང་འབྲེལ་བའི་ལས་གཞིའི་ཐོག་དུས་རབས་དགུ་པ་ཙམ་ནས་རྒུད་རྗེས་ཕྱི་དགྲ་སྲུང་བཀག་དང་ནང་འཁྲུག་འགོག་གནོན་ཐུབ་པའི་དམག་དཔུང་སྒྲིག་འཛུགས་དེ་སླར་གསོ་དང་དམག་ཤུགས་དེ་ཙམ་གསོ་སྐྱོང་བྱེད་མ་ཐུབ་པ་ནི་ནང་བསྟན་གཞུང་ལུགས་ཁག་ནས་རང་ལས་གཞན་གཅེས་དང་། བདག་གཞན་མཉམ་བརྗེ་སོགས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པའི་རིམ་པ་དང་། དགེ་སྡིག་སྤང་བླང། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་སོགས་མང་དུ་གསུངས་ཡོད་པ་དེ་ཚོས་མིའི་སེམས་ཁམས་ལ་བག་ཆགས་ངེས་ཅན་ཞིག་བཞག་པ་དེས་དམག་དོན་སྐོར་ལ་དོ་སྣང་དེ་ཙམ་མ་བྱས་པ་ཞིག་ཡིན།

<<དཔལ་འབྱོར།>> དང་པོ། ནང་བསྟན་གཞུང་ལུགས་ཁག་ལས་འདོད་ཆུང་ཆོག་ཤེས་དང་མི་ཡ་རབས་བཟང་སྤྱོད་སོགས་ཀྱི་སློབ་གསོ་མང་དུ་ཐོན་ཡོད། དེ་ཚོ་ནི་མི་ཆོས་ཀུན་སྤྱོད་རིག་པའི་ཆ་ནས་དགོས་པ་ཅན་ཞིག་དང་གལ་འགངས་ཧ་ཅང་ཅན་ཞིག་ཡིན་མོད། རྒྱལ་ཁབ་དང་མི་རིགས་ཤིག་གམ་ཡང་ན་སྲིད་པ་འཇིག་རྟེན་པ་ཚོར་མཚོན་ན་དེ་ཚོས་རང་ཉིད་ཕམ་ཉེས་སུ་འགྲོ་བའི་རྐྱེན་ཞིག་ལས་གཞན་ཡོང་ཐབས་གཏན་ནས་མེད་པ་ཞིག་ཡིན། དེས་ན་ལོ་ངོ་དེ་དག་གི་རིང་ལ་ནང་བསྟན་སློབ་གསོ་དེ་ཚོའི་ཤུགས་རྐྱེན་འོག་ནས་སྤྱི་སྒེར་གཉིས་ཀས་དཔལ་འབྱོར་ཐོག་ལ་དོ་སྣང་དང་འབྱོར་ཕྱུག་པ་ཞིག་ཆགས་པའི་རེ་བ་དང་ཕུགས་བསམ་གང་ཡང་མ་འཁོར་བས་ཡར་རྒྱས་འགྲོ་མ་ཐུབ་པ་ཡིན།

གཉིས་པ། ལྷ་བླ་མ་ཡེ་ཤེས་འོད་(༩༦༥_)ཀྱིས་ལོ་ཙཱ་བ་རིན་ཆེན་བཟང་པོར་(༩༥༨_༡༠༥༥)དྲིན་གཟོ་ཐབས་སུ་གཞིས་ཀ་སྦྱོར་འཇགས་གནང་བ་ནས་བཟུང་རིམ་གྱིས་དགེ་འདུན་པ་ཚོ་གཞིས་ཀའི་བདག་པོར་གྱུར་བ་དང་། དུས་ཕྱིས་དགོན་སྡེ་ཁག་ཚོ་འབངས་མི་ཚོའི་ཞིང་བདག་ཆགས་པས། འབངས་མི་གསུམ་ཆ་གཅིག་ལྷག་དགོན་སྡེ་ཁག་གི་ཆོས་གཞིས་སུ་གྱུར་པ་དེས། མི་སེར་ཚོའི་སྟོན་ཐོག་ཕལ་ཆེ་བ་ཞིག་གྲྭ་བ་དང་དགོན་ཁག་ལ་དབང་བར་བརྟེན་ནས་མི་སེར་དང་གཞུང་གི་དཔལ་འབྱོར་ཐོག་ལ་ནང་བསྟན་གྲུབ་མཐའ་ཁག་གི་ཆོས་བྱེད་མི་སྣས་ཕོག་ཐུག་ངེས་ཅན་ཞིག་ཐེབས་ཡོད་པ་གསལ་པོ་ཡིན།

<<རིག་གནས།>> དང་པོ། དུས་རབས་བདུན་པ་ནས་བོད་ནང་ནང་ཆོས་དར་འགོ་ཚུགས་པ་དང་། ལྷག་པར་བོད་སིལ་བུའི་སྐབས་ནས་ནང་བསྟན་གྲུབ་མཐའ་ཁག་མང་པོ་ཞིག་དར་རྒྱས་དང་ཁྱབ་འཕེལ་སྲ་ཞིང་བརྟན་པ་ཞིག་བྱུང་བ་དེས། རིམ་པས་དེ་ཚོའི་ཁུངས་ནས་བོད་སྤྱི་དང་བྱེ་བྲག་སོགས་ལ་དབང་ལུང་སྒྱུར་ཐུབ་མཁན་གྱི་ཡོན་བདག་དང་དབང་སྒྱུར་བ་སོགས་མང་པོ་ཞིག་ཐོན་པའི་ཉེར་ལེན་ལས་ལོ་ངོ་སྟོང་ཕྲག་གོང་ནས་བོད་ས་རང་ནས་འཁྲུངས་པའི་འཁྲུལ་མེད་ཀྱི་རིག་གཞུང་རྙིང་པ་བོན་ཆོས་དེ་དགོན་སྡེ་རེ་གཉིས་གཅིག་ནས་ཉམས་བཞེས་དང་མི་ཉམས་རྒྱུན་འཛིན་ཙམ་བྱེད་པ་ལས་བོད་མི་སྤྱི་ཡོངས་ཀྱིས་ཤེས་རྟོགས་སྣ་གཅིག་མེད་པར་ནུབ་ཡལ་ལྟ་བུར་ཕྱིན་པ་དེའང་ནང་བསྟན་གྱི་གྲུབ་མཐའ་ཁག་གིས་དངོས་ཤུགས་རྒྱུད་གསུམ་ནས་གནོན་ཤུགས་དང་ཤུགས་རྐྱེན་གང་འཚམས་ཤིག་བྱུང་བ་ར་སྤྲོད་ཐུབ།

གཉིས་པ། བོད་བཙན་པོའི་སྐབས་ནང་བསྟན་སློབ་གཉེར་བྱེད་མཁན་སུ་འདྲ་ཞིག་ཡིན་རུང་སངས་རྒྱས་བཀའ་དང་རྒྱ་གར་པཎ་ཆེན་ཚོའི་བསྟན་བཅོས་ཁག་ལས་དེ་དག་གི་འགྲེལ་བ་དང་ཡང་འགྲེལ་སོགས་མང་པོ་མེད་ལ་དེ་ཚོར་ཆེད་སྦྱོང་བྱེད་མཁན་ཡང་དེ་ཙམ་བྱུང་མེད། ཕྱིས་སུ་བོད་སིལ་བུའི་དུས་ནས་ནང་བསྟན་གྲུབ་མཐའ་མི་འདྲ་བ་ཁག་མང་པོ་ཞིག་དར་བ་དང་། སངས་རྒྱས་བཀའ་བསྟན་གཞུང་ཆེན་རྣམས་སྐབས་མཚམས་རེར་ལུང་འདྲེན་དང་ཁུངས་འདྲེན་ཙམ་ལས་གཙོ་བོ་སོ་སོའི་ཆོས་ལུགས་ཀྱི་ལྟ་གྲུབ་ཉི་ཚེ་བ་རེ་དོན་དུ་གཉེར་ནས་སློབ་སྦྱོང་བྱེད་བཞིན་རང་ཉིད་དབུ་མ་བར་རློམ་ནས་བསྡད་ཡོད། ཁོ་བོར་ཅུང་རྒྱུས་མངའ་ཡོད་པའི་ཆ་ནས་ཞུས་ན་རི་བོ་དགེ་ལུགས་པ་ལྟ་བུར་མཚོན་ན་བཀའ་བསྟན་གཞུང་ཁག་དང་རྗེ་ཡབ་སྲས་ཀྱི་ཡིག་ཆ་ཁག་གཙོ་དོན་བྱེད་དགོས་མོད། དགུན་ཆོས་ཆེན་མོ་ལྟ་བུའི་ཐུན་མོང་ཆོས་ལུགས་བྱེད་སྒོ་ཆེ་ཁག་ཙམ་ལས་ནམ་རྒྱུན་གྲྭ་ཚང་སོ་སོའི་ཡིག་ཆ་གཙོ་བོར་འཛིན་པ་ལས་སངས་རྒྱས་བཀའ་བསྟན་རིགས་དང་རྗེ་ཡབ་སྲས་གསུང་འབུམ་དག་མཆོད་གཤོམ་གྱི་གསུང་རྟེན་ཙམ་དུ་ལུས་པ་ནི་ནང་བསྟན་གྲུབ་མཐའ་ཁག་དེ་འདྲའི་མང་པོ་ཞིག་དར་འཕེལ་བྱུང་བས་ཡིན།

གསུམ་པ། དུས་རབས་བཅོ་བརྒྱད་བཅུ་དགུ་ཙམ་ནས་ཕྱིའི་རྒྱལ་ཁབ་ཕལ་ཆེ་བ་ཞིག་དེང་དུས་ཤེས་ཡོན་ཐོག་ལ་ཡར་རྒྱས་ངེས་ཅན་ཞིག་ཕྱིན་ཡོད་ཀྱང་། བོད་ཁ་བའི་ལྗོངས་དེར་ནང་བསྟན་གྱི་དགོན་སྡེ་ཆེ་ཁག་གི་མགོ་མཁྲེགས་པའི་གྲྭ་རྒན་ཁག་གཅིག་གིས་ཆོས་ལུགས་རྨོངས་ཞེན་ཁོ་ནས་དེང་རབས་ཀྱི་ཤེས་ཡོན་སྤྲད་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་གནོད་པའི་གནོད་རབས་མང་པོ་ཞིག་བཤད་དེ་བཙན་པོ་དབང་ཤུགས་ཀྱིས་༸གོང་ས་བཅུ་གསུམ་པའི་(༡༨༧༦_༡༩༣༣)བཞེད་དགོངས་ལྟར་འགྲོར་མ་བཅུག་པར་དབྱིན་སྐད་ཀྱིས་མཚོན་པའི་དེང་རབས་ཤེས་ཡོན་ལ་ཡང་ནས་བསྐྱར་དུ་བཀག་རྒྱ་སོགས་བྱས་པ་དེས། བོད་མི་རིགས་འདི་དེ་རིང་གི་དུས་རབས་ཉེར་གཅིག་པ་འདིའི་སྟེང་ལའང་དེང་རབས་ཤེས་ཡོན་ཚད་ལྡན་པ་མང་པོ་ཞིག་གསོ་སྐྱོང་བྱེད་མ་ཐུབ་པ་འདིའང་ནང་བསྟན་ཁ་ལ་ཁྱེར་བའི་ཆོས་ལུགས་མི་སྣ་འགའི་ཤུགས་རྐྱེན་ངན་པའི་ངན་འབྲས་ཤིག་ཅི་ལ་མ་ཡིན་ཏེ་ཡིན་པའི་ཕྱིར་རོ།།

ས་བཅད་བཞི་བ། མཐའ་སྡོམ།

འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་འདང་ཞིག་བརྒྱབས་ན་བོད་སིལ་བུའི་སྐབས་ནས་དར་བའི་ནང་བསྟན་གྲུབ་མཐའ་ཁག་གི་ཕན་གནོད་དང་བཟང་ངན་གྱི་ཆ་གང་བྱུང་བ་ཐམས་ཅད་ཆབ་དཔལ་རིག་གསུམ་དུ་ཕྱེས་ཏེ་བཤད་ཟིན། ད་ནི་མཐའ་སྡོམ་རྒྱག་པའི་དུས་ལ་སླེབས་པས་ངན་པའི་ཆ་དེར་བལྟས་ནས་ད་ནས་རིག་གཞུང་དེ་གཙང་འཕྱག་བྱེད་དམ། བཟང་ཕྱོགས་དེའི་རྗེས་སུ་བསྙེགས་ཏེ་ད་དུང་མུ་མཐུད་ནས་བདག་སྲུང་དང་འཆད་ཉན་བྱ་རྒྱུ་གང་ཡིན་ཞེ་ན། ཁོ་བོའི་བསམ་པར་འདས་ཟིན་པ་ནི་འདས་ཟིན་པ་རང་ཡིན་པས་སླར་ཡང་ཕྱིར་ལོག་བྱ་རྒྱུ་གང་ཡང་མེད། དེས་ན་འདས་པའི་ནོར་འཁྲུལ་རིགས་ལ་ཡང་ནས་བསྐྱར་དུ་ཕྱིར་དྲན་བགྱིས་ཏེ་འབྱུང་འགྱུར་དེ་ལྟ་བུའི་ནོར་འཁྲུལ་རིགས་མི་ཡོང་བའི་ཐབས་ཤིག་འཐེན་ཏེ། དེང་སྐབས་བོད་རིགས་འདི་ཕྱི་ནང་གཉིས་སུ་གྱེས་ཏེ་ལོ་རབས་ཕྱེད་ལྷག་ཅིག་འགོར་བ་དང་། ད་དུང་ཉེ་ན་ལོ་རབས་གཅིག་དང་རྒྱང་ན་དུས་རབས་གཅིག་གཉིས་ཤིག་ལྷག་སྲིད་པས། མི་རིགས་འདི་འཇིག་རྟེན་འདིའི་ཐོག་ནས་བོར་བརླག་ཏུ་མ་སོང་པར་གསོན་གནས་ཐུབ་པར་འདོད་ན་མི་རིགས་འདིའི་ངོ་བོ་མཚོན་བྱེད་ཀྱི་ནང་བསྟན་གཞུང་ལུགས་ཀྱིས་མཚོན་པའི་རིག་གཞུང་ཕྱུག་པོ་དག་བདག་པོ་རྒྱག་རྒྱུ་དེ་གལ་ཆེ་བར་མཐོང་། དེའང་ཡུན་གནས་དང་དར་རྒྱས་གཏོང་ཐབས་ལ་སྔ་མོ་ལྟར་དགོན་སྡེ་ཁག་དང་ཤེས་ཡོན་གྱི་ལྟེ་གནས་ཆེ་ཁག་ཙམ་མིན་པར། ༸གོང་ས་བཅུ་བཞི་བ་ཆེན་པོའི་དགོངས་གཞི་ལྟར་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་འཆད་ཉན་སོགས་སློབ་སྦྱོང་ཁ་བཤད་དོན་དངོས་དང་མཐུན་པ་ཞིག་བྱ་ཐུབ་ན། ནམ་ཞིག་སེར་མོ་བའི་སྡེ་ཁག་ཚོ་རྩ་བ་ནས་ནུབ་ཡལ་དུ་ཕྱིན་ཀྱང་འདུལ་བའི་ཉམས་བཞེས་ཙམ་མ་གཏོགས་ཐུན་མིན་གྱི་རིག་གཞུང་གཏིང་ཟབ་པོ་འདི་ཉར་སྲུང་དང་འཆད་སྤེལ་བྱ་ཐུབ་རྒྱུ་ཡིན་པ་གདོན་མི་ཟའོ།། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *