བཟང་ངན་ཤན་འབྱེད།

རྩོམ་ཡིག་འདི་ཐེངས་ 718 བཀླགས་འདུག

དེད་དཔོན།

༡༽ འགྱུར་ལྡོག་གི་ཡོ་ལང་ཅི་བས་ཆེ་ཞིང་། འགྲན་རྩོད་ཀྱི་རྔམ་ཁ་དྲག་ཏུ་ལྡང་བའི་ཟང་ཟིང་རླབས་ཀྱི་རྒྱུ་བ་གཅིག་འཕྲོར་གཅིག་མཐུད་པའི་དུས་ཀྱི་སྣེ་མོ་འདིར་། བཟང་ངན་ཤན་འབྱེད་མཁན་ཉུང་ཞིང་། བདེན་རྫུན་ངོ་ཤེས་མཁན་དཀོན། དེས་ན་བདག་ལེགས་སུ་འདོད་པ་དག་གིས། བཟང་པོ་མཐོར་འདེགས་དང་། ངན་པ་སུན་འབྱིན། རྫུན་སྤོང་བདེན་སྒྲུབ་ཀྱི་གཡུལ་སར་ཞུགས་ཏེ། འདི་ལ་ཕྱིར་སྣུར་མེད་པའི་རྒོལ་འཛིང་ངེས་ཅན་ཞིག་མ་བྱས་ན། མི་ཡུལ་གྱི་དུར་ཐང་འདིའང་མེ་མ་མུར་གྱི་འོབས་དང་། རོ་མྱགས་ཀྱི་འདམ། སྤུ་གྲིའི་ཚལ་བཞིན་དུ་སྐྱི་གཡའ་ཞིང་འཇིགས་སུ་རུང་བའི་གྲོག་རོང་ཞིག་ཆགས་པའི་ཉེན་ཁ་ཅི་བས་ཆེ། དེའང་བཟང་དང་ངན། ཡག་དང་བཙོག ལེགས་དང་ཉེས། བདེན་དང་རྫུན་ཞེས་པའི་རྣམ་གཞག་འདི་དག་མིའི་ཀུན་སྤྱོད་ཀྱི་ཐོག་ནས་ཚད་འཇལ་དགོས་ཤིང་། དེ་ཉིད་འཇིག་རྟེན་འདིར་མིའི་འགྲོ་བ་བྱུང་བའི་སྐབས་སམ། ཐོག་མར་རྩི་ཤིང་གི་སྤྱིལ་བུ་དང༌། རྡོ་དབྱུག་གི་ལག་ཆ་ཐབས་ཆག་ཙམ་ལ་བརྟེན་ནས་འཚོ་བ་སྤྱོད་པའི་དུས་སྐབས་ནས་ཡོད་ཆོག་པ་ཞིག་རེད་ལ་ཡོད་དགོས་པ་ཞིག་ཀྱང་རེད། དེ་དག་ལེགས་ཉེས་འབྱེད་བྱེད་ཡ་ཐོག་གདོད་མའི་སྤྱི་ཚོགས་དེར་ཁྲིམས་ཞེས་པ་མེད་ཀྱང་། བྲན་གཡོག་དང་བྲན་བདག་གི་གྲལ་རིམ་དང་གྲལ་རིམ་ཅན་གྱི་སྤྱི་ཚོགས་བྱུང་བ་བརྒྱུད་བཟང་ངན་ཤན་འབྱེད་བྱེད་ལ་ཁྲིམས་ཞེས་པ་འདི་གཏན་འབེབས་བྱས་པར་གྲགས། གཞི་རྩའི་ཆ་ནས་དབང་བསྒྱུར་བྲན་བདག་རྣམས་ཀྱི་རྩ་བའི་ཁེ་ཕན་དག་འགན་སྲུང་ཆེད་རིགས་མི་འདྲ་བའི་ཁྲིམས་ལུགས་ཤིག་དར་ཡོད། ཁྲིམས་ལུགས་དེ་དག་རྩ་བའི་སྒྲོམ་གཞིར་བྱས་ཏེ་ཤེས་རིག་གི་དྲོད་ཀྱིས་འཚོ་བའི་མི་བུ་འགས་ལེགས་སྤེལ་ཉེས་འགོག་གམ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་ཡུལ་དུས་དང་བསྟུན་པའི་གཏན་འབེབས་བྱས་ཡོད་ཀྱང་། དབང་ཆ་དང་འབྱོར་བ་ཡི་གོ་གནས་ཟིན་པའི་བྲན་བདག་རྣམས་ཀྱིས་ཁྲིམས་ནི་སྲིད་དབང་སྒེར་བདག་བྱེད་སྤྱད་ཀྱི་ཡོ་བྱད་ཅིག་ལས། ཡོངས་ཁྱབ་ཏུ་ལེགས་ཉེས་འབྱེད་བྱེད་དུ་ཆགས་མེད་སྟབས་འདས་མ་ད་གསུམ་དུ་བཟང་སྤྱོད་དང་། དྲང་བདེན་གྱིས་འཚོ་བའི་མི་བུ་དུ་མ་ཞིག་མུན་ནག་གི་ཁྲོད་དུ་ལུས་པའམ་གོ་ལྡོག་གི་འཇིག་རྟེན་ཞིག་ཏུ་མི་ཚེ་བསྐྱལ་དགོས་ཁེལ་ཡོད། རིན་ཐང་ཅན་གྱི་མིའམ་སྒལ་ཚིགས་ཅན་གྱི་མི་བུ་རྣམས་དབུ་འཕང་དམའ་བའི་ཉིན་ནས་བཟུང་། འགྲོ་བ་མིའི་རིགས་སྤྱི་ལ་ཚབས་ཆེ་བའི་གྱོང་གུད་བྱུང་དང་འབྱུང་བཞིན་ཡོད། དེའི་ཕྱིར་ན་ཁྲིམས་ནི་དབང་བསྒྱུར་གྲལ་རིམ་གྱི་ཁེ་ཕན་སྒྲུབ་སྤྱད་ཅིག་ཡིན་སྟབས་དེ་ཙམ་གྱིས་མིའི་ལེགས་ཉེས་འབྱེད་མི་ཐུབ་པས། སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་ཉེས་འབྱེད་བྱེད་གང་དགའི་ཕྱོགས་སུ་བསམ་གཞིག་གི་སྒོ་མོ་ཐད་ཀྱིས་བསྲིང་དགོས། ནམ་རྒྱུན་མི་ཚོས་གསེར་དང་ཕ་ལམ་སོགས་རིན་ཆེན་གྱི་རིགས་ལ་འགངས་ཆེན་དང་གཙིགས་ཆེན་ནམ་རིན་ཐང་ཅན་དུ་ལྟ་བ་དང་། དེ་ལས་གཞན་པའི་ཅ་དངོས་དག་ཚད་རིམ་པ་ལྟར་ལྟ་ཚུལ་ཡང་དེ་བཞིན་ཡོད་པ་ལྟར། མི་དང་མི་ཡི་བར་ལ་ཡང་ལྟ་ཚུལ་དེ་འདྲ་ཞིག་ཡོད་པར་བཟོ་དགོས། ལྟ་ཚུལ་དེ་འདྲ་ཞིག་ཡོད་ན་བཟང་པོར་ཆེ་མཐོང་དང་ངན་པར་སུན་འབྱིན་ཤུགས་ཀྱིས་ཡོང་བ་ཆོས་ཉིད་ཡིན་པས། ལྟ་ཚུལ་དེ་ཉིད་གོ་འཆུགས་མི་རུང་བ་ནི་འཕྲལ་ཕུགས་བདེ་ལེགས་སུ་འདོད་པ་དག་གིས་བློས་འགེལ་མི་བྱེད་ཐུ་མེད་རེད།རིན་ཐང་ཅན་གྱི་མི་ཞེས་པ་དེ་རྒྱུ་མ་ཕུ་འདེད་ཀྱི་དཔེ་ལྟར་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བཙལ་ན། ཞིབ་ཅིང་ཕྲ་བ་ཞིག་བརྗོད་དཀའ་ཡང་། གལ་ཆེན་རང་བཞིན་ཅན་གྱིས་བསམ་སྤྱོད་གཉིས་ཀྱི་སྒོ་ནས་དབྱེ་ན་མ་འགྲིག་པ་མེད། དང་པོ་བསམ་པ་ལ། བྱམས་བརྩེ་དང་ཁྲེལ་ཡོད། ལྷག་བསམ་དང་གཞུང་དྲང་། གཟུ་བོའི་བློ་གྲོས་ལྡན་ཞིང་། མཛའ་བརྩེའི་ཕྱི་ཐག་རིང་བ། ངང་རྒྱུད་འཇམ་ཞིང་དཀྱེལ་ཡངས་པ། ཤེས་རྒྱ་ཆེ་ཞིང་གཡོ་སྒྱུ་མེད་པའི་བསམ་བློ་དང་། གཉིས་པ་སྤྱོད་པར། ཆེན་པོ་ལ་ངོ་བསྟོད་དང་། ཉམ་ཆུང་ལ་བརྙས་བཅོས་མེད་པ། མཆོག་དམན་ཀུན་ལ་མཉམ་པའི་ལུས་ཀྱི་རྣམ་འགྱུར་དང་། ངག་གི་བརྗོད་པ་བཅས་པས་སོ་སོའི་རེ་འདོད་སྐོང་ཞིང་། དབུགས་དབྱུང་གི་བདེ་བ་སྩོལ་བ། དེ་བཞིན་ཉམ་ཐག་ལ་རོགས་སྐྱོར་དང་མཛའ་མཐུན་མཉམ་གནས་བྱེད་པ། གྲོགས་སུ་དང་འགྲོགས་ཀྱང་མི་མཛའ་བ་མེད་པ། གནས་གང་དུ་བསྡད་ཀྱང་ངོ་ལྐོག་ཐུབ་པའི་མི་བུ་དག་ནི་རིན་ཐང་དང་བྲལ་བ་ཡིན་ཞིང་མི་བུ་དེ་འདྲ་ནི། སྟོབས་དང་འབྱོར་བ། གཟུགས་དང་ལང་ཚོ། རྣམ་དཔྱོད་དང་སྤོབས་པ་སོགས་སྙན་གྲགས་ཀྱིས་ས་ཆེན་པོ་སྒུལ་སྐྱོམ་བྱེད་པའི་མི་དག་ལས་རིན་ཐང་ཆེ་ཞིང་། དབང་འབྱོར་གྱིས་ཕྱུག་པའི་མི་བུ་སུ་འདྲ་ཞིག་ཡིན་ནའང་མིའི་རིན་ཐང་དང་སྤུས་ཚད་གང་གི་ཆ་ནས་ཀྱང་དོ་ཟླ་མི་ཆོག་ཅིང་འགྲན་ཡ་མི་ཡོང་། ༢༽ མི་བུ་རིན་ཐང་ཅན་དང་སྒལ་ཚིགས་ཅན་དེ་འདྲ་ཞིག་ལ་རིན་ཐང་ཅན་དུ་ལྟ་བ་ནི་རིན་ཐང་གི་ལྟ་བ་ཞེས་འབོད་ཆོག ངས་འདི་ནས་བཤད་འདོད་པ་ཡང་རིན་ཐང་གི་ལྟ་བ་འཆུག་མི་རུང་ཞེས་པ་དེ་ཡིན། དེ་དག་གི་ལྡོག་ཕྱོགས་སུ་ལངས་པ་དག་ནི་མི་སྤྱོད་ངན་པའི་རིགས་སུ་ངོས་བཟུང་ན་མ་འགྲིག་པ་མེད། མི་རིན་ཐང་ཅན་དང་། རིན་ཐང་ཅན་མ་ཡིན་པ། ཡག་དང་བཙོག བཟང་དང་ངན་ནི་མིའི་བསམ་སྤྱོད་ཀྱི་ཐད་ནས་འཇོག་དགོས་པ་ལས། གཟུགས་དབྱིབས་ཡག་བཙོག་དང་། འབྱོར་བ་ཆེ་ཆུང་། གོ་ཐོབ་ཡོད་མེད་ཐད་ནས་བཞག་ན་རྦད་དེ་ནོར་སོང་བ་རེད།དབྱིབས་གཟུགས་ཡག་བཙོག་དང་། འབྱོར་བ་ཆེ་ཆུང་སོགས་འགྲན་བསྡུར་རིམ་བརྒྱུད་ཀྱིས་བཟང་ངན་ཤན་འབྱེད་པར་བྱེད་ཅིང་། དེ་དག་གི་ཐད་ནས་རྒྱལ་ཁ་ཐོབ་པ་དག་ལ་མི་རིན་ཐང་ཅན་དུ་ལྟ་ཞིང་། དེ་ལས་གཞན་པ་དག་ལ་ཚད་རིམ་པ་བཞིན་ལྟ་ཚུལ་ཡང་དེ་འདྲ་ཡོད་པ་འདི་རིན་ཐང་གི་ལྟ་བ་ནོར་སོང་བ་རེད། མི་ཡི་བསམ་སྤྱོད་ཐད་ནས་འགྲན་བསྡུར་བྱེད་མཁན་མེད་ཅིང་ལེགས་ཉེས་འབྱེད་མཁན་ཡང་ཉུང་། མིའི་བསམ་སྤྱོད་བཟང་ངན་ཐོག་ནས་བཟང་ལ་གཟེངས་བསྟོད་དང་། ངན་ལ་སྨད་ར་ངེས་ཅན་ཞིག་ཡོད་ན་སྤྱི་ཚོགས་འདིར་ཁ་ཆག་སྣ་རལ་དང་གླེང་རྙོག་ཅན་གྱི་སྤྱི་ཚོགས་ཤིག་འབྱུང་བར་མི་འགྱུར། མིའི་བསམ་སྤྱོད་ཐད་ནས་མི་བཟང་ངན་ཤན་འབྱེད་འདི་ཆོས་ལུགས་དང་རིགས་རུས་ལས་བརྒལ་བའི་ལྟ་ཚུལ་ཞིག་བརྗོད་དགོས་པ་ལས། ཆོས་དང་རིགས་རུས་ལས་བརྒལ་མ་ཐུབ་པའི་བསམ་སྤྱོད་བཟང་ངན་གི་ལྟ་ཚུལ་དེས་རྙོག་འཛིང་རང་བཞིན་ཅན་ཞིག་ལས། ཡིད་རྟོན་འཕེར་བའི་ཚད་ཐིག་ཅིག་འདེབས་ཐུབ་དཀའ། རྙོག་འཛིང་ཅན་ཞིག་ཡིན་དོན་ནི་ཆོས་ལུགས་དང་རིགས་རུས་ཕྱོགས་ལྷུང་གི་ཐལ་ལྟའི་ཁྲོད་ནས་མི་གཞི་ལ་གཙིགས་འཛིན་མེད་ཅིང་། བདེན་རྫུན་རྣམ་པར་འབྱེད་པའི་དགག་སྒྲུབ་གང་ཡང་མེད་པ། རང་ལུགས་དང་འགལ་བའི་ཉིན་ཚད་གཞི་མི་འདྲ་བའི་རྡུང་རྡེགས་ དང་། གཉའ་གནོན། བཤུ་གཞོག་སོགས་ཀྱིས་མནར་གཅོད་གཏོང་བ་མ་ཟད། གསོད་གཏུབ་བཙོ་སྲེག་སོགས་མི་ཆོས་ལས་འདས་པའི་བྱ་སྤྱོད་ཀྱང་སྤེལ་བཞིན་ཡོད། དེ་བཞིན་སྐྱེ་བོ་ཁ་ཤས་ལ་མི་གཞིར་གཙིགས་འཛིན་མེད་པ་ལྷ་ཡི་སྤྲུལ་པ་དང་། བསླུ་བ་མེད་པ་དང་ཚད་མའི་སྐྱེ་བུ་ཟེར་ནས་ཐམས་ཅད་གོང་དུ་བཀུར་རྐྱང་བྱེད། དེ་དག་ལ་ཁྱོད་མཛེས་ང་ཡག་གི་བསྟོད་པས་ལམ་འགྲོ་སྟེར། མི་དམངས་ནི་སྐྱེ་བོ་ཕལ་པ་དང་ཉོན་མོངས་རྒྱུད་ལྡན་གྱི་གང་ཟག་ཡིན་ཞེས་བརྙས་བཅོས་དང་མཐོང་ཆུང་དམའ་འབེབས་བྱེད། འདྲ་མི་མཉམ་པའི་གནས་ཚུལ་དེ་འདྲ་ཞིག་གི་འོག་ནས་མི་དང་མིའི་བར་ལ་མཛའ་བརྩེ་མེད་ལ། ཉམ་ཆུང་རྣམས་ལ་རིན་ཐང་མི་སྤྲོད་སྟབས་ཚད་མཐོ་བའི་མིའི་བཟང་སྤྱོད་དག་རྡུལ་སྙིགས་ཁྲོད་དུ་ཟག་བཞིན་ཡོད།ཡིན་ཡང་མི་ལ་སྐྱོན་ཆ་མེད་པ་དང་། ཤིང་ལ་འཛེར་མ་མེད་པ་ཞིག་མི་རག་པའི་དཔེ་ལྟར་ནོར་འཁྲུལ་དང་སྐྱོན་ཆ་ཅུང་ཟད་ཡོད་པ་ཙམ་གྱིས་མི་དེ་ཉིད་ནོར་འཁྲུལ་ཅན་དང་མི་ངན་པ་ཡིན་མིན་བསམ་གཞིག་གི་སྣེ་རུ་དྲང་དགོས་པ་ལས། སྤྱོད་པ་བཟང་ངན་རེ་འགའ་ཙམ་གྱིས་བཟང་ངན་དབྱེ་འབྱེད་བྱེད་པ་སྔ་དྲགས་པ་རེད། སྤྱོད་པ་རྩིང་པའི་བྱ་སྤྱོད་ནོར་བའི་རྣམ་འགྱུར་དག་ནི་སུས་ཀྱང་བརྒལ་རུང་བའི་འགྲོ་བ་མིའི་ཆེས་སྤྱིར་བཏང་གི་འཚོ་བ་ཞིག་ཡིན་པ་རེད།ཡིན་ན་ཡང་སྤྱིའི་ཆ་ནས་མི་ཡ་རབས་སྤྱོད་བཟང་ལ་བརྩི་བཀུར་དང་། མ་རབས་ཐ་ཤལ་གྱི་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། མིའི་ཀུན་སྤྱོད་བཟང་ངན་ཐད་ནས་བླང་དོར་དེ་འདྲ་ཞིག་མེད་ན། འགྲོ་བ་མི་ལ་ཆེས་དགོས་གལ་ཆེ་ཞིང་། ས་ཆེན་འདིར་ཆེས་དཀོན་པ་ནི་མི་བུ་བཟང་པོ་དང་། ཡ་རབས་སྤྱོད་བཟང་ལྡན་པའི་སྐྱེས་མཆོག་དག་ཡིན་ཡང་དེ་དག་ལ་བརྩི་མཐོང་དང་གདེང་འཇོག་མི་བྱེད་པ་དང་། ནག་ཉེས་ཀྱི་བྱ་སྤྱོད་ལ་འགོག་སྲུང་མེད་པར་གྱུར་ཏེ། འགྲོ་བ་མིའི་རིགས་འདི་མུན་ནག་གི་ཁྲོད་དུ་ལུས་པའམ་དུད་འགྲོའི་གྲོང་ཁྱེར་ལྟ་བུ་ཞིག་ལས། འོད་སྟོང་ལྡན་པའི་མདུན་ལམ་ཞིག་ཡོད་པར་མི་འགྱུར།དེའི་ཕྱིར་ན་བཟང་ངན་ཤན་འབྱེད་བྱེད་ཀྱི་བྱ་དངོས་གང་ཞིག་ཡིན་རུང་སྤུས་ཀ་མཐོར་འདེགས་སུ་གཏོང་བ་དང་། དེ་བཞིན་བསམ་སྤྱོད་ངན་པའི་རིགས་དག་ལ་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་དགོས།བྱ་སྤྱོད་བཟང་ངན་དེའང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་། སློབ་གསོའི་ཤུགས་རྐྱེན་ལ་བརྟེན་ནས་བཟང་ངན་འདོར་ལེན་དང་། བླང་དོར་ལ་གཙིགས་འཛིན་ཡོད་དགོས་པ་ལས་ཐོག་མ་ཉིད་ནས་བཟང་ངན་རང་ཆས་སུ་མངའ་བ་ཉུང་།དེས་ན་བསམ་བློའི་སློབ་གསོ་དང་། ཀུན་སྤྱོད་སློབ་གསོ་སོགས་ཀྱིས་བཅོས་བསྒྱུར་གྱི་བྱ་འགུལ་ལ་བརྟེན་ནས། གཡམ་བཤད་དང་ཅལ་འདྲོགས་ཀྱི་གོ་རིམ་ཁྲོད་ནས་ནར་སོན་པའི་གཤིས་ངན་སྤྱོད་ངན་དག་གི་སྦྲུལ་ཚང་གཏོར་ཏེ། ཡ་རབས་སྤྱོད་བཟང་གི་རིན་ཐང་ངོ་མ་དེ་ངོས་ཟིན་པ་ཞིག་ཅིས་ཀྱང་དགོས། བཟང་སྤྱོད་དར་སྤེལ་དང་། ངན་སྤྱོད་འགོག་སྲུང་གི་ཕྱོགས་ལ་འཇིགས་ཞུམ་བག་ཚ་མེད་པར་ཞུགས་ཏེ་བགྲང་བྱའི་མུ་ཁྱུད་ཀྱི་རི་མོ་བརྩིགས་ཐུབ་ན། ད་གཟོད་དྲང་བདེན་གྱི་རྐང་ཚུགས་ཡོང་ཞིང་། ལྷག་བསམ་གྱི་མདངས་འཚེར་ཡོང་། ཕུགས་བསམ་དང་ཤེས་རིག་གི་མྱུ་གུ་བཞད་པའི་མི་གཞི་བཟང་པོ་དག་ཀྱང་མག་མོག་གི་ལོ་ཟླ་དེད་ནས་ཁེར་རྐྱང་དུ་ལུས་པར་མི་འགྱུར། འགྲན་སེམས་ཕྲག་དོག་གི་ན་བུན་དྭངས་ཏེ། ཟོལ་མེད་དྲང་བཞག་གི་བསམ་བློ་ཡང་སྨིན་ཡོང་། དེ་བཞིན་དཔྱོད་ཤེས་ཕ་མཐར་སོན་ཞིང་། དམན་ལ་ཆེས་ཆེར་བརྩེ་བའི་འགྲོ་བ་མིའི་རིགས་ཀྱི་ཐུན་མིན་བཟང་སྤྱོད་ཀྱི་མཚོན་རྟགས་རྣམས་ཀྱང་འབུར་དུ་ཐོན་པ་འགྱུར་རོ། །༢༠༡༥ / ༥ / ༡༡ ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *