མྱང་ཚ་དཀར་རྒྱན། 

རྩོམ་ཡིག་འདི་ཐེངས་ 237 བཀླགས་འདུག

༢༠༢༣ལོའི་མཁན་པོ་འཆི་མེད་རིག་འཛིན་གྱི་ལྗགས་རྩོམ་གསར་པ།

མྱང་ཚ་དཀར་རྒྱན།

མྱང་ཚ་དཀར་རྒྱན་རང་ལོ་ཉེར་བཞི་ཡིན་དུས། །
ཐོས་པ་དགའ་བའི་སྐྲ་མདོག་ཁམ་སེར་ཡིན་དུས། །
ཕ་ཡབ་ཤེས་རབ་རྒྱལ་མཚན་གློ་བུར་ཤི་བ། །
ལོ་རྒྱུས་རྣམ་ཐར་སྙན་མོའི་འཇའ་སྣེ་ཟུག་ས། །

འབྱོར་ཕྱུག་མཐོན་པོའི་ས་ནས་སྤྲང་པོར་གྱུར་ཏེ། །
ཟས་གོས་ཁ་མདོག་སྡུག་པའི་མྱང་ཚ་དཀར་རྒྱན། །
ལ་སྟོད་གུང་ཐང་ཡུལ་གྱི་སྡེ་བའི་ཟུར་ན། །
བྱང་མཐའི་སྐྱ་འོད་ནང་གི་སྐར་ཆུང་ཁེར་འདུག །

མཐོན་པོའི་མཁའ་ལ་བཀྲ་བའི་སྐར་ཚོགས་དེ་ཚོའི། །
འཆར་ནུབ་དུས་ཀྱི་རིམ་པ་གྲངས་མང་འདས་ཀྱང་། །
སྐར་ཆུང་ཁྱོད་དང་འབྲེལ་བའི་ལོ་རྒྱུས་རེ་རེ། །
ད་དུང་ང་ཚོའི་རྣ་བའི་ཟུར་ན་གླེང་འདུག །

རང་ཡུལ་རུ་སྡེའི་ཉེ་བ་དགྲ་རུ་ལངས་ཏེ། །
ཕ་ཡི་ཁ་ཆེམས་རེ་འབྲས་བུ་ལ་མ་སྨིན། །
སྐྱོ་སྡུག་འཚོ་བའི་འོག་ནས་མྱང་ཚ་མ་བུའི། །
ལོ་ཟླ་དུས་ཀྱི་ཆུ་བོའི་ལམ་འཕྲང་བརྒྱུད་སྐབས། །

ཐོས་པ་དགའ་བའི་མྱ་ངན་རིམ་གྱིས་སངས་ནས། །
སྟོན་ཆེན་ཆང་གིས་བཟི་བའི་གླུ་སྐད་སྙན་མོས། །
མ་སེམས་གཏིང་ནས་འཁྲུགས་ཏེ་མིག་ཆུ་འཐོར་བཞིན། །
འཁོན་ལན་བུ་ལ་གཏད་པ་རེ་བའི་མཐར་ཐུག །

ཟས་གོས་སྤྲང་ལ་ཐུག་པའི་འཚོ་བ་སྡུག་ཀྱང་། །
ཞིང་ཆུང་བྲེ་པེའི་ཕྱེད་ཀ་ནོར་དུ་བསྒྱུར་ཏེ། །
བསམ་ངན་སེམས་ཀྱི་ཞེ་འདོད་མཐུ་ལ་བཅོལ་བའི། །
ལྐོག་ལས་ཐབས་ལ་མཁས་པ་མྱང་ཚ་དཀར་རྒྱན། །

དབུས་འགྲོ་གྲོགས་ཀྱི་གྲལ་ནས་གཅིག་པུར་བཀར་ཏེ། །
མ་བུ་གཏན་དུ་འབྲལ་ཁའི་ཁ་ཏའི་བཞག་མཚམས། །
མངགས་པའི་འདོད་དོན་མ་གྲུབ་ཕྱིར་ལ་འཁོར་ན། །
ཁོ་མོས་རང་སྲོག་གཅོད་པའི་ཚིག་གིས་མནན་ཡོད། །

ཁང་རྒན་གོག་པོའི་སྒོ་ནས་དགྲ་ཡི་ཕྱོགས་ལ། །
མི་འདོད་ཆག་སྒོའི་ལྟད་མོ་ཉིན་བཞིན་བསྒུགས་ནས། །
མཐུ་རྟགས་མི་རྟ་སོ་ལྔ་དུས་གཅིག་བསད་ཀྱང་། །
རེ་བའི་ཕྱེད་ལས་མ་རྫོགས་མྱང་ཚ་དཀར་རྒྱན། །

ཤི་བསད་མི་རོ་རྟ་རོས་ཁང་ཁྱིམ་གང་ཡང་། །
གྱང་ཁམ་རིམ་པ་དགུ་ཡི་སེར་བ་མེད་ན། །
འཁོན་སེམས་ཞི་ཐབས་མེད་པའི་གཤིས་ཀ་དེ་ཡིས། །
མཐུ་ཆེན་སྔགས་པའི་ཐུགས་ཀྱི་རི་ཡང་བསྒུལ་སྐད། །

སྤྲང་མཐའ་མུ་གེས་ཤི་ཡང་འགྱོད་སེམས་མེད་པར། །
འཚོ་རྟེན་གྲུ་བཞིའི་ཞིང་ཆུང་གསེར་དུ་བརྗེས་ཏེ། །
ཆ་མེད་མགྲོན་ལ་བསྐུར་བའི་སྐྱེས་འཕྲིན་དེ་ཀ །
མི་ལ་མ་བུའི་བར་གྱི་གསུང་གི་ཐ་མ། །

ལ་སྟོད་སྐྱ་རྔ་རྩ་ཡི་རོང་ཆེན་ཞིང་གི། །
འབྲུ་དྲུག་སྙེ་མའི་མགོ་བོ་འབྲས་བུས་དུད་དུས། །
སེར་ནག་རྡོ་ཡི་ཆར་བས་ཐལ་བར་བཏང་བ། །
མ་སེམས་གཏིང་ནས་མགུ་བའི་སྐྱེས་ལན་ཡིན་ནོ། །

མྱང་ཚའི་སེམས་ལ་ཞེ་སྡང་དེ་འདྲ་མེད་ན། །
མི་ལ་རས་པའི་སྡིག་པ་རི་དང་མི་མཉམ། །
མི་ལའི་ཐུགས་ན་སྡིག་པ་དེ་ཙམ་མེད་ན། །
སྙན་གྲགས་བོད་ལ་བཞག་པའི་གྲུབ་པ་མི་ཐོབ། །

མར་པ་ལོ་ཙཱ།

ཆོས་བརྒྱུད་ཉི་མའི་འོད་ཀྱིས་ས་སྟེང་ཁྱབ་ཅིང་། །
གྲུབ་བརྙེས་ནམ་མཁའི་སྐར་མའི་གྲངས་ལས་བརྒལ་བ། །
མི་མིན་མཁའ་འགྲོའི་ཐུགས་མཛོད་བཀའ་བརྒྱུད་བསྟན་པའི། །
ཆུ་མགོ་གངས་ལ་གཏུག་ས་མར་པ་ལོ་ཙཱ། །

ཆ་མེད་རྒྱང་ནས་མཉན་ན་སྙན་གྲགས་ཆེ་ཞིང་། །
ཆ་ཡོད་ཁྱིམ་མཚེས་གྲོང་པས་ལྐོག་ལབ་མང་ས། །
མི་ཡུལ་མཁས་གྲུབ་དུ་མའི་གཙུག་གི་ནོར་བུ། །
རང་ཡུལ་རུ་སྡེས་རྩིས་མེད་ཕ་ཇོ་རྒན་པོ། །

ཁ་གང་བྲེ་ཡིས་གཞལ་བའི་གསེར་ཕྱེ་མན་ཆད། །
སྒོ་ཁའི་ལྷས་ན་ཉལ་བའི་ར་ཆག་ཡན་ཆད། །
མི་མཁོའི་ནོར་རྫས་མེད་པའི་གཤིས་ལ་བསམས་ན། །
འདོད་ཆེན་རྒྱུ་ལ་རྔམ་པའི་མི་ཞིག་ཡིན་འདྲ། །

འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུའི་དགོངས་པའི་སྐྱེལ་སོ། །
སྒོམ་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་འབྱམས་ནས། །
འཁོར་འདས་རེ་དོགས་ཞིག་པའི་མགུར་རེ་བླངས་ན། །
ཐུགས་དགོངས་དགྱེས་པ་རྡོ་རྗེའི་ལྷ་དང་མཉམ་འདྲ། །

ཉ་ཉོག་རྒྱུ་ནོར་བསགས་པའི་འཁོར་ཁྱིམ་ནང་ན། །
སྤྱན་རྩ་དམར་མདངས་ཧྲིག་གེར་ཆང་གིས་བཟི་ནས། །
ཆ་ཡོད་ཆ་མེད་ཀུན་ལ་དབྱུག་པས་རྡུང་དུས། །
སྤྱོད་པ་བཟང་ངན་གང་ཡང་མཁྱེན་ཁུ་མེད་འདྲ། །

ཐུགས་སྲས་སློབ་མའི་རྒྱལ་པོ་ཀ་ཆེན་བཞི་ལ། །
སྙན་བརྒྱུད་མཁའ་འགྲོའི་གདམས་ངག་ལྷག་མེད་གནང་ནས། །
བཀའ་བརྒྱུད་བསྟན་པའི་འཕེལ་རིམ་ལུང་གིས་སྟོན་དུས། །
དུས་གསུམ་སྒྲིབ་མེད་གཟིགས་པའི་སྤྱན་ཞིག་མངའ་འདྲ། །

ཆོས་ལ་གཏིང་ནས་མོས་པའི་ཨ་བོ་མཐུ་ཆེན། །
ཞིང་ལས་མཁར་ལས་ཀུན་ཀྱི་གཡོག་ཏུ་བཀོལ་ནས། །
སྒལ་བ་རྣག་གིས་ཟགས་ཀྱང་སྣང་མེད་བོར་བས། །
ཤ་ཚ་ཅུང་ཟད་མེད་པའི་གཤིས་ཀ་གྱོང་པོ། །

ལས་སྨོན་རྟེན་འབྲེལ་དུས་བབ་ཐོས་པ་དགའ་བའི། །
སྡིག་པ་རི་དང་འདྲ་བ་ཐབས་ཀྱིས་སྦྱངས་ནས། །
ཚེ་གཅིག་རྡོ་རྗེ་འཆང་གི་ས་རུ་བཞག་པས། །
བརྩེ་བ་གཏིང་ནས་ཡོད་པའི་འཕགས་ཆེན་སེམས་དཔའ། །

བདེ་དགྱེས་གསང་བ་འདུས་པའི་ལེགས་སྦྱར་རྒྱུད་དོན། །
གངས་ཅན་བོད་ཀྱི་སྐད་དུ་གཏན་ལ་ཕབ་ན། །
རྒྱུད་སྡེ་རྒྱ་མཚོའི་གནས་ལ་རང་བྱན་ཚུད་པའི། །
མཁས་པའི་ལྷང་ཐག་ཆོད་པ་མར་པ་ལོ་ཙཱ། །

འཆི་ལ་ཐུག་པའི་དཀའ་ཆེན་མང་དུ་སྤྱད་ནས། །
ནཱ་རོ་མཻ་ཏྲིའི་ཐུགས་ཀྱི་དགོངས་པ་ལོན་ཏེ། །
འཁོར་འདས་སྒྱུ་མའི་ལྟད་མོར་རང་དབང་འབྱོར་བའི། །
གྲུབ་པའི་དབང་ཕྱུག་ཆེན་པོ་མར་པ་ལོ་ཙཱ། །
མི་ལ་རས་པ།

མི་ལ་ཤེས་རབ་རྒྱལ་མཚན་གཤེགས་ཚོད་སྔ་ཞིང་། །
འབྱོར་ཕྱུག་འཚོ་བའི་ནོར་ལ་གོད་ཆགས་བྱུང་སྟེ། །
ལྷན་འཛོམས་ཕ་མའི་དྲུང་ནས་ཐོས་པ་དགའ་བ། །
མིང་སྲིང་མེ་ཏོག་འཐུ་བའི་རྩེ་ལོང་མ་བྱུང་། །

ཁེར་རྐྱང་འགྲོ་འདུག་ཙམ་གྱི་རང་མགོ་ཐོན་དུས། །
མཐའ་ཟད་གོས་ཐུང་ཧྲལ་བོའི་གོང་ཁའི་ངོས་སུ། །
བྱམས་པའི་མ་དང་བྲལ་བའི་མིག་ཆུ་འཐོར་བཞིན། །
ཕ་ཡུལ་སྐྱ་རྔ་རྩ་ནས་འབྲལ་དགོས་བྱུང་འདུག །

ཚོད་མེད་དགྲ་ཡི་བརྙས་བཅོས་སེམས་ལ་བཅངས་ཤིང་། །
དྲིན་ཆེན་ཨ་མ་རྒན་མོའི་རེ་བ་རྫོགས་ཕྱིར། །
རང་སྡེའི་ཕྱེད་ཀ་མཐུ་དང་སེར་བས་བརླགས་པ། །
ཉམ་ཆུང་སྐྱིད་ཆུས་མ་ཡིན་སྡུག་གི་མགོ་ནོན། །

ཚབས་ཆེན་མི་དགེའི་ལས་ཀྱིས་སེམས་ཁམས་འཁྲུགས་ཤིང་། །
གར་འགྲོའི་གཏད་སོ་མེད་པའི་ས་མཚམས་ཤིག་ནས། །
སྒྲ་བསྒྱུར་མར་པའི་སྙན་པ་རྒྱང་ནས་གོ་བ། །
ཚེ་རབས་ལས་ཀྱི་བླ་མས་འབོད་བརྡ་དང་པོ། །

ཡི་ཆད་ལན་བརྒྱད་སྐྱེས་ཀྱང་དད་པ་མ་ལོག །
སྒལ་བ་རྨ་ཡིས་ཟགས་ཀྱང་སྙིང་རུས་མ་ཉམས། །
སྲས་མཁར་དགུ་ཐོག་བསྐྱར་བཞེངས་ལོ་ལྔར་བྱས་ནས། །
མར་པའི་ཐུགས་དགོངས་ལོན་པས་སློབ་མའི་ཡང་རྩེ། །

འཚོ་བ་འཇིག་རྟེན་མི་ལ་རེ་བ་མ་བཅས། །
ལ་རྐེད་སྨུག་སྤྲིན་མན་ལ་གོམ་ཁ་མ་བཞག །
གནམ་སའི་མཚམས་ན་བསྒྲིགས་པའི་རི་རྩེ་འགྲིམས་ནས། །
སྤངས་རྟོགས་ཚད་དུ་བསྐྱལ་བ་མི་ལ་རས་པ། །

རང་བྱུང་རྡོ་ལེབ་སྟེང་ནས་ཏིང་འཛིན་ཟས་ཟོས། །
ཁ་བ་བུ་ཡུག་ཁྲོད་ནས་གཏུམ་མོའི་གོས་གྱོན། །
བྲག་ཆའི་རོལ་མོའི་རྒྱུད་ནས་རྟོགས་པའི་མགུར་བླངས། །
སྙན་གྲགས་བོད་ལ་བཞག་པ་མི་ལ་རས་པ། །

གཅེས་འཛིན་སེམས་ཀྱི་ཞེན་པ་རི་ནས་བཅད་དེ། །
རང་དོན་མཐའ་རུ་ཕྱིན་ནས་འགྲོ་དོན་སྒྲུབ་དུས། །
གཡུ་ཆུང་དྲུག་དཀར་ཙམ་རེའི་གཞན་ཕན་དོན་དུ། །
ལུས་སྲོག་བློ་ཡིས་འདོར་ནུས་མི་ལ་རས་པ། །

དཀའ་སྡུག་འཚོ་བས་མནར་ནས་མིག་ཆུ་འཐོར་མྱོང་། །
སྒྲིབ་སྦྱང་མཁར་ལས་བྱས་ནས་ཟུངས་ཁྲག་བཞུར་མྱོང་། །
དགའ་སྐྱིད་གྲུབ་པ་བརྙེས་ནས་གླུ་ཆུང་ལེན་མྱོང་། །
མ་མྱོང་དགུ་མྱོང་མྱོང་མཁན་མི་ལ་རས་པ། །

ཨ་མའི་ངག་བཞིན་གྲུབ་པའི་བུ་ཆུང་ཁྱེད་ཡིན། །
བླ་མའི་གསུང་བཞིན་གྲུབ་པའི་སློབ་མ་ཁྱེད་ཡིན། །
དགྲ་བོ་རྩ་མེད་བརླགས་པའི་དཔའ་བོ་ཁྱེད་ཡིན། །
བསམ་བསམ་འདོད་ཐོག་འགྲུབ་ནུས་ཁྱེད་རང་ཙམ་ཡིན། །
ཞེས་པ་འདི་ནི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ནང་གི་ཨ་མ་མྱང་ཚ་དཀར་རྒྱན་གྱི་འདོར་མི་ཐུབ་པའི་འཁོན་འཛིན་དང་འགྲན་སེམས། སྒྲ་བསྒྱུར་མར་པ་ལོ་ཙཱའི་དཔག་དཀའ་བའི་དགོངས་རྟོགས་དང་ཐུགས་གཤིས། རྗེ་བཙུན་མི་ལ་རས་པའི་བཟོད་སྲན་གྱི་སྙིང་རུས་དང་དད་བརྩོན་དག་རྣམ་ཐར་དེ་ཉིད་ཀློག་པ་པོ་དག་ལ་དགའ་སྡུག་དང་ངོ་མཚར་སྐྱེ་བའི་གྲུབ་ཆ་གཙོ་བོར་སོང་ཡོད་པར་ཤེས་ཏེ། ལོ་རྒྱུས་སྙན་ངག་གི་བླ་སྲོག་དེ་ཚོའི་རང་བཞིན་བརྗོད་པའི་བསྟོད་པ་འདིའང་ཆུང་ནས་བཟུང་སྙན་རྩོམ་འབྲི་བ་ལ་གོམས་པའི་དགའ་ཕྱོགས་ཀྱི་བག་ཆགས་རེས་བསྐུལ་ནས་མདོ་རྡོ་རྗེ་བྲག་ཏུ་འཆི་མེད་རིག་འཛིན་གྱིས་སྨྲས་རིམ་བཞིན་གཞན་ལ་ཡི་གེར་ཕབ་ཏུ་བཅུག་པའོ།། ༢༠༢༣/ ༢/ ༡༥/

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *