འོད་ཐིག་གི་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 819 བཀླགས་འདུག
འབྲོག་མོ།
རྫས་ངན་འབག་བཙོག་མེད་པའི་རྩྭ་ཐང་ན།།
སྦྲ་གུར་གནམ་ལ་ཕུབ་པའི་འབྲོག་ཁྱིམ་ན།།
སྒོ་ཟོག་ལྷས་ལ་འདུས་པའི་ལྷས་ར་ན།།
སྤང་ཁའི་མེ་ཏོག་འདྲ་བའི་འབྲོག་མོ་ཁྱོད།།
མེས་པོའི་ཤུལ་ནོར་ཡིན་པའི་ཡུལ་ཁམས་ན།།
གནམ་ས་དྭངས་ཤིང་གཙང་བའི་ཁོར་ཡུག་ན།།
ཕ་ས་བདག་གིར་བྱེད་པའི་འབྲོག་ཁྱིམ་ན།།
རྩྭ་ཐང་སྟེང་གི་མེ་ཏོག་འབྲོག་མོ་ཁྱོད།།
ཡུལ་མེད་སྤྲང་འཁྱམ་ཡིན་པའི་ས་མཐའ་ནས།།
མི་སེམས་ནག་ནོག་ཡིན་པའི་ཡུལ་ཁམས་ནས།།
འཚོ་བ་ངེས་གཏན་མེད་པའི་མགྲོན་ཁང་ནས།།
སྤང་ཁའི་མེ་ཏོག་འབྲོག་མོ་དྲན་པས་གདུང་།།
མ་གཞི་བསམ་གཞིག་མ་ཐུབ་ས་མཐར་འོང་།།
མ་འདོད་བྱམས་པའི་ཕ་མ་རིང་དུ་བྲལ།།
མ་བསམས་ཕ་མའི་དྲིན་ལན་ལོན་རྒྱུ་དཀའ།།
མ་བཅོས་འབྲོག་མོ་སེམས་ཀྱི་བརྩེ་གྲོགས་མེད།།
ཕ་ཡུལ་བསྡད་ནས་ཕ་མར་སྲི་ཞུ་མེད།།
ཕ་མའི་རེ་བ་ཁོ་བོས་འཇོན་པ་མེད།།
ཕ་མེད་དྭ་ཕྲུག་བཞིན་དུ་ས་མཐར་འོང་།།
ཕ་སའི་ཁྱིམ་གཞིས་མ་བཅུན་ཤིན་ཏུ་ཕོངས།།།
ཕྱི་ཡི་ལུས་ཁམས་མི་འཕྲོད་ས་འདིར་སྡུག །
ནང་གི་སེམས་ཁམས་སྙོག་པའི་གཏམ་འདི་ངན།།
ཕྱི་ནང་མགོ་གཉིས་མ་ཚོའི་བྱེད་སྟངས་བཙོག།
ས་འདིར་བསྡད་ན་ཕ་ས་ཕ་ཡུལ་དྲན།།
ཕྱི་ཡི་མཛེས་པ་དཀར་དམར་བྱུག་རྫས་ཙམ།།
ནང་གི་མཛེས་པ་སྐད་རིགས་ཐར་ཐོར་ཙམ།།
སེམས་གཏམ་སེམས་ཀྱི་ཁོག་ལ་མི་ཤོང་བ།།
བཅོས་མའི་འཛུམ་ལ་བལྟས་ན་འབྲོག་མོ་དྲན།།
ཕ་ཟས་འབྲུ་དཀར་ནས་ཀྱི་རྩམ་པ་དང་།།
ཕ་ཁྱིམ་འབྲོག་མོའི་ལག་ཟས་འོ་ཞོ་ཐུད།
ཅི་དགར་རོལ་བའི་ཞི་མཐུན་འཚོ་བ་ཞིག །
མ་འཆུན་ས་མཐར་ཡོང་བ་ཤིན་ཏུ་འགྱོད།།
དགུན་ཁ་ཁ་བ་འབབ་ཀྱང་མི་འཁྱག་པ།།
དྲོད་འཇམ་པགས་ཚག་གོས་ཀྱི་རུམ་ནང་ན།།
བརྩེ་བའི་ཤ་འཇམ་ལུས་ལ་རེག་མཁན་མ།།
འབྲོག་མོ་མནའ་མ་མ་འཆུན་ལས་འདི་ངན།།
ཕ་སའི་འབྲོག་མོའི་སེམས་པ་མདའ་ལྟར་དྲང་།།
ལྷན་སྐྱེས་དྲི་བཟང་བརྩེ་བའི་མེ་ཏོག་མངར།།
སེམས་ཀྱི་གཤིས་ལ་ངོ་ཚ་ཁྲེལ་ཡོད་ལྡན།།
ལྷ་ཆོས་དགེ་བ་སྒྲུབ་ལ་དད་འདུན་ཆེ།།
༢༠༢༠/༠༨/༡༦ཉིན་འོད་ཐིག་ནས།
བསམ་ཚུལ་ཕྲིས།