ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་དགེ་བཤེས་འབྲི་སྐལ་བཟང་ལ་བཅར་འདྲི་ཞུས་པ།

རྩོམ་ཡིག་འདི་ཐེངས་ 982 བཀླགས་འདུག

 

དྲི་བ། བཀྲ་ཤིས་བདེ་ལེགས། ཐོག་མར་འཚམས་འདྲི་ཞུ་བ་དང་སྦྲགས་སྐུ་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ངའི་མིང་ལ་འབྲི་སྐལ་བཟང་ཟེར། ནགས་ཤོད་འབྲི་རུའི་ཡུལ་རྫོང་ཁྲོམ་ཞེས་པའི་གྲོང་ཚོ་དེར་སྐྱེས་པ་རེད། ཐོག་མར་རབ་བརྟན་དགོན་དུ་ཆོས་ཞུགས་བྱས་ནས་ལོ་ལྔ་ཙམ་བསྡད་པ་ཡིན། དེའི་རིང་དགོན་པའི་འདོན་ཆ་ཁག་དང་བརྡ་སྤྲོད་སྐོར་སོགས་སྦྱོང་བའི་གོ་སྐབས་ཐོབ། དེ་ནས་འཕགས་ཡུལ་ལ་ཡོང་ནས་དགའ་ཤར་གྲྭ་ཚང་ལ་ཞུགས་ནས་གཞུང་ཆེན་ཁག་དང་། སྙན་སུམ་སོགས་བརྡ་སྤྲོད་སྐོར་དང་། རྒྱལ་རབས་ཆོས་འབྱུང་སོགས་ལ་ཐོས་བསམ་བྱས། དེང་རབས་ཚན་རིག་གི་སྐོར་སོགས་སྤྱི་ཚོགས་ཀྱི་ཤེས་བྱ་ཁག་ལ་རྒྱུས་ལོན་ཅུང་ཟད་བྱེད་པའི་གོ་སྐབས་ཐོབ་པ་རེད། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་ཐོས་བསམ་དང་དབང་ལུང་མན་ངག་སོགས་ཞུ་རྒྱུའི་སྐལ་བ་ཐོབ། མདོར་ན་མི་ལོ་ཉེར་དགུ་ཙམ་སློབ་གཉེར་བྱས་པ་དང་མི་ལོ་བཅུ་དྲུག་རིང་ རྩོམ་སྒྲིག་དང་སློབ་ཁྲིད་སོགས་སྐད་ཡིག་དང་རིག་གཞུང་ལ་ཕན་པའི་ལས་ཀ་བྱས་པ་ཡིན། ད་དུང་ཡང་སློབ་གཉེར་བྱེད་བཞིན་པ་དང་རྩོམ་སྒྲིག་དང་ཉམས་ཞིབ་ཀྱི་ལས་ཀ་བྱེད་བཞིན་པ་ཡིན། མ་འོངས་པར་ཡང་རང་གི་ནུས་པ་ཡོད་ཚད་སྐད་ཡིག་དང་རིག་གཞུང་ཕན་པའི་ལས་ཀའི་ཕྱོགས་སྤུངས་ཐུབ་པའི་འབད་བརྩོན་དང་རེ་བ་བྱེད་བཞིན་ཡོད། མདོར་བསྡུས་དེ་ཙམ་ཡིན།

དྲི་བ། ཁྱེད་ཀྱིས་སློབ་ཞོར་དུ་དུས་དེབ་དང་དྲྭ་བའི་རྩོམ་སྒྲིག་གི་ཕྱག་ལས་གནང་དང་གནང་བཞིན་ཡོད་འདུག་པས། དེ་དག་གིས་བོད་ཀྱི་རིག་གཞུང་ལ་དགེ་ཕན་གང་འདྲ་ཡོང་གིན་འདུག་གམ།

ལན། ངས་དུས་དེབ་ཀྱི་ལས་ཀ་ཐོག་མ་དེ་སྤྱི་ལོ་༢༠༠༡ ལོར་ལྷོ་མཐའི་ཁ་བ་ཞེས་པའི་དུས་དེབ་འདོན་སྐབས་བྱས་པ་ཡིན། དེ་ནས་ ༢༠༠༩ ལོ་ནས་ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་དེབ་འགོ་བཙུགས་ནས་ད་ལྟ་འགྲོ་བཞིན་པ་རེད། ༢༠༡༢ ལོར་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཅེས་པ་གཉེར་ནས་ད་ལྟ་འཛིན་སྐྱོང་བྱེད་བཞིན་པ་རེད། སྦྲ་སོག་འབྲི་གསུམ་གྱི་དུས་དེབ་དང་། དགའ་ཤར་ཚན་རིག་དུས་དེབ་བཅས་ལ་ལས་ཀ་བྱས་ཡོད། དེ་མིན་བརྡ་སྤྲོད་རིག་པའི་བགྲོ་གླེང་དང་། སྐད་ཡིག་གཙོར་བཟུང་གི་སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་། སྙན་རྩོམ་འགྲན་བསྡུར་སོགས་གོ་སྒྲིག་གི་ལས་ཀ་གང་འཚམས་བྱས་ཡོད། དེ་དག་རོགས་པ་རྣམས་ཀྱིས་ལས་ཀ་ཧུར་ཐག་བྱས་པ་ལ་བརྟེན་ནས་ཚང་མ་ལེགས་གྲུབ་བྱུང་བ་རེད།
གཞན་ཡང་རྩོམ་ཡིག་ལ་འཇུག་པར་སྐུལ་བ་དང་རྩོམ་ཡིག་གི་དགེ་མཚན་གླེང་བ། རྩོམ་ཡིག་སྐོར་གྱི་ཤེས་བྱ་དག་ངོ་སྤྲོད་བྱེད་པ། ལས་དང་པོ་བ་དག་ལ་རྩོམ་ཡིག་གི་དགེ་སྐྱོན་དག་ཟུར་འདོན་གྱི་སྒོ་ནས་ཞུ་དག་དང་བཟོ་བཅོས་ཀྱི་རོགས་ཕན་བྱས་ནས་རྩོམ་ཡིག་ལ་སྤྲོ་བ་རྒྱས་ཐབས་བྱེད་པ་སོགས་མདོར་ན་རང་ནུས་གང་ཡོད་ཀྱིས་སྐད་ཡིག་ཡར་རྒྱས་དང་འཛིན་སྐྱོང་གི་ལས་ཀ་བྱས་པའི་ཁུལ་ཡིན། རང་གི་ཐོག་མའི་དམིགས་ཡུལ་བཞིན་ཕན་འབྲས་ཀྱང་ཆེན་པོ་ཡོང་གི་ཡོད་པ་མཐོང་སོང་། དེར་བརྟེན་ང་ཚོས་ཐོག་མར་རྩོམ་ཡིག་གི་ལམ་དུ་མ་ཞུགས་པ་རྣམས་ཞུགས་པ་དང་། ཞུགས་པའི་ལས་དང་པོ་བ་རྣམས་ཡར་རྒྱས་འགྲོ་བའི་ཐབས་ལ་འབད་དགོས་པ་གལ་ཆེན་པོ་རེད་འདུག །གནས་ཚད་གང་འཚམས་ཞིག་ལ་བསླེབས་ན་ཕལ་ཆེ་བ་དེ་ཙམ་གྱིས་སྐུལ་འདེད་མི་དགོས་པར་སོ་སོས་འབད་བརྩོན་བྱེད་ཀྱི་རེད། དེར་བརྟེན་ལས་དང་པོ་བ་རྣམས་སྐུལ་འདེད་བྱེད་པའི་ཐབས་ལམ་ཡག་ཤོས་དེ་དུས་དེབ་དང་དྲ་རྒྱ་སོགས་གཉེར་དགོས་པ་ཤིན་ཏུ་གལ་ཆེ་བར་མཐོང་། དཔེ་མཚོན་ཙམ་ཞིག་ཞུས་ན་ང་ཚོ་བཙན་བྱོལ་དུ་ཡོད་པའི་ནགས་ཤོད་འབྲི་རུ་བ་རྣམས་ཀྱིས་ནུས་པ་མཉམ་སྒྲིལ་གྱི་སྒོ་ནས་ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་དེབ་དང་། ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཅེས་པའི་དྲ་རྒྱ་བཅས་གསར་བཟོ་དང་འཛིན་སྐྱོང་བྱས་ཡོད། སྤྱི་ལོ་ ༢༠༠༩ ལོར་འགོ་བཙུགས་པ་ནས་༢༠༡༦ བར་ལོ་བརྒྱད་རིང་དུས་དེབ་འདོན་ཐེངས་བརྒྱད་བཏོན་ཟིན་པ་རེད། ད་ལྟའི་སྐབས་རྩོམ་ཡིག་འབྲི་ཡག་གི་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་མིག་མཐོང་ལག་ཟིན་ལྟ་བུ་རེད། ད་དུང་ཡང་ང་ཚོས་མུ་མཐུད་ནས་འགྲོ་འཆར་ཡོད། ཡར་རྒྱས་ཀྱི་རྣམ་པ་དེ་དག་ཐབས་ལམ་དེ་གཅིག་པུས་ཡར་རྒྱས་ཕྱིན་པ་ཞིག་མིན་ན་ཡང་འབད་བརྩོན་གྱི་ཁ་ཕྱོགས་དང་རྨངས་གཞིའི་གྲུབ་ཆ་བཅས་ལ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་བཙན་བྱོལ་ནང་ལ་ནགས་ཤོད་འབྲི་རུ་བ་མི་གྲངས་དེ་ཙམ་མང་པོ་མེད་ན་ཡང་སྙན་རྩོམ་དང་དཔྱད་རྩོམ་སོགས་འབྲི་བ་ལ་ཐོགས་པ་མེད་པ་ལྟ་བུ་བརྒྱ་ཕྲག་ལས་བརྒལ་བ་དང་། སྒྲུང་རྩོམ་དང་བསྒྱུར་རྩོམ་འབྲི་མཁན་ཡང་མང་པོ་ཡོད། ལྷག་པར་དུ་བོད་ཡིག་སྦྱོང་བ་ལ་སྤྲོ་བ་ཡོད་པ་ནི་ནགས་ཤོད་པའི་གཤིས་ཀ་འདྲ་བོ་ཞིག་ཆགས་ཡོད་པ་འགྲོག་འདྲིས་ཆེ་བའི་ལུང་ཚན་གཞན་གྱི་མི་ཕལ་ཆེ་བས་གླེང་བཞིན་ཡོད། སློབ་སྦྱོང་གི་བསྟི་གནས་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པ་མ་ཡིན་པར་ཚོང་ལས་གཉེར་མཁན་དང། དེ་མིན་གྱི་ལས་ཀ་བྱེད་མཁན་རྣམས་ཀྱིས་ཀྱང་བོད་ཡིག་ལ་རྩ་ཆེར་བལྟས་ནས་འབྲི་བ་དང་འདོན་པ་སོགས་ལ་འབད་པ་ཆེན་པོ་བྱེད་བཞིན་ཡོད་པ་རེད། མདོར་ན་ང་ཚོས་མི་དེའི་སེམས་ལ་བག་ཆགས་འཐུག་པོ་ཞིག་འཇོག་ཡག་གི་འབད་བརྩོན་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་། ཐབས་ལམ་གང་ཞིག་བསྟེན་ཀྱང་ཆོག གཙོ་བོ་མི་དེའི་སེམས་ལ་བོད་ཡིག་གལ་ཆེན་ཡིན་པའི་བག་ཆགས་ཅིག་འཇོག་ཐུབ་ན་དེས་འགྲོ་འཆག་ཉལ་འདུག་གང་གི་སྐབས་དང་། ཡུལ་དུས་གནས་བབ་ཅི་འདྲ་ཞིག་ཡིན་ཀྱང་འབད་བརྩོན་བྱ་ངེས་རེད། ཐབས་ལམ་དེ་ནི་དུས་དེབ་དང་དྲ་རྒྱ་སོགས་དང་འབྲེལ་བ་ཟབ་པོ་ཡོད་པ་ཞིག་མཐོང་།

དྲི་བ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཞབས་ཞུའི་ལས་རིགས་དེ་དག་གཉེར་དུས་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཀྱིན་འདུག

ལན། ལས་དོན་འདི་རིགས་གཉེར་དུས་དཀའ་ངལ་མང་པོ་ཞིག་འཕྲད་ངེས་པ་རེད། དེ་དག་ངེས་པར་གདོང་ལེན་བྱེད་པའི་འཕེན་པ་སྔོན་ནས་གཏང་དགོས་ལ་སྐབས་དོན་སོ་སོར་འགན་འཁུར་དགོས་པ་གལ་ཆེ། ངས་འདིར་སྤྱིར་བཏང་དང་དམིགས་བསལ་གཉིས་ཀྱི་སྒོ་ནས་གླེང་བར་འདོད། དང་པོ་སྤྱིར་བཏང་ནི་དུས་ཚོད་དང་། དཔལ་འབྱོར་གྱི་ཆ་རྐྱེན་སོགས་ནི་མེད་དུ་མི་རུང་བ་ཡིན་པས་དེའི་ལྡོག་ཕྱོགས་ནི་དཀའ་ངལ་གྱི་རང་བཞིན་རེད། དེ་ལས་གཞན་པའི་དཀའ་ངལ་མང་པོ་ཡོང་གི་རེད། ལས་དོན་དེ་ལེགས་གྲུབ་བྱུང་བ་དང་། འབྱུང་བཞིན་པ། མུ་མཐུད་ནས་འགྲོ་ཡག་གི་གདེང་ཚོད་ལྡན་པ་བཅས་མཐོང་སྐབས་མང་པོ་ཞིག་གིས་བསྔགས་བརྗོད་དང་རྗེས་སུ་ཡིས་རང་བྱ་ངེས། འོན་ཀྱང་འགའ་ཞིག་གིས་དེ་ལས་ལྡོག་སྟེ་ཕྲག་དོག་འཕེལ་ནས་ཐབས་གང་དྲག་གིས་ལས་དོན་དེ་མི་འགྲུབ་པའི་ཐབས་ལམ་འཚོལ་གྱི་ཡོད། ལས་ཀ་ལ་ཕན་མེད་པར་བཤད་པ། ལས་བྱེད་ལ་སྐྱོན་ཡོད་པར་བསྒྲགས་པ། ལྷག་པར་དུ་ལས་ཀ་བྱེད་མཁན་རྣམས་ཀྱི་བར་ལ་འགལ་ཟླ་བཟོ་ཐབས་བྱེད་པ། ལས་བྱེད་པོ་རྣམས་ལ་རྒྱབ་སྐྱོར་བྱེད་མཁན་དང་འགྲོག་འདྲིས་ཟབ་པའི་མི་རྣམས་ཀྱི་བར་ལ་འགལ་ཟླ་བཟོ་ཐབས་བྱེད་པ་སོགས་ཐབས་ལམ་གང་དྲག་སྤྱད་ནས་ལས་དོན་ལ་འགོག་རྐྱེན་བཟོ་མཁན་མང་པོ་ཡོད། དེ་ནི་ལས་དོན་ཕལ་ཆེ་བ་ལ་ཡོང་གི་ཡོད་པས་རིག་གཞུང་ཞབས་ཞུའི་ལས་རིམ་ལ་ཡོང་ངེས་པ་ལྟ་བུ་རེད། གཉིས་པ་དམིགས་བསལ་ནི་ང་ཚོའི་ལས་རིམ་ལྟ་བུ་ཡིན་ན་འགལ་རྐྱེན་དེ་དག་དེ་ཙམ་འཕྲད་མྱོང་མེད། གཙོ་བོ་དུས་ཚོད་ཀྱིས་མ་འདངས་ནས་བྱེད་དགོས་བསམ་པ་མང་པོ་ཞིག་བྱེད་མི་ཐུབ་པའི་དཀའ་ངལ་གཏན་གཏན་འདུག ང་ཚོའི་རྩོམ་སྒྲིག་ཁང་གི་ལས་ཀ་བྱེད་མཁན་གྱི་མིང་ཡོད་པ་དང་། མིང་མ་བཏགས་ཀྱང་དོན་དུ་ཕྱར་གྲུ་མཉམ་འདེགས་ཀྱི་ལས་ཀ་བྱེད་མཁན་ཚང་མ་ཚོགས་པ་སྡེ་ཚན་སོ་སོའི་སྒྲིག་ཁོངས་ལ་སྡོད་དགོས་པ་དང་། སློབ་གཉེར་དང་ལས་ཀ་སྤྱི་མཚུངས་ལྟར་བྱེད་པའི་ཞོར་ལ་གཉེར་དགོས་པས་དུས་ཚོད་ཀྱི་དཀའ་ངལ་ཆེན་པོ་རེད། ང་ལྟ་བུ་ལ་ཆ་མཚོན་ན་ཚོགས་པ་སྡེ་ཚན་མང་པོའི་ལས་ཀ་བྱེད་དགོས་ཀྱི་ཡོད་རེད། ཞོར་དུ་བོད་ཡིག་གི་སྐོར་ལ་སྒེར་སོ་སོར་གང་ནུས་དེ་སྒྲུབ་ཀྱི་རྣམ་པའི་སྒོ་ནས་དག་བཅོས་དང་སྐུལ་འདེད་བྱེད་ཀྱི་ཡོད། མང་པོ་ཞིག་ལ་ཕན་འབྲས་ཆེན་པོ་ཐོན་གྱི་ཡོད་པའི་ཚོར་སྣང་ཡོང་གི་འདུག དེར་བརྟེན་གཟའ་ཉི་མ་ལྟ་བུ་སྤྱི་ཁྱབ་ཀྱི་གུང་སེང་རྣམས་ཀྱང་ཕལ་ཆེ་བ་ལྷོད་ལྷོད་ཀྱི་གོ་སྐབས་ཡོད་མ་རེད། དེ་ནི་ལས་རིམ་དེ་དག་ལ་དུས་ཚོད་ཀྱི་དཀའ་ངལ་ཡོད་པའི་མཚོན་དོན་ལྟ་བུ་རེད་སྙམ།
དྲི་བ། སྐུ་ཉིད་ཚན་རིག་དང་ནང་ཆོས་ཟུང་འབྲེལ་གྱིས་སྦྱོང་མྱོང་མཁན་ཞིག་ཡིན་པའི་ཆ་ནས། ཚན་རིག་ཤེས་ན་ནང་ཆོས་གོ་རྟོགས་མྱོང་གསུམ་ལ་ཕན་ཐོགས་ག་རེ་འདུག ཚན་རིག་ནི་ནང་ཆོས་སྦྱོང་བར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ནམ།

ལན། ང་ཚན་རིག་ཟབ་སྦྱོང་ལ་ཐེངས་མང་པོ་ཕྱིན་པ་རེད་ལ་དགེ་རྒན་སྐད་གྲགས་ཅན་མང་པོ་དང་འཕྲད་པ་རེད། མ་ཚད་ཡུལ་ལུང་མི་འདྲ་བ་མང་པོ་ལ་ཚན་རིག་གི་བསྟི་གནས་ཆེ་ཁག་མང་པོ་ལ་འགྲོ་མྱོང་ཡོད། ནང་ཆོས་ནི་རྩ་བའི་སློབ་ཚན་ལྟ་བུ་ཡིན་པས་གཞུང་ཆེན་ཁག་ལ་གང་ནུས་བལྟས་པའི་ཁུལ་རེད། ནང་ཆོས་ལ་སྦྱོང་བཞིན་པའི་སྐབས་སུ་ཚན་རིག་གི་ཕྱོགས་ལ་འབད་བརྩོན་གང་འཚམས་བྱས་པ་ཡིན། ཚན་རིག་གི་སྐོར་ལ་རྒྱུས་ལོན་བྱེད་སྐབས་དཔྱད་ཐབས་དང་རིགས་པའི་རྣམ་གྲངས་མང་པོ་ཞིག་གསར་དུ་ཤེས་ཐུབ་ཀྱི་ཡོད། སྤྱི་ཚོགས་ཀྱི་གནས་སྟངས་དང་རྒྱལ་སྤྱིའི་སློབ་སྦྱོང་གི་ཁ་ཕྱོགས། འཛམ་གླིང་གི་གནས་སྟངས་དང་གཟའ་སྐར་གྱི་འཁོར་སྟངས་སོགས་བློ་ཡུལ་དུ་འཆར་བདེ་བའི་བཤད་པ་མང་པོ་མཐོང་དུ་ཡོད། གད་སྒྲ་ཆེན་པོའི་སྐོར་སོགས་བློ་ལ་འཆར་མི་བདེ་བ་ཡང་མང་པོ་ཡོད། ངས་སྔོན་མ་འདིའི་སྐོར་ལ་དཔྱད་རྩོམ་ཞིག་ཀྱང་འབྲི་མྱོང་ཡོད། ཐོག་མར་འཕྲད་སྐབས་བློ་ཡུལ་ལ་དེ་ཙམ་འཆར་བདེ་པོ་མེད་ཀྱང་ག་ལེར་གོམས་ན་ཡིད་དུ་འཐད་པ་དེ་འདྲ་ཡང་མང་པོ་ཡོད། མདོར་ན་དེ་དག་གི་སྐོར་ལ་བསམ་གཞིག་བྱེད་པས་རྣམ་དཔྱོད་དམ་བློ་གྲོས་ཀྱི་སྟོབས་གཏན་གཏན་རྒྱས་ཐུབ་ཀྱི་ཡོད། དེང་སང་མང་པོ་ཞིག་གིས་ཚན་རིག་སྦྱངས་ན་ནང་ཆོས་སློབ་སྦྱོང་བྱེད་པ་ལ་གནོད་སྐྱོན་ཆེན་པོ་ཡོད་པར་གླེང་གི་འདུག །བསམ་ཚུལ་དེ་ཏག་ཏག་རེད་བསམ་གྱི་མེད། གང་ཟག་འགའ་ཞིག་ལ་དེ་འདྲའི་རྐྱེན་ཡོད་སྲིད་ཀྱང་སློབ་སྦྱོང་ཞེས་པ་དེ་ཇི་ཙམ་གོམས་པ་དང་ཇི་ཙམ་འབད་བརྩོན་བྱས་པ་དེ་ཙམ་གྱིས་ཡར་རྒྱས་དང་གོང་འཕེལ་འགྲོ་ཡག་ཡོད་པ་དང་། དེ་ཡང་ཀུན་མཁྱེན་གྱི་གནས་མ་ཐོབ་བར་དུ་མཐའ་མེད་པར་འཕེལ་ཡག་ཡོད་པ་ཞིག་དང་། དེ་ལྟར་འཕེལ་བ་ལ་བློའི་ནུས་པས་འདང་གི་ཡོད་པ་ཞིག་རེད་མ་གཏོགས་རྫ་མའི་ནང་ལ་ཆུ་བླུགས་པ་ལྟ་བུ་ཞིག་མིན། རྫ་མ་ཞིག་གི་ནང་ལ་ཆུ་བླུགས་ཟིན་ན་གཞན་བླུག་ས་མེད་པ་དང་གཞན་ཞིག་བླུགས་ན་དེའི་ཚོད་ཙམ་ཆུ་བླུག་ས་མེད་པར་འགྱུར་འགྲོ་བ་དང་གཅིག་པ་མ་རེད། སྤྱིར་གང་ཟག་སུ་འདྲ་ཞིག་ཡིན་ཀྱང་སློབ་སྦྱོང་བྱེད་པའི་སྐབས་རྣམ་དཔྱོད་ཡར་རྒྱས་གཏང་རྒྱུ་གལ་ཆེན་པོ་རེད།
འགའ་ཞིག་གིས་སློབ་སྦྱོང་བྱེད་སྐབས་འབྲུ་རྡོག་རེ་རེ་བཞིན་བསྒྲུགས་ནས་གསོག་ཐབས་བྱེད་པ་བཞིན་ཚིག་རེ་རེ་བཞིན་བློ་ལ་བཟུང་ནས་དོན་རྟོགས་ཐབས་བྱེད་ཀྱི་ཡོད། དེ་འདྲའི་རིགས་ཀྱིས་སློབ་སྦྱོང་གི་ནུས་པ་རླབས་ཆེན་པོ་འདོན་མི་ཐུབ། སྦྱོང་པའི་སྐབས་སུ་དཀའ་ལས་ཆེ་བ་དང་སྦྱངས་ཟིན་ནས་བརྗེད་སླ་བ་སོགས་སྦྱངས་འབྲས་འབུལ་དུ་ཐོན་པ་ཧ་ཅང་དཀའ། རྒྱུགས་སྤྲོད་ཙམ་ལ་དམིགས་མཁན་ཞིག་དང་རྒྱུགས་འབྲས་ཀྱི་ཨང་རིམ་མཐོན་པོ་ལ་དགའ་མཁན་ཞིག་ཡིན་ན་དེས་གཏན་གཏན་ཕན་གྱི་རེད། འགའ་ཞིག་གིས་རྣམ་དཔྱོད་བེད་སྤྱོད་བཏང་བ་དང་རྣམ་དཔྱོད་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱེད་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་ཀྱི་ཡོད། དེའི་རིགས་ཀྱི་སློབ་སྦྱོང་དེས་ཕན་འབྲས་ཆེན་པོ་ཐོན་གྱི་རེད། སྦྱོང་པའི་སྐབས་ལ་ཡང་དེ་ཙམ་དཀའ་ལས་མེད་ལ་སྦྱངས་ཟིན་པའི་སྐབས་བརྗེད་པའི་སྐྱོན་ཆ་ཧ་ཅང་ཕྲ། ལྷག་པར་དུ་ཤེས་པ་རླབས་ཆེ་ལ་དཔྱོད་སྟངས་གཏིང་ཟབ་པ་སོགས་ཀྱི་དགེ་མཚན་ཆེན་པོ་ཡོད། དེར་བརྟེན་རྣམ་དཔྱོད་ཡར་རྒྱས་གཏང་དགོས་པ་དང་། ཚན་རིག་ལ་སློབ་སྦྱོང་བྱེད་ན་རྣམ་དཔྱོད་ཡར་རྒྱས་ཡོང་བ་ལ་ཕན་རླབས་ཆེན་པོ་ཡོད་པར་མཐོང་། ཚན་རིག་ཅེས་པ་ནུབ་ཕྱོགས་པའི་རིག་གསར་ལྟ་བུ་གཅིག་པུ་ལ་འདོད་ན་ནང་ཆོས་སྦྱོང་བ་ལ་མེད་དུ་མི་རུང་བ་ཞིག་མིན། འོན་ཀྱང་ཚན་རིག་གི་ཁྱབ་ཚད་ངོས་འཛིན་སྟངས་ལ་གཞིགས་ནས་ཐག་གཅོད་བྱ་དགོས་པར་མཐོང་།
དྲི་བ། དེང་སང་དྲྭ་རྒྱ་དང་དུས་དེབ་ཡང་ན་མི་དངོས་སོགས་ཀྱིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་སྟངས་ལ་ལྟ་དུས་སྐད་ཡིག་འདིའི་ཚད་རིམ་ཡར་འཕར་མར་ཆགས་ཀྱི་གནས་བབ་གང་འདྲ་མཐོང་སོང་ངམ།

ལན། སྤྱིར་བཏང་དུས་དེབ་དང་དྲ་རྒྱ་སོགས་ལ་བརྟེན་ནས་བོད་ཡིག་གི་ཁྱབ་ཚད་ཆེ་རུ་ཕྱིན་ཡོད་ལ་ཤེས་མཁན་གྱི་གྲངས་ཚད་ཀྱང་མང་དུ་ཕྱིན་ཡོད་པ་སྨོས་མེད་རེད། དེར་བརྟེན་ཡི་གེ་རྐྱང་པའི་ངོས་ནས་བལྟས་ན་སྔོན་དུས་ལས་ཚད་རིམ་འཕར་བ་ལ་ངོས་འཛིན་བྱ་ཆོག་སྙམ། འོན་ཀྱང་ཆེས་འཇིགས་སུ་རུང་བ་ནི་སྐད་ཡིག་གཉིས་ཀྱི་དམག་འཐབ་དེ་རེད། དངོས་གནས་བྱས་ན་ཡི་གེ་དེ་སྐད་ཀྱི་ཁྲིམས་དཔོན་ལྟ་བུ་ཞིག་ཡིན་དགོས་ཀྱང་ད་ལྟའི་ཆར་དེ་ལས་ལྡོག་སྟེ་སྐད་ཀྱིས་ཡི་གེ་ལ་དབང་བསྒྱུར་བྱེད་བཞིན་ཡོད་པར་མཐོང་། སྐད་ཀྱིས་ཡི་གེ་དབང་བསྒྱུར་བྱེད་པའི་ནུས་པ་ཇི་ཙམ་འཕེལ་བ་དེ་ཙམ་གྱིས་སྐད་ཡིག་གཉིས་ཀ་འཆི་ལམ་དུ་འགྲོ་བར་ཐག་ཉེ་བ་ཡོད། སྐད་ཀྱི་རང་བཞིན་ནི་འགྱུར་ཆོག་ཆོག་ཀྱི་དངོས་པོ་ཞིག་ཡིན། གཞན་སྐད་དང་འདྲེས་ནས་འགྱུར་གྱི་ཡོད་ལ་སྒྲ་གདངས་ཀྱི་ལྷད་ཞུགས་པས་འགྱུར་བའང་ཡོད། དུས་ཀྱི་རིམ་པའི་དབང་གིས་འགྱུར་བ་ཐེབས་པ་མང་པོ་ཞིག་ཡོད། དེང་སྐབས་བརྡ་རྙིང་ཞེས་དམངས་ཁྲོད་ལ་གོ་ཁག་པོ་ཡོད་པ་དེ་དག་ཀྱང་ཡི་གེས་སྐད་ལ་ཚོད་འཛིན་བྱེད་མ་ཐུབ་པའི་སྐྱོན་ཡིན། རྒྱུ་མཚན་དེ་དག་ལ་བསམ་ན་སྐད་ཡིག་གི་ཁྱབ་ཚད་ཆེ་ཆུང་ལ་མ་ལྟོས་པར་འཇིག་ལ་ཉེ་བའི་སྐབས་ཤིག་ལ་འཁེལ་ཡོད། ཡི་གེས་སྐད་ལ་སྟངས་འཛིན་བྱས་ནས་སྐད་ཡིག་གཅིག་བསྒྱུར་གྱི་ངོ་བོར་སྲུང་སྐྱོབ་བྱ་མ་ཐུབ་ན་འབུམ་པོ་ཏི་ཉིན་ཚར་འདོན་མཁན་འབུམ་ཕྲག་མང་པོ་ཡོད་ཀྱང་སྐད་ཡིག་གསོན་ཤུགས་ལྡན་པའི་འཚོ་གནས་ལ་གང་ཡང་མི་ཕན། འོན་ཀྱང་ཡི་གེ་ཤེས་མཁན་གྱི་ཁྱབ་ཚད་ལ་ཕན་པ་ལོས་ཡོད། བསྡོམས་བརྒྱབ་ན་འཕར་ཞིང་འཇིག་པའི་ཉེན་ཁ་ལ་བསླེབས་ཡོད།

དྲི་བ། སླད་ཕྱིན་བོད་ཀྱི་སྐད་ཡིག་རྒྱུན་གནས་ཡོང་ཐབས་ལ་ང་ཚོས་ག་རེ་བྱ་དགོས།

ལན། བོད་པ་མི་གྲངས་ཧ་ཅང་མང་པོ་འཕེལ་ན་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་མང་པོ་ཡོང་གི་རེད་ཅེས་ལབ་ན་མི་ཆོག་པ་མེད་ཀྱང་དེ་ནི་ཁྱབ་མཐའ་འགོག་བྱེད་དམ་རིགས་པའི་ཕུལ་མཚམས་སྐབས་ཀྱི་ལན་འདེབས་ཡིན་པ་ལས་སྐབས་ཀྱི་དྲི་བའི་ལན་དངོས་དེ་མ་ཡིན། ང་ཚོས་མ་འོངས་པའི་མི་རབས་རྣམས་ཀྱིས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་དང་དར་སྤེལ་ཡོང་སླད་མི་རེ་ངོ་རེ་ནས་འགན་འཁུར་དགོས་པ་ཤིན་ཏུ་གལ་ཆེ། ཚོགས་པ་དང་སྡེ་ཚན། ལུང་ཚན་དང་མི་སྒེར་སོགས་ཚང་མས་ཁ་ཙམ་གྱིས་བཤད་པ་མ་ཡིན་པར་དོན་དངོས་ལག་བསྟར་བྱས་ནས་སོ་སོའི་ན་རབས་འོག་མ་དང་། དེ་བཞིན་མི་རབས་རྗེས་མ་སོགས་ལ་བརྒྱུད་སྤྲོད་ཐུབ་ཐབས་ངེས་པར་བྱ་དགོས། དེ་ཡང་ན་རབས་འོག་མ་ནས་འོག་མར་མཐུད་དགོས་པས་སློབ་ཁྲིད་དང་ཟབ་སྦྱོང་། བགྲོ་གླེང་དང་ངོ་སྤྲོད་སོགས་དང་། དུས་དེབ་དང་དྲ་རྒྱ་སོགས་གློག་འཕྲིན་གྱི་རྒྱུད་ལམ་ཁག་སྤྱད་ནས་གཙོ་བོ་ཡི་གེ་རྐང་ཚུགས་པ་ཞིག་བྱ་ཐུབ་པར་འབད་དགོས། དེ་ནས་ཡི་གེ་དེ་ཉིད་ལ་གཞི་བཅོལ་ནས་སྐད་ཀྱི་གདངས་དང་ཚིག་གི་བཅད་མཚམས་སོགས་ལ་རྩ་འཛིན་བྱ་དགོས་པ་ཡིན། ང་ཚོ་གང་ཟག་སྒེར་པ་ཞིག་གི་མི་ཚེ་བདེ་སླད་དང་མཐུན་རྐྱེན་གཅིག་པུ་ལ་བསམ་ན་གཞན་གྱི་སྐད་ཡིག་འདྲ་སྦྱོང་། ལས་དོན་གཞན་པ་འདྲ་གཉེར་ན་འགྲིགས་མོད། མི་རིགས་ཤིག་གི་སྐད་ཡིག་འཆི་གསོན་གྱི་མཚམས་ལ་ཐུག་དུས་འདིར་སྐྱིད་པོ་བྱས་ནས་སྡོད་མི་རུང་ལ་ཕྱིར་འགྱངས་བྱས་ནས་འཇོག་མི་རུང་། དེ་ལྟར་མང་པོ་ཞིག་གིས་འབད་བརྩོན་གནང་ན་མ་འོངས་པར་རེ་བ་གཏན་གཏན་ཡོང་གི་རེད།

དྲི་བ། གདང་ལ་རི་བོའི་སྟེགས་བུ་འདི་བརྒྱུད་ནས་རང་རེའི་སྤུན་ཟླ་ཚོ་ལ་ཞུ་འདོད་པ་གང་ཡོད།

ལན། ཐོག་མར་གདང་ལ་རི་བོའི་དཔེ་ཚོགས་ཀྱི་ལས་མི་རྣམ་པས་བོད་ཀྱི་སྐད་ཡིག་ཡར་རྒྱས་དང་འཛིན་སྐྱོང་གི་ཕྱག་ལས་རྒྱ་ཆེན་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྟེགས་བུ་འདི་བརྒྱུད་ནས་འབོད་སྐུལ་ཞུ་ཡག་གཙོ་བོ་ནི་གཞུང་དང་སྒྲིག་འཛུགས། ཚོགས་པ་དང་སྡེ་ཚན། ལུང་ཚན་དང་མི་སྒེར་སོགས་ཚང་མས་ཁ་མིག་ཡར་ལྟ་དང་ཕྱར་གྲུ་མཉམ་འདེགས་བྱས་ནས་སྐད་ཡིག་འཛིན་སྐྱོང་གི་ལས་འགུལ་གང་མང་སྤེལ་ཐུབ་པ་གནང་རོགས་ཞུ་ཡག་ཡིན།
གདང་ལ་རི་བོ་རྩོམ་སྒྲིག་ལྷན་ཚོགས་ཀྱིས་བཅར་འདྲི་ཞུས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *