ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལ་བཅར་འདྲི་ཞུས་པ།
རྩོམ་ཡིག་འདི་ཐེངས་ 835 བཀླགས་འདུག
བཀྲ་ཤིས་བདེ་ལེགས།
དྲི་བ། ཁྱེད་ཀྱི་ཤེས་རིག་བརྒྱུད་རིམ་དང་འབྲེལ་བའི་ངོ་སྤྲོད་ཅིག་གནང་རོགས།
ལན། ཤེས་རིག་བརྒྱུད་རིམ་ཟེར་ནའང་འདྲ། ངའི་སློབ་སྦྱོང་གི་བརྒྱུད་རིམ་ནི་ཧ་ཅང་རྒྱ་ཆེན་པོ་དེ་འདྲ་གང་ཡང་ཤོད་རྒྱུ་མེད། ཆུང་ཆུང་ལོ་དྲུག་ཡིན་དུས་ནས་དམངས་བཙུགས་སྦྲ་གུར་སློབ་ཆུང་དུ་བསྐྱོད་ནས་ལོ་བཞི་ཙམ་གྱི་རིང་སློབ་སྦྱོང་བྱས་པ་ཡིན། དེས་བོད་ཡིག་ཀློག་རྒྱུ་དང་ཙག་ཙིག་འབྲི་རྒྱུ་ལ་དཀའ་ངལ་གང་ཡང་མེད་པ་ཆགས་སོང་། ཕྱིས་སུ་དཀར་མཛེས་ཁུལ་གསེར་རྟ་རྫོང་ཁོངས་རབ་བཀྲམ་བྱམས་པ་གླིང་དུ་ཆོས་སྒོར་ཞུཊ་ནས་འདོན་རྟ་དབྱངས་སོགས་ཆོ་ག་ཆོས་སྤྱོད་ཀྱི་སྐོར་དང་། ཐིག་རྡུལ་ཚོན་གཏོར་བཟོ་དཀར་རྒྱན་སོགས་ཀྱི་སྐོར། སུམ་རྟགས་དག་གསུམ། སྙན་ངག་རྩིས། ལྷ་བྲིས་སོགས་དང་། སྔོན་འགྲོ་ནས་བཟུང་ཐུན་མོང་དང་ཐུན་མིན་གྱི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས། དེ་བཞིན་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུའང་སྔ་རྗེས་སུ་སློབ་སྦྱོང་ཅུང་ཙམ་རེ་བྱས་པའི་ཁུལ་ཡིན་པ་སོགས། མདོར་ན་གཞུང་ཆེན་ཁག་སོགས་ལ་སློབ་སྦྱོང་གི་རྣམ་གྲངས་ཙམ་གྱི་ཐོག་ནས་བཤད་ན་གང་འཚམ་ཞིག་བྱེད་མྱོང་ཡང་། དེ་དག་གི་དོན་ལ་བསམ་པ་དང་ཉམས་སུ་ལེན་རྒྱུའི་ཐོག་ནས་གང་ཡང་མེད་པས། དོན་གྱིས་ནང་དོན་རིག་པ་ལ་སློབ་སྦྱོང་གང་ཡང་མ་བྱས་པ་དང་གཅིག་པ་ལྟ་བུར་གྱུར་སོང་། བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭར་ཟླ་ཤས་རིང་བསྡད་ནའང་། ཕན་ཐོགས་ཡོད་པའི་སློབ་སྦྱོང་སྣ་གཅིག་བྱེད་ཐུབ་མ་སོང་། དེར་བརྟེན་ངའི་སློབ་སྦྱོང་གི་བརྒྱུད་རིམ་བཤད་ན་སྤོབས་པ་བྱེད་འོས་པ་ཞིག་གང་ཡང་མེད། སྦྱངས་པ་ཆེ་ཤོས་ལྟ་བུ་དེ་ཐང་ག་འབྲི་རྒྱུ་དང་འཇིམ་བཟོ་བཅས་ཡིན་ནའང་། ལག་པ་མ་འཆང་ནས་མི་ལོ་༢༠ ལྷག་སོང་ཟིན་པས་ད་ནི་ཕལ་ཆེར་བརྗེད་ཟིན་འདུགསློབ་སྦྱོང་གི་སྐོར་རགས་ཙམ་བརྗོད་ན་དེ་འདྲ་ཡིན། དེའི་སྐོར་མང་པོ་བཤད་ནས་ཀློག་མཁན་རྣམས་ལ་ཕན་ཐོགས་པ་ཞིག་གང་ཡང་མི་འདུག
དྲི་བ། སྐུ་ཉིད་ལ་མི་ལོ་ཉི་ཤུ་ལྷག་གི་རིང་རྩོམ་སྒྲིག་པའི་ཕྱག་ལས་ཀྱི་ཉམས་མྱོང་ཡོད་པས་ཉམས་མྱོང་ཕྱོགས་བསྡོམས་ཞིག་གནང་རོགས།
ལན། དངོས་གནས་རེད། ངས་རྩོམ་སྒྲིག་གི་ལས་ཀ་བར་མ་ཆད་དུ་བྱས་ནས་མི་ལོ་༢༠ཙམ་ལ་སླེབས་ཡོད་པ་རེད། ཤེས་པ་རྒྱ་ཆེ་བ་ཞིག་མིན་ནའང་། མཐོང་བ་གྲངས་མང་བ་ཞིག་རེད་ཅེས་བཤད་ཆོག་གི་རེད་བསམ་གྱི་འདུག གོང་དུ་བརྗོད་པ་བཞིན་ཐོག་མ་ངའི་མི་ཚེའི་འཚོ་ཐབས་ཀྱི་འཆར་གཞི་བཞིན་ཆེད་ལས་གཙོ་བོ་ལྷ་བྲིས་ཡིན་ཡང་། དེ་བཞག་ནས་ཆེད་ལས་གཙོ་བོ་རྩོམ་སྒྲིག་གི་ཐོག་ཏུ་སོང་བ་རེད། མི་ལོ་ཉི་ཤུ་ཙམ་གྱི་རིང་མུ་མཐུད་བར་མ་ཆད་དུ་རྩོམ་སྒྲིག་གི་ལས་ཀ་འདི་བྱས་པ་རེད། ད་བར་མི་ལོ་ཉི་ཤུའི་རིང་ནངས་སྔ་ལངས་དང་ནུབ་འཕྱི་ཉལ་བྱས་ནས་ལས་ཀ་བྱས་ཀྱང་ཉོབ་སྣང་དང་སུན་སྣང་གཏན་ནས་མེད་པར། ད་དུང་ལས་དོན་ལ་དབྱིངས་དང་དོ་སྣང་ཆེ་རུ་འགྲོ་བ་ལྟ་བུ་འདུག དེ་ནི་གཙོ་བོ་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་ཐོག་ནས་ཡིན་པ་དང་། ཕྱོགས་གཅིག་ནས་ལས་དོན་ལ་གྲུབ་འབྲས་ཀྱང་གང་འཚམ་ཞིག་མིག་མཐོང་ལག་ཟིན་ལྟ་བུ་བྱུང་ཡོད་པས་ཀྱང་ཡིན་ངེས་རེད། ཉམས་མྱོང་ཕྱོགས་བསྡོམས་ཟེར་ནའང་འདྲ། མི་ལོ་ཉི་ཤུ་ཙམ་གྱི་རིང་རྩོམ་སྒྲིག་གི་ལས་ཀ་བྱས་པའི་གནས་སྟངས་ལ་ཕྱིར་མིག་ཅིག་བལྟས་ན།ལས་ཀ་འདི་བྱེད་པར་མི་ཞིབ་ཚགས་པོ་དང་། ལས་ཀ་ལ་སྙུག་བསྲིང་ཐུབ་མཁན་ཞིག་དགོས་པ་ལས། ལས་སླ་པོ་ཞིག་གི་ཐོག་ནས་བྱེད་ཐུབ་པ་ཞིག་གཏན་ནས་མ་རེད། ངས་ཐོག་མ་ཆོས་རིག་ལས་ཁུངས་སུ་དགོན་པའི་ལོ་རྒྱུས་ཁག་ཅིག་རྩོམ་སྒྲིག་བྱས་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་སུ་ <<ནོར་འོད་>> དུས་དེབ་རྩོམ་སྒྲིག་པ་དང་། <<གངས་ཅན་ཤེས་རིག་བང་མཛོད་>> ཀྱི་ཞིབ་འཇུག་པ། ༧གོང་ས་མཆོག་གི་ <<མཛད་རྣམ་གསེར་གྱི་ཡང་སྙིང་>> གི་རྩོམ་བྲིས་པ་སོགས་ལས་ཀ་བྱས་པ་ཡིན།
ཕྱི་ལོ་༢༠༠༣ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་བྱས་ནས་དེབ་མང་པོ་ཞིག་སྔ་རྗེས་སུ་རྩོམ་སྒྲིག་བྱས་པ་དང་། རང་ངོས་ནས་གསར་རྩོམ་བྱས་པའི་དེབ་ཁག་ཅིག་པར་སྐྲུན་བྱས་ཡོད། <<བོད་ཀྱི་བང་ཆེན་>> གསར་ཤོག་མི་ལོ་ ༡༥ ཙམ་གྱི་རིང་རྩོམ་སྒྲིག་བྱས་ཤིང་། བོད་ཀྱི་བང་ཆེན་གྱི་ཆེད་དུ་བརྗོད་པའི་གཏམ་གཅིག་པུ་ལ་མཚོན་ནའང་མི་འདྲ་བ་གྲངས་༧༠༠ ལ་ཉེ་བ་ཞིག་བྲིས་ཡོད་པ་རེད། རྩོམ་སྒྲིག་གཅིག་པུ་མ་ཡིན་པར་གསར་ཁང་འདིའི་འཛིན་སྐྱོང་གི་ཐོག་ལའང་། སེམས་ནུས་གང་ཡོད་ཀྱིས་དཀའ་ལས་མང་པོ་བརྒྱབ་ཡོད་པ་སོགས་མི་ལོ་༢༠ཙམ་གྱི་རིང་ལས་ཀ་མང་པོ་ཞིག་བྱས་ཡོད། དེ་བཞིན་ཚོན་ལྡན་ཟླ་ཟུང་དུས་དེབ་ <<སྔ་འགྱུར་རིག་འཛིན་>> ཕྱི་ལོ་ ༢༠༡༢ ནས་ད་བར་འདོན་ཐེངས་༣༣ མི་གཅིག་ལག་གཅིག་གིས་རྩོམ་སྒྲིག་བྱས་ཟིན་པ་སོགས། མདོར་ན་རྩོམ་སྒྲིག་བྱས་པ་དང་། གསར་རྩོམ་བྱས་པ་སོགས་བསྡོམས་དེབ་གྲངས་ལྔ་བཅུ་ལ་ཉེ་བ་ཞིག་བྱུང་ཡོད་ལ། བོད་ཕྱི་ནང་གི་དུས་དེབ་ཁག་ཏུ་རྩོམ་ཡིག་གང་མང་ཞིག་ཀྱང་སྤེལ་མྱོང་། གང་མགྱོགས་གསར་རྩོམ་བྱས་པའི་དེབ་ཆེན་པོ་ཞིག་པར་སྐྲུན་བྱེད་འཆར་ཡོད། དེ་བཞིན་སྙན་རྩོམ་དང་དཔྱད་རྩོམ་པར་སྐྲུན་མ་བྱས་པའང་མང་པོ་ཞིག་ཡོད་ཅིང་། དེ་དག་གིས་སྤྱི་ཚོགས་ལ་ཕན་ག་རེ་ཐོགས་ཡོད་མེད། སྤྱི་ཚོགས་ཀྱིས་ཁ་གྲག་རྒྱུ་ཞིག་ཡིན་པ་ལས་ང་རང་གི་ངོས་ནས་འདི་དང་འདི་ཞེས་གྲངས་ཀ་རྒྱག་བདེ་པོ་ཞིག་གང་ཡང་མི་འདུག
བོད་ཀྱི་བང་ཆེན་གསར་ཤོག་འདོན་འགྲེམས་བྱས་ནས་མི་ལོ་བཅོ་ལྔའི་རིང་ན་གཞོན་རྩོམ་པ་པོའི་དཔུང་ཁག་གསར་པ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་བྱུང་ཡོད་སྙམ་པའི་སྤོབས་པ་ཡོད། རྩ་བས་ན་གཞོན་རྩོམ་པ་པོ་མང་པོ་ཞིག་ཐོན་པ་དེ་རྩོམ་ཡིག་འགོད་སའི་སྡིངས་ཆ་གཅིག་པུ་ལ་བརྟེན་ནས་བྱུང་བ་ཞིག་མིན་ནའང་། ཕྱི་ཕྱོགས་ནས་རྩོམ་འབྲི་བར་དོ་སྣང་ཅན་གྱི་གཞོན་སྐྱེས་དག་གི་རྩོམ་ཡིག་ལ་ཚིག་དོན་གཉིས་ཐད་ནས་ལེགས་བཅོས་བྱས་ནས། གསར་ཤོག་གི་ཐོག་ཏུ་སོ་སོའི་མིང་ཐོག་ནས་ཐོན་ཡོང་དུས་རིམ་པས་སེམས་ཤུགས་འཕར་བ་དང་། ལས་རིགས་དེ་ལ་དགའ་སྣང་དང་བརྩོན་པ་ཆེ་རུ་འགྲོ་བ་སོགས་ལ་བརྟེན་མིག་གི་མཐོང་ས་ནས་ན་གཞོན་རྩོམ་པ་པོ་མང་པོ་ཞིག་འཚར་ལོང་བྱུང་སོང་། དེ་བཞིན་བོད་ཀྱི་བང་ཆེན་གསར་ཁང་རང་དུ་ལས་ཀ་བྱེད་མྱོང་མཁན་མང་པོ་ཞིག་བྱུང་ཡོད་པ་དག་ཀྱང་། དང་པོ་ནས་སྐད་གྲགས་ཡོད་པའི་རྩོམ་པ་པོ་ལྟ་བུ་ང་རང་ཐེ་བའི་མི་སུ་གཅིག་ཀྱང་མེད་མོད། རིམ་པས་ལས་དོན་ལ་དོ་སྣང་དང་བརྩོན་པ་བྱས་ནས་གང་ལ་གང་འཚམ་གྱིས་རྩོམ་པ་པོ་ཚད་ལྡན་ཞེས་བརྗོད་ཆོག་པ་མང་པོ་ཞིག་སྐྱེད་སྲིང་ཐུབ་པ་བྱུང་ཡོད། གནད་དོན་འདི་དག་ནི་ངས་རྩོམ་སྒྲིག་གི་ལས་དོན་ལ་མུ་མཐུད་ཧུར་བརྩོན་བྱས་པའི་གྲུབ་འབྲས་ཀྱི་གྲས་སུ་བགྲང་ཡང་འབྲེལ་བ་གཏན་ནས་མེད་པ་ཞིག་མིན་ངེས་ཡིན།
ང་ད་བར་དྷ་རམ་ས་ལར་མི་ལོ་ ༢༠ ཙམ་བསྡད་ནས་རྩོམ་སྒྲིག་གི་ལས་ཀ་འདི་བྱས་ཡོད་ལ།ང་རང་གིས་བྱེད་ཤེས་པ་དང་། བྱེད་ཐུབ་པའི་ལས་ཀ་དེ་ཡང་བོད་ཡིག་གི་ཐོག་ནས་རྩོམ་སྒྲིག་བྱ་རྒྱུ་དེ་ཡིན་སྟབས། མ་འོངས་པར་ཡང་བོད་ལ་ལོག་མ་ཐུབ་ན། དྷ་རམ་ས་ལའི་གཡས་གཡོན་འདི་ནས་མུ་མཐུད་རྩོམ་སྒྲིག་གི་ལས་ཀ་ཁོ་ན་བྱས་ནས་མི་ཚེ་སྐྱེལ་རྒྱུའི་འཆར་གཞི་དང་དམ་བཅའ་བརྟན་པོ་ཡོད། དེ་ང་རང་གི་དགའ་ཕྱོགས་ཡིན་པ་ཙམ་དུ་མ་ཟད། ངའི་འཚོ་ཐབས་ཀྱང་དེ་ཡིན། ད་ལྟ་བོད་པའི་སྤྱི་ཚོགས་ནང་བོད་ཡིག་གི་ལྟོ་སྤྲོད་མི་ཐུབ་པའི་ལྟ་ཚུལ་འཛིན་མཁན་མང་ཡང་། ང་རང་གི་ཉམས་མྱོང་དངོས་ཀྱི་ཐོག་ནས་བསམ་བློ་བཏང་ནས་བཤད་ན་ལས་དོན་ཞིབ་ཚགས་པོ་དང་། རྩོམ་སྒྲིག་གི་ལས་དོན་ཁག་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་མུ་མཐུད་འབད་བརྩོན་ཡག་པོ་བྱས་ན། བོད་ཡིག་གིས་ལྟོ་མི་རག་པའི་སེམས་ཁྲལ་དེ་གཏན་ནས་མེད་པ་མ་ཟད། བོད་ཡིག་ལ་བརྟེན་ནས་རང་ཉིད་ཙམ་མ་ཡིན་པར་མི་གཞན་ལའང་ལྟོ་གོས་དང་མདུན་ལམ་སྤྲོད་ཐུབ་པའི་སྤོབས་པ་དང་གདེང་ཚོད་ཀྱང་ཡོད་ཅེས་བརྗོད་འདོད་ཡོད། ང་ལ་དམིགས་བསལ་ཞིག་ཡོད་པ་ནི་ལས་ཀ་ལ་བརྩོན་འགྲུས་བྱེད་ཐུབ་པ་དང་། རྒྱུན་བསྲིང་བྱེད་ཐུབ་པ་དེ་ཡིན་ཞེས་བརྗོད་ཆོག དཔེར་ན་བོད་ཀྱི་བང་ཆེན་གསར་ཤོག་བཏོན་ནས་མི་ལོ་༡༥ཙམ་ཕྱིན་པ་རེད། ངས་བོད་ཀྱི་བང་ཆེན་གསར་ཤོག་ཐོག་མ་འདོན་སྐབས་ནས་ད་བར་ <<བོད་ཀྱི་དུས་བབ་>> ཀྱི་རྩོམ་སྒྲིག་པ་ཕལ་ཆེར་བཞི་ཙམ་བརྗེ་པོ་བརྒྱབ་ཡོད་ས་ཡོད། ལས་དོན་གྱི་ཐོག་ལ་འཐུས་ཤོར་དང་ཡར་རྒྱས་ག་རེ་སོང་ཡོད་མེད་ངས་བཤད་མི་ཤེས་ཀྱང་། ང་རང་གི་ངོས་འཛིན་བྱེད་ཕྱོགས་དེ་བཙན་བྱོལ་ནང་ཆེད་ལས་གཅིག་ལ་རྒྱུན་བསྲིངས་ནས་ལས་ཀ་བྱེད་མཁན་ཧ་ཅང་དཀོན་པས། ལས་དོན་འདིའི་ཐོག་ལ་གྲུབ་འབྲས་ཐོན་པ་ཞིག་བྱེད་དགོས་བསམ་པའི་འདུན་པ་བཅངས་ཡོད། ཅུང་ཙམ་ཉོག་དྲགས་སོང་། དགོངས་འགལ་མེད་པ་ཞུ།
དྲི་བ། རྩོམ་རིག་གིས་མིའི་རིགས་ཀྱི་དགོས་མཁོ་ཅི་ཙམ་སྐོང་ཐུབ་ཀྱི་ཡོད་དམ།
ལན། རྩ་བས་སྤྱི་ཚོགས་ཤིག་ཡར་རྒྱས་འགྲོ་བར་གཙོ་བོ་ནང་བསམ་བློ་དང་ཕྱི་དངོས་པོ་གཉིས་ཀའི་ཐོག་ནས་འགྲོ་དགོས་པ་རེད། དེ་གཉིས་ཀ་ཡར་རྒྱས་སུ་འགྲོ་བར་གཙོ་བོ་རྩོམ་རིག་ལ་བརྟེན་ནས་ལམ་སྟོན་བྱེད་དགོས་པ་རེད། དངོས་པོ་གང་དང་གང་ཡིན་ཡང་དང་པོ་མཁས་པ་མང་པོས་ཞིབ་འཇུག་བྱས། ཉམས་མྱོང་བསགས་པའི་གྲུབ་དོན་དེ་དག་ཡིག་ཐོག་ཏུ་བཀོད་ནས་སྤྱི་ཚོགས་ནང་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། སྔོན་ཐོན་མི་རིགས་ཤིག་ཡིན་ན་བྱ་དངོས་ཡོད་དོ་ཅོག་དེབ་ཐོག་ནས་ཀྱང་སློབ་སྦྱོང་བྱེད་ཐུབ་པའི་མཐུན་རྐྱེན་དང་ལམ་སྲོལ་ཆགས་ཟིན་པ་རེད། བོད་མི་རིགས་ལ་མཚོན་ན་ནང་པའི་ལྟ་གྲུབ་ཀྱི་གཞུང་ལུགས་ཁག་ལ་སྦྱང་བརྩོན་དགོས་ན་གཞུང་ལུགས་ཀྱི་ཐོག་ནས་ལག་ཐོགས་མི་དགོས་པ་ཞིག་ཡོད་ནའང་། འཇིག་རྟེན་པའི་འཚོ་བ་དངོས་ཀྱི་དགོས་མཁོ་དང་མཐུན་པའི་དེབ་དང་གཞུང་ལུགས་ཧ་ཅང་དཀོན་པོ་རེད། ད་ལྟའི་ཆར་སྐད་ཡིག་མང་པོ་ཤེས་མཁན་དག་གིས་གནད་དོན་འདིའི་ཐོག་ནས་སྔོན་ཐོན་མི་རིགས་ཁག་ལས་ལེགས་ཆ་ལེན་ཐུབ་ན། མ་འོངས་པར་བོད་མི་རིགས་ཀྱི་སེམས་ནང་དུའང་རྩོམ་རིག་གིས་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་དེ་དངོས་སུ་ངོ་འཕྲོད་པ་དང་ངེས་ཤེས་ཟབ་མོ་སྐྱེ་ཐུབ་ངེས་རེད། གལ་སྲིད་རྩོམ་རིག་གིས་མི་རིགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་ན་མི་རིགས་དེར་རྩོམ་པ་པོའི་དཔུང་ཁག་ཚད་ལྡན་ཞིག་མེད་པ་དང་། རྩོམ་ཡིག་སྤུས་ཚད་ལྡན་ཞིང་འཐུས་སྒོ་ཚང་ངེས་ཤིག་མེད་པའི་སྐྱོན་ཡིན་པ་ལས། རྩོམ་རིག་རང་ངོས་ནས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ངེས་རེད།
དྲི་བ། བཙན་བྱོལ་ནང་ལ་སྒེར་དེབ་དང་དུས་དེབ་མང་དྲགས་པའི་སྐྱོན་ཡོད་ཚུལ་གླེང་མཁན་ཡོད་པར་ཐོས། དེའི་ཐད་ལ་དགོངས་ཚུལ་གང་ཡོད་དམ།
ལན། བཙན་བྱོལ་ནང་སྒེར་དེབ་དང་དུས་དེབ་མང་དྲགས་པའི་སྐྱོན་གང་ཡང་ཡོད་མ་རེད། ལྷག་པར་དུ་སྔོན་མ་ཡིན་ན་དུས་དེབ་མང་པོ་ཞིག་ཐོན་ཡོད་ནའང་། ད་ལྟའི་ཆར་སྤྱི་ཡོངས་རང་བཞིན་གྱི་དུས་དེབ་དཀོན་པོ་ཆགས་ཚར་འདུག སྒེར་དེབ་ཀྱི་ངོས་ནས་ཀྱང་མང་དྲགས་པའི་སྐྱོན་གང་ཡང་ཡོད་མ་རེད། དེབ་ཅིག་བཏོན་པའི་སྐབས་སུ་ཕྱོགས་ངོས་གཉིས་ནས་བསམ་བློ་གཏོང་དགོས་པ་རེད་བསམ་གྱི་ཡོད། ཕྱོགས་གཅིག་ནས་དོན་གྱིས་མཁས་པ་ཞིག་ཡིན་ན་དེབ་དེ་ལ་བརྟེན་ནས་སྤྱི་ཚོགས་མདུན་བསྐྱོད་ཐུབ་པའི་ལམ་སྟོན་ནམ། དེབ་དེ་ལ་བརྟེན་ནས་སློབ་སྦྱོང་ལེན་ཐུབ་པ་ཞིག་ཡོང་བར་རེ་བ་རྒྱག་དགོས། ཕྱོགས་གཅིག་ནས་ལས་དང་པོ་པ་ཞིག་གི་ངོས་ནས་རྩོམ་དེབ་འདོན་པའི་སྐབས། དང་པོ་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་ཐོགས་ངེས་ཤིག་ཡོང་དཀའ་ཡང་། རང་ཉིད་ལམ་ཁ་དེར་བསྐྱོད་རྒྱུའི་སྐུལ་འདེད་དང་སྤྲོ་བ་སྐྱེ་བ་ལྟ་བུའི་ནུས་པ་རེ་དམའ་མཐའ་ས་ནས་ཡོང་ངེས་ཡིན་སྟབས། དེབ་ག་ཚོད་མང་བ་ཡོད་ནའང་ཡག་པ་ལས་སྐྱོན་གང་ཡང་ཡོད་པ་མ་རེད་ལ། བཙན་བྱོལ་ནང་དེ་ལྟ་བུའི་དེབ་མང་པོ་ཞིག་ཡོད་ཀྱང་ཡོད་པ་མ་རེད་སྙམ།
དྲི་བ། བོད་པར་མཚོན་ན་དཔེ་ཀློག་བྱེད་མཁན་ཧ་ཅང་གིས་ཉུང་ཉུང་རེད། མི་རིགས་གཞན་དག་ཀྱང་གཅིག་མཚུངས་ཡིན་ནམ།
ལན། བོད་པར་དཔེ་ཀློག་གི་གོམས་གཤིས་མེད་པ་དེ་གཙོ་བོ་གཅིག་ནི་སྤྱི་ཚོགས་ཀྱི་གོམས་གཤིས་ཐོག་ནས་ཡོང་གི་ཡོད་པ་རེད། ཕྱོགས་གཅིག་ནས་དེབ་འབྲི་མཁན་དག་གིས་དེབ་ཀློག་མཁན་ལ་བསམ་བློ་གང་ཡང་མ་བཏང་བར། ཀློག་མཁན་གྱི་སེམས་ཁམས་དང་མོས་པ་ལ་བསམ་ཞིབ་མ་བྱས་པར་བྲིས་པ་ལ་བརྟེན་ནས་ཡོང་གི་ཡོད། རྩོམ་འབྲི་བའི་སྐབས་སུ་དམིགས་ས་གཙོ་བོ་དེ་སྤྱི་ཚོགས་ཡིན་པ་ལས། རྩོམ་པ་པོ་རང་ཉིད་གཏན་ནས་མིན། ཆུང་ས་ནས་བཤད་ཀྱང་སྤྱི་ཚོགས་ལ་སྒུལ་སྐྱོད་ཅུང་ཙམ་རེ་གཏོང་ཐུབ་པར་རེ་བ་རྒྱག་དགོས། བསམ་བློ་དེ་གཞི་རྩར་བཞག་ཡོང་དུས་དང་པོ་ནས་རྩོམ་ཡིག་གོ་བདེ་པོ་དང་། ཚིག་འཇམ་པོ། ཚིག་གྲུབ་རིང་པོ་མ་ཡིན་པར་གང་ཐུང་ཐུང་ཡོང་ཐབས་བྱེད་དགོས་པ་དེ་གལ་ཆེ་ཤོས་ཡིན། དེ་བཞིན་ཚིག་གི་གཅོད་མཚམས། ཚིག་ཕྲད་སྦྱོར་སྟངས་ཚུན་ཆད་ནས་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པ་ཙམ་གྱིས་མི་འགྲིག་པར། སྐབས་སོ་སོར་ཚིག་སྦྱོར་བདེ་མིན་དང་། ཁ་ནང་དུ་བདེ་མིན་ལ་ཁྱད་པར་ཆེན་པོ་ཡོད། ཚིག་མཁྲེགས་པོ་དང་། ཚིག་གྲུབ་རིང་པོ་འབའ་ཞིག་བཟོས་ན་ཀློག་མཁན་དཀྱུས་མ་ཞིག་གིས་གོ་མི་ཐུབ་པ་དང་། དེ་ལ་བརྟེན་ནས་ཀློག་མཁན་གྱི་ཚོར་བ་འགུག་མི་ཐུབ་པར་དེབ་ཀློག་རྒྱུའི་གོམས་གཤིས་སླེབས་མི་ཐུབ་པ་དང་། དེབ་ཀློག་རྒྱུར་ཅུང་ཙམ་དགའ་སྣང་ཡོད་མཁན་ཞིག་ཡིན་ཡང་། རིམ་པས་དེབ་ཀློག་རྒྱུའི་དགའ་སྣང་དེ་ཡང་བརླག་འགྲོ་གི་རེད་ལ། ད་ལྟའི་ཆར་བོད་པས་དེབ་མི་ཀློག་པ་དེ་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀའི་ཕྱོགས་སུ་སྐྱོན་ཡོད་པ་རེད།
དེ་བཞིན་གོང་དུ་བརྗོད་པ་བཞིན་ད་དུང་བོད་པའི་སྤྱི་ཚོགས་ནང་ཆུང་ས་ནས་བཤད་ན་མི་ཞིག་གིས་མོག་མོག་ཅིག་བཟོ་དགོས་ན། བོད་ཡིག་གི་དེབ་ལ་བལྟས་ནས་བཟོ་ཐུབ་པ་ཞིག་ཡོད་དམ་མེད། དེ་བཞིན་རྩམ་པ་ཞིག་བཟོ་དགོས་ཀྱང་ཇི་ལྟར་བཟོ་དགོས་མིན་དེབ་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་ཡོད་དམ་མེད། ད་ལྟ་བོད་པས་འདི་དག་གནད་འགག་ཆུང་ཆུང་ཞིག་ཏུ་བརྩི་ངེས་ཀྱང་། དོན་གྱིས་འཚོ་བ་དངོས་དང་ཁ་ཐག་ཉེ་བའི་དེབ་མང་པོ་ཡོད་ན་ཀློག་མཁན་ཡང་མང་དུ་འགྲོ་ངེས་རེད་ལ། དང་པོ་དོ་སྣང་སླེབས་ཐབས་སུ་བརྩེ་དུང་དང་འབྲེལ་བའི་སྒྲུང་རྩོམ་གྱི་རིགས་མང་པོ་ཡོད་ན་ཕན་ཐོགས་ཆེ་བར་སྣང་། བོད་པས་མཐོང་ས་རིག་ས་རུ་ཡོད་པ་དག་ལ་དོ་སྣང་མི་བྱེད་པར།མཐོང་རྒྱུ་རིག་རྒྱུ་མེད་པའི་ལྐོག་གྱུར་འབའ་ཞིག་གི་སྐོར་ལ་འདི་རེད་དང་། འདི་མ་རེད་ཅེས་འདྲ་མི་འདྲ་སྣ་ཚོགས་ཤིག་བྲིས་དང་འབྲི་བཞིན་པ་ལས། སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་དགོས་མཁོ་ད་དུང་གཏན་ནས་སྐོང་ཐུབ་མེད་སྙམ། མི་རིགས་གཞན་དག་གི་དེབ་ཀློག་སྟངས་སྐོར་མང་པོ་ཞིག་བཤད་རྒྱུ་མེད་ཀྱང་། བཟང་ཕྱོགས་ནས་དེབ་བཀླགས་ནས་སློབ་སྦྱོང་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང་། ངན་ཕྱོགས་ནས་མི་དང་མིའི་བར་གྱི་འབྲེལ་བ་རྒྱང་རིང་དུ་སོང་ནས་དེབ་ནང་གི་ཚོར་བ་ཙམ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བྲོ་བ་མྱོང་ཐབས་བྱེད་མཁན་ཡང་ཡོད་འདུག མདོར་ན་ཤར་ནུབ་གང་ཐད་ནས་བཤད་ཀྱང་དེབ་ཀློག་རྒྱུའི་གོམས་གཤིས་མེད་མཁན་སྡུག་ཤོས་གྲས་སུ་བོད་རིགས་བཞག་ནའང་མི་འགྲིག་པ་ཡོད་རྒྱུ་མ་རེད།
དྲི་བ། དེང་སང་བོད་ཡིག་གལ་ཆེན་འཛིན་དགོས་པར་ལབ་མཁན་མང་ཡང་ལག་ལེན་དངོས་ལ་དེ་འདྲ་རེད་མི་འདུག དེའི་རྒྱུ་རྐྱེན་ངོ་མ་གང་ལ་ཐུག་ཡོད་པར་དགོངས་ཀྱི་འདུག་གམ།
ལན། བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་མི་མང་པོ་ཞིག་གིས་ཧ་གསལ་པོ་གོ་ནའང་། དོན་དངོས་ལག་ལེན་དུ་འདེབས་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། ཟས་གོས་ཙམ་གལ་གནད་དུ་འཛིན་རྒྱུའི་བསམ་བློ་ལ་བརྟེན་ནས་བྱུང་བ་རེད། བོད་ནང་དུ་རྒྱ་དམར་གཞུང་གི་མནར་གཅོད་འོག་བོད་པར་ཟས་གོས་གང་ཐད་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པ་དང་། བཙན་བྱོལ་ནང་དུའང་བོད་པ་མང་པོ་ཞིག་ཁ་ཕོར་ཙམ་ཡང་འཛིན་རྒྱུ་མེད་པར་སླེབས་ཡོང་བས་རྒྱུན་རིང་པོ་ཞིག་ལ་བོད་ཕྱི་ནང་གཉིས་སུ་ཟས་གོས་ཀྱི་ཐོག་ནས་ཀྱང་དཀའ་ངལ་མང་པོ་ཞིག་འཕྲད་ཡོད། དེར་བརྟེན་བསམ་བློ་དང་གོམས་གཤིས་དེའི་འོག་ནས་ད་དུང་ཡང་ཟས་གོས་ཁོ་ན་གཙོ་བོར་འཛིན་རྒྱུའི་གོམས་གཤིས་འདི་བོད་པ་ཕལ་མོ་ཆེའི་སེམས་ལ་ཡོད་པས། དོན་གྱིས་བོད་ཀྱི་སྐད་ཡིག་རིག་གཞུང་གི་ཐོག་ལ་ཤུགས་རྒྱག་མི་ཐུབ་པ་རེད།
དཔེར་ན་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུར་སྐོམ་པ་ཆུ་འདོད་ལྟར་བོད་པ་ཕལ་ཆེ་བས་རེ་བ་དེ་རྒྱག་གི་ཡོད། ཕྱི་རྒྱལ་དུ་སོང་ནས་མི་གཡོག་ཏུ་རྒྱུག་དགོས་ཀྱང་། ཟས་གོས་ཙམ་གྱི་ཐོག་ནས་དཀའ་ངལ་གང་ཡང་མེད། འོན་ཀྱང་ཕུགས་རྒྱང་རིང་པོ་ནས་བསམ་ན་རང་ཉིད་ཀྱི་བུ་ཕྲུག་རྣམས་ཀྱིས་བོད་སྐད་བཤད་ཐེབས་ཆག་ཅིག་ཤེས་ན་ལྷ་རབ་ཡིན་པ་ཙམ་ལས། བོད་ཀྱི་རིག་གནས་ལ་བརྟེན་ནས་བྱས་རྗེས་འཇོག་ཐུབ་མཁན་ཞིག་ཡོང་མི་སྲིད་པ་ལྟ་བུ་དང་། མི་ཐོག་གཉིས་གསུམ་ཙམ་ནས་ཕྱི་རྒྱལ་གྱི་ངོ་བོར་ཆུ་ལ་ཆུ་བཞག་ལྟ་བུར་ཐིམ་འགྲོ་རྒྱུ་ཉག་གཅིག་རེད། བཙན་བྱོལ་ནང་གི་བོད་ཡིག་ཐོག་རྩོམ་པ་པོ་སྐད་གྲགས་ཡོད་པ་ང་ཡིན། ཁོ་ཡིན་ཟེར་མཁན་མང་པོ་ཞིག་ཕྱི་རྒྱལ་དུ་སོང་ནས་གླ་འཁོར་གཏོང་བ་དང་། ཟ་ཁང་ཞབས་ཞུ་བྱས་ནས་བསྡད་ཡོད་འདུག དེར་བརྟེན་སྐད་ཡིག་གི་གལ་གནད་ཤེས་ཀྱང་དོན་གྱིས་ལག་ལེན་དུ་བསྟར་མི་ཐུབ་པ་ནི་ཟས་གོས་ཙམ་གལ་ཆེ་ཤོས་སུ་འཛིན་པའི་བསམ་བློ་དེ་ལ་བརྟེན་ནས་བྱུང་བ་རེད། རྩ་བས་དམིགས་ཡུལ་དང་ལྡན་པའི་ཐོག་ནས་ལས་དོན་ཀྱི་གྲུབ་འབྲས་རྒྱ་ཆེ་ས་གཙོ་བོར་བཟུང་ནས་འབད་བརྩོན་བྱེད་ཐུབ་ན་རྒྱུ་ནོར་ཞོར་ལ་ཡོང་ཐུབ་པ་ལས། རྒྱུ་ནོར་ཁོ་ན་གཙོ་བོར་བཟུང་ནས་འབད་པ་ཅི་ཙམ་བྱས་ཀྱང་མི་གཡོག་ཙམ་བྱ་རྒྱུ་ལས་རྒྱུ་ནོར་ཡང་ཡག་པོ་ཞིག་ཐབས་འཚོལ་ཐུབ་མིན་བཤད་ཁག་པོ་རེད་སྙམ། འོན་ཀྱང་མ་འོངས་པར་དེའི་ཐོག་ལ་རིམ་པས་འགྱུར་བ་འགྲོ་ཐུབ་པའི་རེ་བ་ཡོད།
དེ་བཞིན་བཙན་བྱོལ་སྤྱི་ཚོགས་དེ་རྒྱལ་ཁབ་གཞན་དང་མི་རིགས་གཞན་ཞིག་གི་ནང་དུ་གནས་ཡོད་སྟབས། བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱ་རྒྱུར་ཁོར་ཡུག་གི་ཐོག་ནས་ཀྱང་དཀའ་ངལ་ཆེན་པོ་ཡོད་པ་རེད། སྤྱིར་ད་ལྟའི་ཆར་རིམ་བཞིན་ཟས་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོང་བའི་སྐབས། གནས་སྐབས་ཀྱི་ཟས་གོས་ཙམ་གཙོ་བོར་འཛིན་པའི་བསམ་བློ་དེར་འགྱུར་བ་འགྲོ་ངེས་པ་དང་། ཟས་གོས་ཙམ་མ་ཡིན་པའི་མི་རིགས་ལ་དགོས་པའི་དཔལ་ཡོན་གཞན་དག་མང་པོ་ཡོད་པ་དང་། མི་རིགས་སོ་སོའི་ཤེས་རིག་ལ་བརྟེན་ནས་བྱུང་བའི་དཔལ་ཡོན་རྒྱུན་འཛིན་མ་ཐུབ་ན། མི་རིགས་གཞན་གྱི་རིག་གནས་ལ་བརྟེན་ནས་བྱུང་བའི་དཔལ་ཡོན་དེ་ཡོངས་སུ་རང་ཉིད་ལ་དབང་བ་ཞིག་མ་ཡིན་པའི་ལྟ་ཚུལ་དེ་སླེབས་ཡོང་གི་རེད། མི་རིགས་རང་ཉིད་ཀྱི་དཔལ་ཡོན་འབྱུང་བའི་གཞི་རྩ་དེ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་ཐུག་ཡོད་པ་དང་། དེ་མེད་ན་མི་འགྲིག་པའི་དཀའ་ངལ་དེར་ངོས་འཛིན་གསལ་པོ་ཡོང་གི་ཡོད་སྟབས། མ་འོངས་པར་ཅུང་ཙམ་ཡག་ཏུ་འགྲོ་རྒྱུའི་རེ་བ་རྒྱག་གི་ཡོད།
དྲི་བ། བོད་ཡིག་སྦྱངས་ན་མདུན་ལམ་མེད་པའི་ལྟ་ཚུལ་ལ་མོས་མཐུན་ཡོད་དམ།
ལན། རྩ་བས་གནད་དོན་འདི་དང་འབྲེལ་བ་ཡོད་པ་ཞིག་གོང་དུའང་མདོར་བསྡུས་ཤིག་ཞུས་ཟིན་པས་བསྐྱར་བཟློས་བྱས་མེད། བོད་ཀྱི་སྐད་ཡིག་རིག་གནས་ཚད་དང་ལྡན་པ་ཞིག་ཤེས་ན་མདུན་ལམ་མེད་པའི་ལྟ་ཚུལ་དེ་ངས་གོང་དུ་བརྗོད་པ་བཞིན། མིག་སྔའི་ཟ་བཏུང་ཙམ་ལས་བསམ་བློ་རྒྱ་ཆེ་ས་ནས་གཏོང་མི་ཐུབ་མཁན་དག་གི་བསམ་ཚུལ་ཙམ་རེད། བོད་པ་མང་པོ་ཞིག་གིས་སྨན་ཞབས་ཀྱི་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། དེ་ལ་བརྟེན་ནས་སློབ་ཐོན་བྱུང་ནས་མགྱོགས་པོ་ལས་ཀ་རག་པ་དང་། གླ་ཆ་ཡང་གང་འཚམ་ཡག་པོ་ཡོད་པས་རེད། སྤྱིར་སྨན་ཞབས་ཀྱི་ལས་ཀ་ནི་མི་རིགས་ཤིག་ལ་མཚོན་ན་དགོས་མཁོ་ཆེ་བ་དང་། ཧ་ཅང་གལ་ཆེ་བའི་ལས་ཀ་ཞིག་ཡིན་ནའང་། ཕྱོགས་གཅིག་ནས་བལྟས་ན་སློབ་སྦྱོང་དེ་ལ་བརྟེན་ནས་མི་ཚེ་གཅིག་ལ་མིའི་གཡོག་པོ་གཡོག་མོ་བྱ་རྒྱུ་ཁོ་ན་རེད། བསམ་བློ་དེ་ལྟ་བུ་གཞི་རྩར་བཞག་ནས་ངོས་འཛིན་དང་ཐག་གཅོད་བྱེད་མཁན་ཞིག་གིས་བོད་ཡིག་གིས་ལྟོ་མི་སྤྲད་པའི་བསམ་ཚུལ་དེ་ཡོད་ནའང་དེ་ལ་མོས་མཐུན་གཏན་ནས་མེད།
གོང་དུ་བརྗོད་པ་བཞིན་ཚད་དང་ལྡན་པ་ཞིག་ཤེས་ན་བོད་ཡིག་གིས་ལྟོ་སྤྲོད་མི་ཐུབ་པའི་སེམས་ཁྲལ་དེ་དགོས་དོན་མེད་པ་ཞིག་རེད། འོན་ཀྱང་ཚད་ལྡན་སྤུས་དག་ཅིག་མ་ཤེས་ན་ལྟོ་གོས་མི་སྤྲོད་པའི་གནས་ཚུལ་ཡོད་ངེས་ཀྱང་། དེ་ནི་བོད་ཡིག་ཙམ་མ་ཡིན་པར་སྐད་ཡིག་ཚང་མའི་གནས་སྟངས་གཅིག་མཚུངས་རེད། གཙོ་བོ་རང་རང་སོ་སོས་བསམ་བློ་གཏོང་སྟངས་དང་ངོས་འཛིན་བྱེད་སྟངས་ལ་རག་ལས་པ་རེད། མདོར་ན་ད་ལྟའི་ཆར་བོད་ཡིག་གི་ཐོག་ནས་སྤྱི་ཚོགས་ཀྱི་དགོས་མཁོ་ཆ་ཚང་སྐོང་མི་ཐུབ་པའི་དཀའ་ངལ་ཡོད་ཀྱང་། དེ་སྐད་ཡིག་གིས་མ་འགྲིགས་པའི་གནད་དོན་མ་ཡིན་པར། སྐད་ཡིག་རྒྱུད་འཛིན་བྱེད་མཁན་བོད་པ་རང་ངོས་ནས་སྤྱི་ཚོགས་ཀྱི་འགྲོས་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དངོས་དང་བསྟུན་ནས་ཡར་རྒྱས་གཏོང་མ་ཐུབ་པ་རེད། གང་ལྟར་ང་ལ་མཚོན་ན་བོད་ཡིག་གིས་ཟས་གོས་ཙམ་མ་ཡིན་པར་རང་ཉིད་ལ་དཔག་པའི་མདུན་ལམ་ཡང་སྤྲད་སོང་སྙམ་པའི་སྤོབས་པ་ཡོད། འོན་ཀྱང་རེ་བ་དང་དམིགས་ཡུལ་ཧ་ཅང་རྒྱ་ཆེན་པོ་ཡོད་མཁན་དག་ལ་ནི་བཤད་མི་ཤེས།
སྤྱིར་འཚོ་བའི་མདུན་ལམ་མམ་དེང་སྐབས་བཙན་བྱོལ་བོད་པ་སྤྱི་ཡོངས་ཀྱིས་ངོས་འཛིན་བྱེད་སྟངས་ལྟར་ན། དཔལ་འབྱོར་འདུ་འགོད་བྱེད་ཐུབ་མིན་དེ་ཡང་། གཙོ་བོ་སྙིང་སྟོབས་དང་། འཆར་གཞི། སྤོབས་པ་བཅས་ལ་རག་ལས་པ་ལས། སྐད་ཡིག་ཁོ་ན་ལ་རག་ལས་མེད། སྐད་ཡིག་གང་ཡང་མི་ཤེས་མཁན་དག་གིས་དམིགས་ཡུལ་དང་འཆར་གཞི་རྒྱ་ཆེན་པོ་བཟུང་ནས་ལས་ཀ་བྱས་ཡོང་བའི་སྐབས། སྐད་ཡིག་མང་པོ་ཤེས་མཁན་དག་དྲུང་ཡིག་དང་སྐད་སྒྱུར་ཙམ་ལས་མི་ཡོང་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད། སློབ་སྦྱོང་དེ་མི་འཇོན་ཐང་ཅན་ཆགས་པའི་རམ་འདེགས་ཤིག་ཡིན་ནའང་། སློབ་སྦྱོང་ཡོད་པ་ཙམ་གྱིས་འཇོན་ཐང་ཅན་ཡིན་པའི་ངེས་པ་གཏན་ནས་ཡོད་པ་མ་རེད། དེར་བརྟེན་མདུན་ལམ་ཡོད་མེད་རང་ཉིད་ཀྱི་འཇོན་ཐང་དང་། སྙིང་སྟོབས། འཆར་གཞི་བཅས་ལ་རག་ལས་པ་ལས་སྐད་ཡིག་གི་ཁྱད་པར་ལ་བརྟེན་ནས་མ་རེད།
དྲི་བ། རྩོམ་སྒྲིག་པ་ཞིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་གང་དག་ཡིན་ནམ།
ལན། ཧ་ཧ་ཧ་ཆ་རྐྱེན་འདི་དག་ཚང་དགོས་པ་རེད་ཅེས་ཀ་ནས་ཨ་བར་རེ་རེ་བཞིན་ཤོད་རྒྱུ་གང་ཡང་མེད། འོན་ཀྱང་གཙོ་ཆེ་ཤོས་རིག་གཞུང་གི་ཤེས་ཚད་རྒྱ་ཆེན་པོ་ཡོད་པ་དང་། བརྡ་སྤྲོད་དང་དག་ཡིག་སོགས་ཐ་སྙད་རིག་གནས་ཀྱི་ཤེས་ཡོན་ཡག་པོ་ཡོད་པ། དེབ་འདྲ་མིན་མང་པོ་ཀློག་མྱོང་བ། རིག་གནས་སམ་ཤེས་བྱ་གང་གི་སྐོར་ལ་རྩོམ་སྒྲིག་བྱེད་ཀྱི་ཡོད་ཀྱང་དེའི་སྐོར་གྱི་གནས་སྟངས་སྐོར་ལ་རྒྱུས་མངའ་ཡོད་པ། གཙོ་ཆེ་ཤོས་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཕྱོགས་ཡོངས་ནས་དོ་སྣང་ཆེན་པོ་ཡོད་པ། རྩོམ་སྒྲིག་དང་ཞུ་དག་བྱེད་པའི་སྐབས་སུ་མང་པོ་ནོར་ཡོད་ངེས་རེད་བསམ་པའི་འཚེར་སྣང་གང་ཡང་མེད་པར། ཡག་པོ་ཡོད་ཤག་དང་ཡིན་ཤག་བྱ་རྒྱུའི་གོམས་གཤིས་ཤིག་ཡོད་ཚར་བའི་རྗེས་སུ་མི་དེ་རྩོམ་སྒྲིག་པ་ཡག་པོ་ཞིག་མིན་པ་གཏན་ཁེལ་རེད། ཞིབ་ཚགས་པོ་དང་ངང་རྒྱུད་རིང་པོ་དགོས་པ་དེ་ཆ་རྐྱེན་གཙོ་བོ་ཞིག་རེད། རྩོམ་སྒྲིག་བྱེད་པའི་སྐབས་སུ་མི་མང་པོའི་བསམ་ཚུལ་བསྡུ་ལེན་དང་ཉན་འཇོག་དགོས་པ་དེ་ཡང་གལ་ཆེན་པོ་རེད་ལ། ད་ལྟའི་དུས་འདིར་གློག་ཀླད་ཀྱི་ཐོག་ནས་ཀྱང་ཤེས་ཚད་ངེས་ཅན་ཞིག་ཡོད་ན་རྩོམ་སྒྲིག་པ་རང་ཉིད་ལ་དམིགས་བསལ་གྱི་ཆ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་དང་དེ་ལྟ་བུ་དག་ལ་བསམ་བློ་གཏོང་རྒྱུ་ལས་གཞན་དམིགས་བསལ་ཞིག་གང་ཡང་ཞུ་རྒྱུ་མེད་ལགས།
གདང་ལ་རི་བོ་རྩོམ་སྒྲིག་ལྷན་ཚོགས་ཀྱིས་བཅར་འདྲི་ཞུས།
བསམ་ཚུལ་ཕྲིས།