Christmasདང་འབྲེལ་བའི་གཏམ་ཉུང་ངུ་།

རྩོམ་ཡིག་འདི་ཐེངས་ 8 བཀླགས་འདུག


Christmasདང་འབྲེལ་བའི་གཏམ་ཉུང་ངུ་།
(དུས་ཆེན་འདི་དོན་དངོས་སུ་ཡེ་ཤུ་ལུགས་ཀྱི་དུས་ཆེན་ཞིག་ཡིན་ནམ། ?)
ཉིན་ཞག་འདི་དགChristmasཡི་དུས་ཆེན་སྐབས་ཡིན་པའི་ཆ་ནས། དུས་ཆེན་འདི་དང་འབྲེལ་བའི་གནས་ཚུལ་འགའ་བཤད་སྙིང་འདོད། ཤེས་དང་མི་ཤེས་ཀྱི་མཁས་བླུན་མང་པོསChristmasཟེར་དུས། མཐའ་གཅིག་ཏུ་ཡེ་ཤུ་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཏུ་ངོས་འཛིན་གྱིན་འདུག ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ནས་དུས་ཆེན་འདི་ཡེ་ཤུའི་ཆོས་ལུགས་ཀྱིས་བདག་བཟུང་བྱས་པ་བདེན་ཀྱང་། ཐོག་མ་ཉིད་ནས་འདི་ཡེ་ཤུའི་ཆོས་ལུགས་དང་འབྲེལ་བ་ཞིག་མིན། དུས་ཆེན་འདི་ནི་ཞིང་པའི་དུས་ཆེན་དཀྱུས་མ་ཞིག་ཡིན་ཏེ། དགུན་ཟླ་འབྲིང་པོ་ཤར་བ་དང་དུས་སྟོན་སྣ་ཚོགས་བྱེད་སྲོལ་འདི་མ་གཞི་ནས་གདོད་མའི་དུས་སྐབས་སུ་འཛམ་གླིང་ཞིང་པ་ཐུན་མོང་གི་རིག་གནས་ཤིག་ཡིན་པ་ཤེས་དགོས།
ཡུ་རོབ་གླིང་དུ་ཡེ་ཆོས་མ་དར་བའི་སྔ་རོལད་ནས། དགུན་ཉི་མ་ལྡོག་པའི་དུས་སྟོན་བྱེད་སྲོལ་ཡོད་ལ། དུས་སྟོན་དེ་དག་ནི། ཤིན་ཏུ་གྲང་ཞིང་མཚན་རིང་གི་དགུན་ཟླ་ཁྱོལ་བ་དང་། ཚེ་སྲོག་དང་འཚོ་གནས་ལ་རེ་བ་གསར་པ་བསྣམས་ཡོང་བའི་དཔྱིད་ཟླ་གསར་པ་འཆར་རྒྱུའི་རེ་སྨོན་མཚོན་པའི་དུས་སྟོན་ཞིག་ཡིན། དེང་གིChristmasཡི་དུས་ཆེན་གྱི་བྱེད་སྒོའི་ནང་། ལྗང་མདོག་རྣམ་པར་བཀྲ་བའི་ལྗོན་ཤིང་། སྨག་རུམ་ཀུན་ནས་གསལ་བའི་ལཱ་སྒྲོན་སྣ་ཚོགས། ངོ་ཤེས་དགའ་ཉེ་ཕན་ཚུན་ལ་འཛུམ་གྱིས་བསུས་ཏེ་རྔན་པ་སྟེར་རེས་བྱེད་སྲོལ་རྣམས་ཀྱང་། གདོད་མའི་ཡུ་རོབ་ཁུལ་གྱི་དགུན་ཉི་ལྡོག་གི་དུས་སྟོན་གྱི་ལུགས་སྲོལ་ཤ་སྟག་ཡིན་པ་རེད།
ཡེ་ཆོས་ཀྱི་ནད་ཡམས་མ་དར་བའི་གདོད་མའི་རོམ་གྱི་སྤྱི་ཚོགས་སུ་ཉི་ལྡོག་གི་དུས་སྟོན་འདི་ལSaturnaliaཞེས་འབོད། བོད་སྐད་དུ་སོ་ནམ་པའི་དུས་སྟོན་དུ་བཤད་ན་མི་འགྲིག་པ་མེད། དུས་སྟོན་འདིར་གདོད་མའི་རོམ་གྱི་སོ་ནམ་གྱི་ལྷ་སྟེ། གཟའ་སྤེན་པ(Saturn)ལ་མཆོད་བསྟོད་བྱེད་པ་ཡིན། ཞིང་པ་རྣམས་ལ་མཚོན་ན། ཉི་མ་ནི་ཀུན་ལས་རྩ་ཆེ་ཞིང་འགངས་ཆེ་བ་ཞིག་ཡིན་པ་ལྟར། གདོད་མའི་ཡུ་རོབ་ཀྱི་ཞིང་པ་ཚོས་དགུན་ཟླ་འབྲིང་པོའི་ཉི་ལྡོག་གི་དུས་སྟོན་བརྩི་སྲུང་བྱེད་དོན་ཡང་། དགུན་ནམ་རིང་པོ་ཕར་ལ་བསྐྱལད་ཏེ། དཔྱིད་ཉི་རིང་མོ་ཚུར་ལ་བསུ་བའི་རེ་སྨོན་མཚོན་པ་དང་། ཉིན་བྱེད་དབང་པོས་སྐྱེ་བ་གསར་དུ་བཞེས་པའམ་འདས་ལོག་བརྒྱབ་པར་ཡིད་ཆེས་བྱེད་པ་ཡིན།
ཡེ་ཆོས་སྔོན་གྱི་གདོད་མའི་རོམ་གྱི་སྤྱི་ཚོགས་སུ་དུས་སྟོན་འདིའི་སྐབས་སྤྱི་ཚོགས་ནང་གྲལ་རིམ་གྱི་དབྱེ་འབྱེད་མེད་པར། ཚེ་གཡོག་ཚོ་ལའང་སྦྱིན་བདག་དང་ལྷན་དུ་གཤིབས་འདུག་བྱས་ནས་ཟ་བཏུང་ལ་སྤྱོད་པ་དང་། ཐད་ཀར་ཁ་བརྡ་བྱེད་ཆོག་པ་ལ་སོགས་པའི་ཐོབ་ཐང་ཡོད་པར་བཤད། ཁྱིམ་གྱི་ནང་ཆ་ཐམས་ཅད་ལྗང་མདོག་ལྡན་པའི་ལྗོན་ཤིང་སོགས་ཀྱི་སྒྲིག་གཤོམ་གྱིས་མཛེས་པར་བྱས། ཁྲོམ་སྲང་དང་ལམ་མདོ་གང་སར་གླུ་གཞས་དང་རྩེད་མཚར་གྱིས་བཀང་། རྒན་པ་ཚོས་བྱིས་པ་དང་གཞོན་ནུ་རྣམས་ལ་མཚན་ཐོག་ཐག་ཏུ་གནའ་སྒྲུང་བཤད་ནས་སྡོད་པའི་སྲོལ་ཡོད་སྐད། བོད་རྣམས་ལའང“ནམ་རིང་སྒྲུང་གིས་འཁྱོལ་བར་དཀའ”ཚུལ་གྱི་གཏམ་དཔེ་ཡོད་པ་བཞིན། གདོད་མའི་ཞིང་པ་ཚོ་ལ་ཆ་བཞག་ན། གྲང་ངར་ཆེ་ཞིང་རིང་ཐག་ཆོད་པའི་དགུན་དཀྱིལ་གྱི་མཚན་མོ་ནི་འཇིགས་སུ་རུང་བ་ཞིག་སྟེ། འཚོ་གནས་ལ་ཉེ་ཞོ་མང་ཞིང་སེམས་ཀྱི་མུན་དོང་ཟབ་ཤོས་སུ་གནས་བཅའ་བའི་རྟོག་བཟོའི་ལྷ་འདྲེ་འཇིགས་ཡེར་བ་དེ་ཚོས་སྐྱི་བུང་སློང་བའི་ཕྱིར་རོ། །
གདོད་མའི་རོམ་གྱི་སྤྱི་ཚོགས་སུ་དམག་མི་དང་སྐུ་དྲག་སོགས་གྲལ་རིམ་མཐོ་བ་མང་པོའི་དད་ཡུལ་ནི་མིཐ་ར་ཆོས་ལུགས(Mithraism)ཡིན་ལ། ཁོ་ཚོའི་ལུགས་ལྟར་ན་དུས་ཆེན་འདི་ཉི་མའི་ལྷ་མཆོད་པའི་དུས་ཚོད་ཅིག་ཡིན། མིཐ་ར་ཆོས་ལུགས་ནི་གདོད་མའི་སྟག་གཟིག་གམ་པར་སིག་གི་ཛོ་ར(Zoroastrianism)ཆོས་ལུགས་ཀྱི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན་པས། ཆོས་ལུགས་འདིའི་སྣོད་བཅུད་ཆགས་ཚུལ་དང་། བླང་དོར་ལེགས་ཉེེས་ཀྱི་རྣམ་གཞག་ཐམས་ཅད་ཀྱང་། སྣང་མུན་གཉིས་ཀྱི་གྲུབ་ཚུལ་དང་འགལ་ཟླའི་ངོས་ནས་བྱེད་པར་བཤད། བོན་གྱི་རིག་གནས་གཙོ་བོར་བྱས་པའི་བོད་ཀྱི་རིག་གནས་བསམ་བློ་དང་ཧ་ཅང་ཉེ་ཚོད་རེད་སྙམ། མདོར་ན། རོམ་གྱི་སྤྱི་ཚོགས་ནང་ཉི་ལྡོག་གི་དུས་སྟོན་འདི་བརྩི་སྲུང་བྱེད་པའི་དུས་ཚོད་ནི། སྤྱི་བཅུ་གཉིས་པའི་ཚེས་༡༧ ནས་༢༣ ཡས་མས་བར་དུ་ཡིན་སྐད།
འཇར་མན་དང་ཡུ་རོབ་བྱང་མའི(Scandinavia)ས་ཁུལ་རྣམས་སུ་ཉི་ལྡོག་གི་དུས་སྟོན་ལ་ཡིའུལ(Yule)ཞེས་འབོད། ཡུ་རོབ་བྱང་ཕྱོགས(Norse)ཀྱི་སྐད་གདངསjólཞེས་པ་ལས་ཟུར་ཆག དགུན་དཀྱིལ་གྱི་དུས་སྟོན་གོ་བྱེད་ཀྱི་སྒྲ་ཡིན་པར་བཤད། ཁོ་ཚོས་དུས་ཚོད་འདིར་བྱང་ལམ(Norse)ཆོས་ལུགས་ཀྱི་ལྷའི་དབང་པོ་ཨོ་ཌིན(Odin)མཆོག་གིས་སྣེ་དྲངས་ཏེ། ལྷའི་ཚོགས་རྣམས་འདྲེ་གདོན་སོགས་གནོད་བྱེད་བྱུར་གྱི་བདག་པོ་རྣམས་རྔོན་དུ་ཕེབས་པར་ཡིད་ཆེས་བྱེད། དེང་སང་ཡངSanta Clausཟེར་བའི་རྒད་པོ་སྨ་ར་ཨག་ཚོམ་གངས་ལྟར་དཀར་བ་ཞིག མཁའ་ལམ་ནས་ཤ་བ་མང་པོ་བསྟར་དུ་འགྲིགས་པའི་ཐེག་པ་ལ་བཞོན་ནས་འགྲོ་བ་ཞིག་རྟོག་བཟོ་བྱེད་པར་འདུག་པ་འདི་ཡང་། དོན་དུ་གདོད་མའི་ཡུ་རོབ་བྱང་མའི་ལྷ་ཚོགས་རྣམས་གདོན་འདྲེ་རྔོན་དུ་བྱོན་པའི་རྟོག་སྒྲུང་རྣམས་ལ། ཕྱིས་ཡེ་ཤུ་ཆོས་ལུགས་ཀྱི་གོ་དོན་སྦྱིན་ནས་འགྲེལ་བཤད་བརྒྱབ་པ་ཞིག་ཡིན། ཡང་གདོད་མའི་ཡུ་རོབ་བྱང་པ་ཚོསYule logཞེས་མེ་སྒོང་ཆེན་པོ་དེ་འདྲ་བཏང་སྟེ། ཉིན་བྱེད་དབང་པོ་འཇིག་རྟེན་མི་ཡུལ་དུ་ལོག་ཕེབས་པའི་རྟེན་འབྲེལ་བྱེད་པར་བཤད། ཁོ་ཚོའི་ལམ་སྲོལ་ལ་མི་འདྲ་བའི་ཆ་ཕྲན་བུ་འདྲ་ཡོད་ཀྱང་། ལྗང་མདོག་ཅན་གྱི་ལྗོན་ཤིང་སྒྲིག་གཤོམ་བྱེད་སྲོལ་སོགས་གོང་མཚུངས་ཡིན། ཡུ་རོབ་བྱང་ཕྱོགས་སུ་དུས་སྟོན་འདི་རྩི་སྲུང་བྱེད་སྲོལ་གྱི་ཚེས་གྲངས་ཀྱང་ཕྲན་བུ་མི་མཐུན་པ་ཡོད། དེ་ཡང་གཙོ་བོ་ལོ་ཐོ་བརྩི་སྲོལ་དང་འབྲེལ་བ་ཡོད་པར་བཤད།
དུས་ཕྱིས་སུ་རོམ་བཙན་རྒྱལ་གྱིས་ཡེ་ཤུ་ཆོས་ལུགས་དང་ལེན་བྱས་པ་དང་བསྟུན་ནས། སྔར་ཞིང་པ་ཚོས་ཉིན་བྱེད་དབང་པོ་མི་ཡུལ་དུ་ལོག་ཕེབས་པའི་རྟེན་འབྲེལ་དུ་ཡིད་ཆེས་བྱེད་པ་དེ། ཡེ་ཤུའི་སྟོན་པ་མི་ཡུལ་གྱི་མུན་པ་སེལ་དུ་ཕེབས་པའི་དུས་ཆེན་ལ་འགྲེལ་བཤད་བརྒྱབ་པ་སོགས། དགུན་ཉི་ལྡོག་གི་དུས་ཆེན་དེ་ཡང་ཡེ་ཤུ་པའི་དུས་ཆེན་དུ་བཙན་བཟུང་བྱས། ལར་མཛད་པ་འདིའི་རིགས་འཛམ་གླིང་གི་ཆོས་སྤེལ་བ་ཐམས་ཅད་ཀྱི་ཐུན་མོང་གི་མཛད་པ་ཡིན་པ་ཤེས་དགོས། དཔེའི་ལམ་ནས་བཤད་ན། སངས་རྒྱས་ཆོས་ལུགས་ཀྱི་སིམ་འཛུལ་བྱུང་རྗེས། གདོད་མའི་བོད་ཀྱི་བསང་དང་ཀླུང་རྟ་སོགས་ཀྱི་རིག་གནས་ཇི་སྙེད་པར་སངས་རྒྱས་ཆོས་ལུགས་ཀྱི་གོ་དོན་སྦྱིན་ནས་འགྲེལ་བཤད་རྒྱག་འགོ་བརྩམས་པ་ལྟ་བུ་རེད། ཆོས་ལུགས་ཤིག་ཡུལ་ལུང་གང་རུང་དུ་སྤེལ་བར་རྩོམ་སྐབས། ཡུལ་ལུང་དེ་དང་དེའི་ཤ་དང་རུས་པའི་གཏིང་ལ་ཟུག་ནས་ཡོད་པའི་རིག་གནས་རྙིང་པ་ལ། གསར་དུ་སྤེལ་བར་བྱ་བའི་ཆོས་ལུགས་དེའི་ནང་དོན་སྦྱིན་ནས་འགྲེལ་བཤད་བརྒྱབ་ཚེ། སྤྱི་ཚོགས་དེས་ཆོས་ལུགས་གསར་པ་དེ་དང་ལེན་བྱ་སླ་བ་དང་མྱུར་དུ་སྤེལ་ཐུབ་པའི་ཁྱད་ཆོས་ཡོད། དེ་མིན་འཛམ་གླིང་སྟེང་གི་དུས་ཆེན་རྙིང་པ་མང་ཆེ་བ་ཞིག་ཞིང་པའི་རིག་གནས་ཁོ་ན་ཡིན་ཚུལ་མིའི་རིགས་རིག་པ་སྨྲ་བ(Anthropologist)རྣམས་ཀྱིས་ངོ་སྤྲོད་བྱེད་ཀྱིན་ཡོད་པ་ཤེས་དགོས།
སྤྱི་ལོ་༢༧༤ པར་རོམ་གྱི་བཙན་རྒྱལAurelianགྱིས། དུས་ཆེན་དེའི་ཟླ་ཚེས་ཀྱང་ཕྱི་ཟླ་༡༢ པའི་ཚེས་༢༥ ལ་གཏན་ཁེལ་བ་བྱས་པ་ལྟར། སང་ཉིན་ནི་དུས་ཚོད་དེ་ཏག་ཏག་འཁེལ་གྱི་ཡོད། ང་ཚོ་བོད་ཀྱི་ཞིང་པ་ཚོས་ཀྱང་སོ་སོའི་ཡུལ་ལུང་གི་ནམ་དུས་འགྱུར་བ་དང་མཐུན་པར་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་སོ་ནམ་ལོ་གསར་ཟེར་བ་ཞིག་བརྩི་སྲོལ་ཡོད་པ་ལྟར། གདོད་མའི་ཡུ་རོབ་ཀྱི་ཞིང་པའི་དུས་སྟོན་ཡིད་དུ་འོང་བ་འདི་ཡང་བསྲུང་མི་འདོད་ན་སྐྱོན་ག་ལ་ཡོད་དེ། བསྲུང་འདོད་པ་ཚོས་བསྲུངས་ཀྱང་མི་ཆོག་པའི་ཆ་ཅི་ཡང་མེད། དེ་མིན་ཆོས་ལུགས་ཕྱོགས་ཞེན་གྱི་ནད་ངན་ཁུར་ཡོང་སྟེ། ཞིང་འབྲོག་རིག་གནས་ཀྱི་བྱེད་སྒོ་ཐམས་ཅད་ཆོས་ལུགས་བྱེ་བྲག་པའི་བཏང་འཛིན་འོག་ནས་འགྲོ་དགོས་མདོག་གི་བཙན་གཏམ་སྨྲ་བ་རྣམས་ལ་ནི་ཉན་དགོས་དོན་ཅི་ཡང་མེད་དོ། །Christmasདང་འབྲེལ་བའི་གཏམ་ཉུང་ངུ་རྫོགས་སོ།། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *