གཅེར་བུ་པའི་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 238 བཀླགས་འདུག
འབྲོག་སླས་ནས་རང་ཉིད་ལ་བལྟས་པ།
ཉི་འོད་འདར་བའི་མེ་ཏོག་སེར་ཆེན་གང་།།
གློ་བུར་སྦྲ་སྒོར་བཞད་དེ་ཞལ་ཁ་གྲོལ།།
རུ་ཉུལ་བརྒྱག་པའི་སྐྱ་མི་དེ་དག་ཀྱང་།།
ད་ལྟ་སྐོར་དང་སྐོར་བྱས་མཚེར་ས་བཟུང་།།
འབྲོག་ཁྱི་རྒྱ་བོ་ཁྱུ་ཞིག་བསྡེབས་ནས་སུ།།
སྡེ་མཐའི་རྟ་པ་དག་ལ་ཅུང་རེ་ཟུག།
མགོ་རས་གློ་ཁ་དཀྲིས་པའི་འབྲོག་མོ་ཟུང་།།
ལག་ཐོ་བརྒྱག་རེས་ལྐོག་མིག་སུ་ལ་འཕེན།།
ད་ལྟ་ང་རང་རྨི་ལམ་ལྟ་བུ་ངང་།།
ས་མཐའ་གྲོང་ནས་ཧར་སེ་སད་པ་དང་།།
ཁོག་འདར་ཞིག་གིས་ཁྱོད་ནི་སུ་ཡིན་དྲིས།།
ཚུགས་ཀ་ཤོར་བའི་ངོ་མདངས་ཅུང་ཟད་མཐོང་།།
སྨན་ཤར་ཞིག་ལ་བཏེགས་པ།
མོ་ལོ་བཅོ་བརྒྱད་ཟིན་མ་ཐག་པ་དེ།།
ཞོགས་པའི་རྒྱ་སེ་ཟིལ་བ་ཁུར་དང་འདྲ།།
ང་ཡིས་ག་རེ་ལབ་ཀྱང་ཁུངས་མི་ཆོད།།
ཁྱེད་ལ་ག་བར་བལྟས་ཀྱང་ཚོད་མི་ཐིག
མཛེས་པ་དེ་འདྲ་ཚོར་བ་དེ་འདྲ་ཡིས།།
འཇིག་རྟེན་ཆུང་ཞིང་གནམ་ས་ཡོམ་པོར་བཏང་།།
སྐར་ཁུང་གཅིག་ནས་ཕར་ལ་བལྟས་ཙ་ན།།
བདེ་ཅག་འཁྱུག་པོས་ལག་པོར་བརྡབ་པ་མཐོང་།།
སྐར་ཁུང་གཅིག་ནས་ཕར་ལ་བལྟས་ཙ་ན།།
སྐེད་པའི་ལྡེམ་འགུལ་བྱང་ཆ་དོད་པོའི་ངང་།།
བྲོ་ལ་རོལ་ཞིང་འཛུམ་ཡང་བསྟན་པ་འདྲ།
ཉི་ཟེར་རེ་རེའི་ངོགས་སུ་ཁྱེད་རང་ནི།།
མཚན་གུང་སྐར་མོ་ཚུར་དུ་ག་ཚོད་བཀྲ།།
བདག་རང་སྒོ་ཆེན་ཞིག་གི་ཕར་ནང་ནས།།
ཁྱེད་ལ་སྐེ་སོ་བྱས་མོད་དེས་མ་ཚིམ།།
ཁང་ཆེན་ཐོག་ཁར་བུད་ནས་གཞས་རེ་བཏང་།།
དེས་ཀྱང་མཁོ་མ་སོད་དེ་ནང་ལ་ལོག།
སེམས་པའི་གཤོང་དུ་ལམ་བུ་ག་ཚོད་ཅིག།།
ཡང་བཤིག་ཡང་བཟོ་གྲངས་མི་ཆོད་པ་བྱས།།
བསམ་ཚུལ་ཕྲིས།