འཛུམ་གྱི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 283 བཀླགས་འདུག


སྦྲེང་།
•འཛུམ།

ཉིན་ངོ་ཆུ་ལ་སྦང་བའི་ཞལ་རས་ཀྱི།།
དྲེག་པ་ད་དུང་དག་ཐབས་མ་མཆིས་སོ།།

མི་ཡི་འཚོ་བ་གྲགས་པའི་རྒྱབ་མདུན་ལ།།
ཉི་ཤར་མུན་རུབ་འགྱུར་བ་ག་ཙམ་གདའ།།

ལྷགས་པ་རེ་རེ་ལྡང་བའི་སྔ་གཞུག་ཏུ།།
གློ་མཆིན་ཕྱི་ནང་བརྗེས་པ་སུ་ཡིས་ཚོར།།

འགྲུལ་པའི་ཉེ་རིང་མིག་ཡུག་རེ་རེ་ལ།།
ལྗོན་པའི་ཚེ་སྲོག་རེ་རེ་ཧད་ཀྱིས་འཐོར།།

སྙིང་གི་ཕྱི་ནང་བསློགས་ན་ཤ་རེད་དེ།།
རང་གིས་རང་ཉིད་རྙེད་པ་ཁག་ཙམ་སྣང་།།

དམར་ཆུང་ཞེ་ལ་བོ་བའི་ཆུ་འཁྱགས་དག།
བཞུ་བར་མ་ནུས་ཁོང་སྐྲན་ཁོག་ལ་མཆིས།།

མལ་གྱི་དྲོད་ཁོལ་ཡལ་བའི་ནམ་ཟླ་ནང་།།
སྨྱུ་གུ་ས་ལ་ཤོར་བའི་གཏམ་རྒྱུད་ཐོས།།

མིད་པ་འགག་པའི་ཡིག་འབྲུ་དམར་པོ་རེར།།
བྱང་ཁོག་སྟོང་པར་སྒྱུར་བའི་ཟུག་རྔུ་བདོག།

མདོར་ན་མར་ཉལ་ཡར་ལ་ལངས་པ་ན།།
ཡོད་ཚད་རྨི་ལམ་ཙམ་གྱི་ཆོ་འཕྲུལ་འོང་།།

ད་ནས་ནུབ་ལ་འཐེན་པའི་སྐས་གདང་སྟེང་།།
ཕྱི་བལྟས་མེད་པར་དལ་ཅིག་འཛེགས་པར་ཞུ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *