སྙིང་མིག་གི་སྙན་ངག་གསར་པ་ཞིག 

རྩོམ་ཡིག་འདི་ཐེངས་ 294 བཀླགས་འདུག


དྲང་སྲོང་ཆོས་ཀྱི་བློ་གྲོས་བྲིས་པ།
རྩོམ་པ་པོ། སྙིང་མིག
སྐྱ་ཕྱེད་སྔོ་ཕྱེད་རལ་པ་ཉལ་མ་ཉིལ་ལེ།།
ཐོར་ཅོག་གངས་ཀྱི་རི་བོ་གྲལ་མ་གྲོལ་ལེ།།
གཙུག་ཕུད་མེ་ཏོག་ལན་བུ་ཐར་མ་ཐོ་རེ།།
དོ་ཀེར་ལྕང་ལོ་མ་བཅོས་ཤམ་མ་ཤོམ་མེ།།

གཟན་ཁྲ་སྣམ་བུའི་འཇའ་གུར་ལང་མ་ལིང་ངེ་།།
ཤམ་དཀར་དུང་གི་ཟླ་བ་ལྡང་མ་ལྡིང་ངེ་།།
པུས་འཁྱུད་མེ་ཏོག་ཞགས་པ་ཁྱག་གེ་ཁྱུག་གེ།
སྐྱིལ་ཀྲུང་རྡོ་རྗེའི་མདུད་པ་ལྷམ་མེ་ལྷང་ངེ་།།

སྤྱན་མིག་གནམ་གྱི་སྐར་མ་ཟམ་མེ་ཟིམ་མེ།།
སྒལ་ཚིགས་གསེར་གྱི་དོང་ཙེ་ཕང་ངེ་ཕུང་ངེ་།།
དཔུང་པ་རྒོད་ཀྱི་གཤོག་པ་རྒྱང་ངེ་རྒྱོང་ངེ་།།
མགྲིན་པ་དངུལ་གྱི་ལྕགས་ཀྱུ་འགའ་གེ་འགུག་གེ།།

སྲིད་པ་མཚོ་ཡི་གདོས་ཐག་དམ་མེ་དུམ་མེ།།
གཉུག་མ་ཆུ་བོའི་རྒྱུན་ལ་བཞར་རེ་བཞུར་རེ།།
རུ་ཤན་རྟོགས་པའི་ཕུ་ཐག་ཆ་དེ་ཆད་དེ།།
དྲང་སྲོང་རྒོད་པོའི་ལྡིང་སྐོར་འཕར་མ་འཕུར་ལེ།།

གསུང་གི་མགུར་རྟ་སྙན་མོ་སང་ངེ་སིང་ངེ་།།
རང་བབ་མན་ངག་ཟབ་མོ་ཆལ་ལི་ཆིལ་ལི།།
ཐོས་ན་དད་པའི་མིག་ཆུ་ཁྲམ་མེ་ཁྲུམ་མེ།།
མཇལ་ན་སྣང་ཞེན་སྨུག་པ་བ་ནེ་བུན་ནེ།།

ཟབ་དགུའི་གདམས་པ་ཐུགས་ལ་ཤར་རེ་མ་རེ།།
དག་སྣང་མོས་གུས་བུ་ཡུག་འཚབ་མ་འཚུབ་བེ།།
དབེན་པའི་རི་སུལ་ཞིག་ལ་ཧྲང་ངེ་ཧྲིང་ངེ་།།
ཏིང་འཛིན་དྲོད་ཀྱི་རླབས་རྒྱུན་འཕྱ་རེ་འཕྱུར་རེ།།

༢༠༢༢/༡༠/༢༥ མུ་འགོད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *