མཁན་པོ་ཆོས་དབྱིངས་ལྷུན་གྲུབ་ཀྱི་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 410 བཀླགས་འདུག
བླ་མ་རས་པ་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།
དང་པོ་ཞེ་རོ་ཆེན་པོས་དགྲ་ཚར་བཅད། །
བར་དུ་འགྱོད་བློས་སྙིང་ནས་དམ་ཆོས་བཙལ། །
ཐ་མ་བླ་མ་མཉེས་པའི་ཞབས་ཏོག་བསྒྲུབས། །
ལ་སྟོད་མཐུ་ཆེན་ཁྱེད་ལ་གསོལ་བ་འདེབས། །
བདག་ལ་ཚེ་དང་སྲིད་འབྱོར་མེད་ཀྱང་ཆོག །
བློ་སེམས་ཆོས་ལ་འཁོར་བའི་དངོས་གྲུབ་ཞུ། །
ཟབ་དབང་བསྐུར་ཚེ་དོན་གྱི་དཀྱིལ་འཁོར་མཐོང་། །
མཁའ་འགྲོས་གསང་མཚན་བཞད་པ་རྡོ་རྗེ་བསྩལ། །
སྟག་ཉའི་ཕུག་ཏུ་ཉིན་མཚན་སྒོམ་དང་བསྲེས། །
མགྲོན་གྱི་གཙོ་བོ་ཁྱོད་ལ་གསོལ་བ་འདེབས། །
བདག་ལ་མཁས་པའི་སྙན་པ་མེད་རུང་ཆོག །
ཚད་ལྡན་བཤེས་དང་འཕྲད་པའི་མཐུན་སྦྱོར་གནོངས། །
སྐྱ་རྔ་ཙ་ནས་སྒྱུ་མའི་སློབ་དཔོན་གཟིགས། །
བྲག་དཀར་རྟ་སོར་དཀའ་བ་དཔག་མེད་སྤྱད། །
སྐེམ་རིད་སྐུ་ལ་ཟྭ་ཡི་སྤུ་ཞོ་འཁྱིལ། །
སྨིན་ཁྱུག་བྲག་ལ་འཕུར་བ་ཁྱོད་ལ་འདུད། །
བདག་ལ་ཐོབ་དང་གོ་ས་མེད་ན་འགྲིག །
སྒྲུབ་ལ་སྙིང་རུས་ནུས་པའི་དངོས་གྲུབ་ཞུ། །
བླ་མའི་བཀའ་བཞིན་དཀའ་ཐུབ་རི་ལ་སྤྱད། །
ལྟོ་གོས་གཏམ་གྱི་ཕུབ་མ་རླུང་ལ་བསྐུར། །
ཚེ་གཅིག་བྱང་ཆུབ་བསྒྲུབས་པའི་མི་བོ་ཆེ། །
རས་དཀར་ན་བཟའ་ཅན་ལ་གསོལ་བ་འདེབས། །
བདག་ལ་གྲོས་ཀྱི་དབང་ཤེད་མེད་ཀྱང་ཆོག །
ཚེ་འདིའི་ཆེ་ཐབས་སྤོང་བའི་ཐབས་མཆོག་སྩོལད། །
གནོད་ལན་ཕན་གྱིས་འཇལ་ལ་སྤྲོ་བ་ཅན། །
གཉེན་ལ་གདུང་སེམས་ཆད་པའི་ལྟོས་མེད་པ། །
ཀུན་ལ་བྱམས་པ་འབྱོང་བའི་དར་ཤམ་ཅན། །
རྩོད་མེད་གྲུབ་པའི་རྗེ་བོ་ཁྱོད་ལ་འདུད། །
བདག་ལ་འཁོར་གྱི་ཁ་འཛིན་མེད་ན་འགྲིག །
རེ་དོགས་རྙི་ལས་ཐར་བའི་ལམ་སྣ་མཛོད། །
མི་ཚེ་ཕལ་ཆེར་དབེན་པའི་རི་ལ་བསྐྱལ། །
འཚོ་བ་ཏིང་འཛིན་ཟས་དང་མཁའ་འགྲོས་དྲངས། །
བསོད་སྙོམས་ལྡོམ་བུའི་ས་ནའང་འགྲོ་དོན་རེ། །
ཅི་མཛད་ཆོས་ལས་མེད་པ་ཁྱོད་ལ་འདུད། །
བདག་ལ་སྦྱིན་བདག་ཤོམ་ར་མེད་ཀྱང་ཆོག །
ལྟོ་གོས་ཞེན་པ་ཆོད་པའི་སྐྱབས་འཇུག་གནོངས། །
གནས་ལུགས་བདེན་པའི་གཏམ་དེ་དཔེ་ལ་དྲངས། །
ཟབ་རྒྱས་ཆོས་ཀྱི་མགུར་མ་སྙན་ལ་འཇེབས། །
གང་ལ་སོང་ན་དེ་ན་གདུལ་བྱ་རེ། །
ཐོས་གྲོལ་དྲན་ཆོག་རྒྱལ་པོ་ཁྱོད་ལ་འདུད། །
བདག་ལ་གཞན་གྱིས་བསྟོད་བཀུར་མེད་ཀྱང་སླ། །
ཚེ་འདིའི་སྣང་ཞེན་ཟློག་པའི་དངོས་གྲུབ་ཞུ། །
དམ་པ་རྗེ་དང་དྷརྨ་བྷོ་དྷིས་ཀྱང་། །
གུས་པའི་ཕྱག་དང་བསྟོད་པའི་བསྙེན་བཀུར་པས། །
གྲགས་པའི་སྙན་པ་དཀར་པོས་ཕྱོགས་ཁྱབ་ཀྱང་། །
སྙེམ་མེད་བས་མཐར་བསྙེགས་པ་ཁྱོད་ལ་འདུད། །
བདག་ལ་ཅི་བྱེད་ཆོས་ལས་མི་འདུག་པས། །
ཉིན་མཚན་སྒོམ་དང་འདྲེས་པའི་མཐུ་སྟོབས་གནོངས། །
སྲ་མཁྲེགས་རྡོ་བའི་ངོས་སུ་ཞབས་རྗེས་བཀོད། །
བདེན་ཞེན་ཟློག་ཕྱིར་གཡག་རྭའི་སྦུག་ཏུ་འཛུལ། །
མདོར་ན་སྣོད་བཅུད་རྫུན་གྱི་ཆོ་རོལ་ལ། །
ཐོག་བརྫིས་མཛད་པའི་གྲུབ་རྗེ་ཁྱོད་ལ་འདུད། །
བདག་ལ་སྟོབས་ནུས་ལྷག་པོ་མེད་ཀྱང་ཆོག །
ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །
ཚིག་གི་དགེ་བཤེས་ཐར་པའི་ལམ་དུ་བཀོད། །
ལོག་ལྟའི་དགེ་བཤེས་འཁོར་བ་མཐའ་ཅན་བསྒྱུར། །
ཕྲག་དོག་དགེ་བཤེས་འཆི་ཁ་ཆོས་དང་སྤྲད། །
འབྲེལ་ཚད་དོན་ལྡན་ཁྱོད་ལ་གསོལ་བ་འདེབས། །
བདག་ལ་རྒོལ་འཇོམས་རྩོད་ཤགས་མེད་ན་འགྲིག །
ཕྱོགས་མེད་དག་སྣང་འབྱོང་བའི་དངོས་གྲུབ་སྩོལད། །
མོས་གུས་ལམ་གྱི་རྩ་བ་ཚུགས་པར་མཛོད། །
འགྲོ་ཕན་སྙིང་རྗེའི་ཆུ་བ་རྒྱས་པར་མཛོད། །
བྱང་སེམས་དགེ་བའི་ལོ་ཏོག་འཁྲུངས་པར་མཛོད། །
གནས་ལུགས་ལྟ་བའི་རང་ཞལ་མཐོང་བར་མཛོད། །
མདོར་ན་རྗེ་བཙུན་རས་ཆེན་ཁྱེད་ཉིད་ཀྱི། །
བརྟུལ་ཞུགས་སྤྱོད་པ་ཅི་འདྲ་བདག་གྱུར་ཅིག །
སྐྱེ་བ་འདི་དང་ཚེ་རབས་གང་དུ་ཡང་། །
རྗེ་བཙུན་བླ་མ་ཁྱོད་དང་མི་འབྲལ་ཞིང་། །
བླ་མེད་ཡང་སྙིང་སྙན་རྒྱུད་གདམས་པའི་སྲོལ། །
སྤེལ་བའི་བྱེད་པོ་ཉིད་དུ་བདག་གྱུར་ཅིག །
དེའི་མཐུས་རབ་དཀར་རྒྱུད་པའི་རིང་ལུགས་ཆེ། །
མི་ནུབ་དར་ཞིང་རྒྱས་པའི་ཤིས་པ་སྩོལད། །
ཅེས་པ་འདི་ནི་ལ་ཕྱི་ལུང་བསྟན་ཕུག་ལ་བྲིས་ཤིང་། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྟག་ལོའི་ཟླ་ ༧ ཚེས་ ༢༨ སྤྱི་ལོ་ 2022 སྤྱི་ཟླ་ 9 སྤྱི་ཚེས་ 23 ཉིན་བདུད་འདུལ་ཕུག་ཏུ་འདི་བཞིན་གསོལ་འདེབས་ལན་གསུམ་བྱས་རྗེས་དག་པར་གཏན་ལ་ཕབ་པའོ། །
རྩོམ་པ་པོ་མཁན་པོ། ཆོས་དབྱིངས་ལྷུན་གྲུབ།
བསམ་ཚུལ་ཕྲིས།