འཛུམ་གྱི་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 858 བཀླགས་འདུག
ཞོགས་ཉི་སེར་པོ།
འཛུམ།
“ངས་སྐད་ཆ་ག་རེ་བཤད་པ་ངས་འགན་ཁུར་ཐུབ་ཀྱང་།
ཁྱོད་ཀྱིས་གོ་བ་ག་རེ་ལེན་མིན་ངས་འགན་ཁུར་མི་ཐུབ།”
ནངས་ཀ་སྒེའུ་ཁུང་གསེང་གི་བྱེའུ་སྐད་དེས།།
ང་རང་མལ་སའི་གཉིད་ལས་ཚ་སད་བྱས།།
གནམ་ལ་བལྟས་པས་གདོང་ལ་ཉི་འོད་འཕྲོས།།
ལྟོས་དང་གནམ་གྱི་ཞལ་ངོ་དྭངས་པ་ལ།།
ཉི་མའི་གཟི་བརྗིད་དེ་འདྲ་ཆེ་བ་ལ།།
འོད་ཀྱི་བརྩེ་བ་ཚིག་གིས་འགྲེལ་མ་ཐུབ།།
སྒྲ་གཅན་ཁ་ནང་མ་ལྷུང་ཁྲ་སྤུངས་སེ།།
སྤྲིན་ནག་རྒྱ་ལས་མ་ཚུད་འོད་ཤིགས་སེ།།
གོ་ལའི་དཀྱིལ་འཁོར་ཧྲིལ་གྱིས་བསྐོར་ནས་བྱུང་།།
ཡག་པོ་ལྟོས་དང་གངས་དཀར་ལྷུན་པོའི་རྩེར།།
ཉི་མའི་ཉི་གུར་ཕུབ་བསྡད་མ་རེད་ཨེ།།
ང་ཡི་བལྟས་ན་དེ་འདྲ་མཐོང་གི་འདུག།
རི་ལམ་རྐང་ལམ་སྲང་ལམ་གཞུང་ལམ་སྒང་།།
རང་རང་ས་ནས་འགྲོ་མཚམས་མ་འཇོག་དང་།།
ད་ནས་ང་ཚོས་གནམ་མཐའ་མཐོང་འདུག་ཨ།།
མགོ་བོ་མཐོན་པོ་ག་ལེར་ཁྱོགས་ཤོག་དང་།།
བདེན་པའི་འབོད་སྒྲ་ཤུགས་ཀྱིས་གྱེར་ཤོག་དང་།།
གཡུ་རལ་དར་ཆ་ཡར་ཡར་སྒྲེངས་ཤོག་དང་།།
མིག་ལ་ལྗང་མདོག་ལྡན་པའི་ཡུལ་ཞིག་འདུག།
རྣ་ལམ་དོན་སྙིང་ཆེ་བའི་གཏམ་ཞིག་འདུག།
སེམས་ལ་རེ་བ་གསར་པའི་དོན་ཞིག་འདུག།
འུག་པའི་མིག་ལ་ཉི་མ་མི་མཛའ་ཡང་།།
མུན་པའི་སྨག་ལ་སྣང་བ་སྟེར་སོང་ཨ།།
ལྗོན་པའི་ཤིང་ལ་ཚེ་སྲོག་སྦྱིན་སོང་ཨ།།
24/11/ 2020
བསམ་ཚུལ་ཕྲིས།