འཛུམ་གྱི་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 2030 བཀླགས་འདུག
སྒོ་རྒྱ།
འཛུམ།
ད་ལོ་ལྗོན་པའི་ཤིང་ཡང་ནད་ཀྱིས་ཟིན།།
རྩ་བ་རུལ་ཞིང་རྩེ་མོ་བསྐམས་ནས་འགྱེལ།།
བསྟུད་མར་ཟླ་ངོ་དྲུག་ལ་ཁང་སྦུག་ལྷག།
སྒོ་དང་སྒེའུ་ཁུང་དག་ཀྱང་དམ་པོ་གཏན།།
ནམ་ཟླ་གཉིས་ཙམ་གྱང་རོ་གཅིག་ལ་བལྟས།།
ལོ་ངོ་ཕྱེད་ཙམ་མལ་གདན་གཅིག་ཐོག་ལྷུང་།།
ཉི་མ་བརྒྱ་དང་བརྒྱད་ཅུ་ལྷག་གཅིག་ལ།།
རྐང་པ་གཉིས་ཀྱིས་སྒོ་ཐེམ་གཅིག་ལ་བཞོན།།
ང་རང་ཉེས་མེད་བཙོན་པ་ཆགས་ཨེ་རེད།།
ཡང་ན་ང་རང་མཚམས་ལ་བསྡད་ཡོད་རེད།།
དངོས་གནས་བདག་གི་གོམ་ཁ་གང་དུ་བོར།།
མདུན་དང་རྒྱབ་ན་ཅི་དང་གང་ཞིག་འདུག།
ལན་རེར་བསམ་བློ་རྒྱང་ལ་བཏང་གྱུར་ན།།
བསེར་བུས་རྒྱ་གླིང་སྐད་རེ་རྣ་བར་བསྐྱལ།།
མ་རེད་འདི་ཡང་རྣ་བ་འཁྲུལ་སོང་གདའ།།
མཚན་མོ་ཁྱི་ལྟོགས་ཟུག་པའི་སྐད་སྒྲ་རེད།།
མ་གཞི་ཉིན་མཚན་ཟེར་བ་ཅི་ཞིག་རེད།།
ལོ་ཟླ་དུས་ཚིགས་ཟེར་བའང་གང་ཞིག་རེད།།
ལག་གི་སྒོར་མོ་ཟེར་བ་ཤོག་ཧྲུལ་རེད།།
སེམས་ཀྱི་ཕུཌ་བསམ་ཟེར་བ་རྨི་ལམ་རེད།།
དོ་ཞག་ཉི་ཟླ་གནམ་ལ་ཨེ་འདུག་གོ།
འོད་ཀྱི་སྣང་བ་མཐོང་རྒྱུ་མི་འདུག་གོ།
ཁ་སང་ཉམ་ཆུང་སྲོག་ལ་ཤི་འཐམ་བྱས།།
ད་ནངས་མི་ཆེན་སྐེ་ལ་སྦར་གྱིས་འཇུས།།
ད་ནས་མཚན་མོའི་གཉིད་ཅིག་ག་ལ་ཁུག།
ང་ཡི་གཡས་གཡོན་ས་རྡོ་ལིང་ལིང་འགུལ།།
གལ་སྲིད་སང་ཉིན་ཟེར་བ་ཡོད་གྱུར་ན།།
ཉི་མ་གསར་པའི་ཁ་ངོ་མཐོང་བར་ཤོག།
མིག་ནང་ཉི་ཟེར་རེ་རེ་ཟུག་པར་ཤོག།
རྐང་འོག་ལམ་བུ་རེ་རེ་རྙེད་པར་ཤོག།
4/ 10/ 20
བསམ་ཚུལ་ཕྲིས།