མགར་ཐང་དཀར་གྱི་མུ་འབྲེལ་སྙན་ངག་རིང་མོ།

རྩོམ་ཡིག་འདི་ཐེངས་ 2768 བཀླགས་འདུག

མགར་ཐང་དཀར་རམ་གཅོད་པ་ཐར་ནི་དགུ་བཅུའི་སྨད་ལ་མཚོ་ལྷོ་འབའ་རྫོང་དུ་སྐྱེས་ཤིང་། ཁོ་རང་རྩོམ་འབྲི་དང་ཕ་སྐད་མ་ཡིག་ལ་དུང་བ་ཆེ་རྐྱེན་སྔ་ཕྱིར«སྦྲང་ཆར»དང«གངས་དཀར་རི་བོ»«སྤང་ལྗོངས»«ཁྲི་ཤོར་རྒྱལ་མོ»«བོད་ལྗོངས་ཉིན་རེའི་ཚགས་པར»«མཚོ་སྔོན་བོད་ཡིག་གསར་འགྱུར»«མཚོ་སྔོན་ཁྲིམས་ལུགས་ཚགས་པར»«མཚོ་ལྷོ་བོད་ཡིག་ཚགས་པར»ད་དུང«ཀྲུང་གོ་བོད་ཀྱི་དྲ་བ»«བཙན་པོ་མགར་གྱི་དྲ་བ»སོགས་དྲ་རྒྱ་དང་ཚགས་དེབ་འགའ་རེའི་སྟེང་བརྩམས་ཆོས་སྤེལ་མྱོང་།

ཕ་དམ་པ། མ་མཛངས་མ།

མགར་ཐང་དཀར། མཚོ་ལྷོ།

མི་ཡུལ་གྱི་ལུང་པ
ངས་ཁྱོད་ངོ་ཤེས་པ་ནས་བཟུང
ཁྱོད་ཀྱི་ཆགས་རིམ
ཁྱོད་ཀྱི་གཏམ་རྒྱུད
ཡོད་དོ་ཅོག
སུ་ཞིག་གིས
ཞིབ་ཆ་ལྡན་པའི
སྒྲིག་རིམ་ཡོད་པའི
བདག་ལ་གསུངས་མྱོང
གཞན་མྱི་ཞིག་ག་ལ་ཡིན
ང་ཐོག་དང་པོ་མི་ཡུལ་ལུང་པ་འདིར་ཐོན་དུས
ངས་ངོ་ཤེས་པ་ནི་འཛུམ་འཛུམ་དམུལ་དམུལ་ངང-
དགའ་དགའ་ལྷང་ལྷང་གིས་ང་རང་འཚོས་པའི་ཕ་མ་གཉིས་ཨང
དེ་དུས་ངས་མཐོང་བའི་མིག་མདངས་གཉོམ་པོ་དེའི
ང་ལ་ཆེས་ཞིམ་སྣང་གི་འཚོ་བ་གསར་བ་ཞིག
ཆེས་ཡིད་འོང་གི་ཚེ་སྲོག་རླབས་ཆེན་ཞིག་གི་ཡང་སྙིང་རྟོགས་སུ་བཅུག་སོང
རེ་བས་ཁེངས་པའི་མིག་ཟུང་དེའི
ངས་གཏམ་རྒྱུད་གསར་བ་ཞིག་གི་འགོ་བརྩམས་བྱུང་བ་རྟོགས
འཇིག་རྟེན་ནི་ཇི་འདྲའི་ཟང་ཟིང་ཆེ་ན་ཡང
ངས་དེ་དུས་མཐོང་བའི་ལྷད་མེད་ཀྱི་མིག་ཟུང་གཉོམ་པོ་དེའི
ངས་དེ་དུས་མཐོང་བའི་གཅེས་སེམས་ཀྱི་འཛུམ་མདངས་དེའི
ཏག་ཏག་ང་ལ་སྤོབས་པ་དང་རེ་བས་གཙེས་བྱུང
དུས་དེ་ནས་བཟུང
མི་ལོ་ཉི་ཤུ
མི་ལོ་ཉི་ཤུའི་འགྲུལ་བཞུད་རིང་མོ་དེ
སུ་ཞིག་གི་རྔུལ་ཁྲག་ལ་བརྗེས་ནས་ཡོང་ཟེར་ན
གཞན་གང་ཡང་མ་ཡིན་ལ
བྱམས་བརྩེའི་བདག་ཉིད་ཆེན་པོ་སྟེ
བདག་གི་ཕ་དམ་པ་དང-
མ་མཛངས་མ་ལགས
ངས་འདི་ལྟར་ལབ་བྱུང་ན
སུ་ཞིག་གིས་ཀྱང་རྒྱུས་ལོན་པར་དཀའ་ལ
མཐའ་ན་བདག་གི་མཛའ་གྲོགས་ཀྱིས་ཀྱང་་་ ་་་
དེ་ཡང་ཅི་ཁག
ངའི་ཕ་མའི་དཀའ་སྡུག་གི་འགྲུལ་བཞུད
སྐྱི་སེར་རླུང་ལ་བརྗེས་པའི་ལང་ཚོ་ཡི་གསོན་ཤུགས
ང་ཚོས་ག་ནས་མཐོང་མྱོང
བདག་གི་གཅེས་གྲོགས་ཚོ
དེ་ཡི་ལན་དུ་ང་ལ་ཅི་ཡང་མི་དགོས
ངའི་ཐོག་ཏུ་འདང་རེ་བརྒྱབ་ནས
རང་ཐོག་ཏུ་ཟོན་ཞིག་དེད་དང་ཆོག་གོ
ང་ཚོ་ནི་དུས་རབས༢༡པའི་མྱི་ཡིན་ལ
དཀའ་སྡུག་ཅེས་པ་དངོས་གནས་ག་ལ་ཤེས
རྒྱུ་མཚན-
འུ་ཚོའི་ཕ་མའི་དྲིན་དུ
དཀའ་སྡུག་ཅེས་པའི་ཐ་སྙད་ཚ་བོ་འདིར
འབྲེལ་ཡེ་ནས་རྒྱག་མི་ཐུབ
དེ་བས-
ཕ་དམ་པའི་རུས་པ་གསེར་གྱི་ཤན་མི་ཐུབ་རུང
སྐྲ་དཀར་བོ་སྐྱི་སེར་རླུང་ལ་མི་སྐུར་རོགས
མ་མཛངས་མའི་སྙན་པ་དེབ་དུ་སྐྲུན་མི་ཐུབ་ཀྱང
རྒས་གཉེར་མའི་སྟེང་དུ་གཉེར་མ་མི་བརྩེག་རོགས
དྲིན་ལན
ཕ་མའི་དྲིན་ལན་ཟེར་ན
གོས་འཇམ་པོ་ཞིག་དང
ཇ་ཚ་བོ་ཞིག་གིས་ག་ནས་འཇལ་ཐུབ
ཕ་མའི་དྲིན་ལན་ཟེར་ན
རང་གི་འདུན་ལམ་ཡག་ཤོས་ཤིག་དང
རང་ལ་ཁྱིམ་ཚང་གྲལ་དག་ཅིག་གྲུབ་པའི་ག་ནས་འཇལ་ཐུབ
མི་ཐུབ་སྟེ
མདོར་དེད་ན
དེ་དག་མཐའ་གཅིག་ཏུ་རང་དོན་འབའ་ཞིག་ལས་མ་འདས
འུ་ཚོའི་སྐྱེ་བ་འདིར
དྲིན་ཞིག་ཆད་ཡོད་ན
འུ་ཚོའི་སྐྱེ་བ་འདིར
དོམ་ཞིག་ཆད་ཡོད་ན
དཀའ་སྡུག་གི་ཀློང་ནས
རྔུལ་ཁྲག་གི་ཀློང་ནས
མི་ཆུ་ཁྲོད་ནས
འུ་ཚོ་ནར་སོན་དུ་འཇུག་མཁན་གྱི་ཕ་མ་གཉིས་ལས་མ་འདས
དྲིན་ལ་དྲིན་ལན་ལོས་དགོས
འཇིག་རྟེན་གྱི་ཆོས་ཉིད་ཡིན
དྲིན་ལན་འཇལ་དགོས་ལོས་ཡོད
འཇིག་རྟེན་གྱི་འགྲོ་ལུགས་ཤིག
ཡིན་ཡང་འུ་ཚོའི-
དྲིན་ལན་གཞལ་དུ་དཀའ་བ་འདི
མྱི་ལུས་ཤིག་བླངས་པའི་འགྱོད་གདུང་དང-
ལུས་རྟེན་ཞིག་ཐོབ་པའི་སྡུག་འབྲས་སུ་མི་རྩི་ཐབས་མེད་དུ་ཆགས་སོང
ཤ་དར་རུས་དར་གྱི་གཞོན་པ་ང་ཚོ
ཅིས་ཀྱང་མདུན་དུ་སྐྱོད་དགོས་ལ
འཁང་ར་རྒྱལ་ཁ་རུ་བསྒྱུར་ནས་མདུན་དུ་སྐྱོད་དགོས
འུ་ཚོའི་མྱི་ལུས་ཙམ་ལོན་མ་ལོན་གྱི་དུས་མཚམས་སུ
ཏག་ཏག་སུ་ཞིག་གིས་ལས་བདའ་མེད་པར-
ནོངས་འགྱོད་དང་ཕངས་སེམས་མེད་པར་འུ་ཚོ་བསྐྱངས་སོང་ངམ
གཞན་གང་ཡང་མ་ཡིན་ཏེ
འཇིག་རྟེན་འདིའི་བྱེད་པོ་ཐོག་མ་སྟེ
ཕ་དམ་པ་དང་མ་མཛངས་མའོ
དོ་ནུབ་འུ་ཚོའི་ནུས་པ་ནི
སྐད་གསེང་མཐོན་པོས
ཀྱེ་བདག་གི་ཕ་དམ་པ-
མ་མཛངས་མ
ཁྱེད་ཚོའི་དཀའ་ལས་མྱངས་སོང
བཀའ་དྲིན་ཆེ
དེ་ལས་ཅི་ཡང་མི་ནུས་སོ
སྣང་བའི་སྟོབས་འབར་བའི་ཤ་དར་རུས་དར་གྱི་ན་མཉམ་ཚོ
རང་བཀུར་གྱིས་དང-
རང་བཀུར་ནི་གཞན་བཀུར་ཡིན་ལ
གཞན་བཀུར་ནི་འཇིག་རྟེན་འདིའི་ཆེས་ཡིད་དུ་འོང་བའི་འཚོ་བ་ངོ་མ་དེ་ཡིན་པ་ཤེས་སུ་ཆུགས
མདོར་ན
ཡིད་དུ་འོང་བའི་འཚོ་བ་ནི་འུ་ཚོའི་ཕ་མའི་ཚེ་མཇུག་གི་མ་ཎི་ཡིག་དྲུག་དང
མྱི་ལུས་ཀྱི་མཐར་སྐྱེལ་བྱེད་ཀྱི་བྲོ་ཁ་ཞིམ་པོ་དེ་ཡིན་པ་ཤེས་པར་གྱིས
ད་དུང-
རང་གཞན་ཀུན་གྱི་བདེ་སྐྱིད་དང
སྣང་བའི་སྒོ་འཕར་ཕྱེ་བའི་རིག་ལམ་ཞིག་ཡིན་པ་ཤེས་པར་གྱིས
སྤྱིར་ནས
སྐད་ཆ་ནི་རུས་སྒྲོམ་དུ་བཅུག་པའི་ཐ་སྙད་ཀྱི་ནོམ་པ་ཡིན་གྱི
དེ་ནི་བཤད་ཀྱིན་བཤད་ཀྱིན་མཐར་སྤྲོད་མི་ཐུབ་ལ
མཐའ་ན་རང་ཡིད་ཀྱང་ཚིམ་དུ་འཇུག་མི་ཐུབ་པས
ངས་ཚིག་སྣེ་སྙིང་ལ་བཏེགས་ནས
ངས་ཐ་སྙད་རུས་སུ་བསྒོམས་ནས
སྐད་ཆ་ཞིམ་པོ་ཞིག་ལབ་རྒྱུ་ཡིན
བུ་ཕྲུག་ངའི་བདག་ཉིད་ཆེན་པོ-
ཕ་དམ་པ-མ་མཛངས་མ་ལགས
ཁྱེད་གཉིས་ཀྱི་གཅེས་ཕྲུག་ནར་སོན་བྱུང
མིག་གིས་རྒྱང་ལ་ལྟ་བཞིན
རྒྱང་རིང་བློ་ཡི་ཟབ་ས་རུ་སྦས་ཡོད
གཅེས་ཕྲུག་ངའི་བདག་ཉིད་ཆེན་པོ
ཁྱེད་གཉིས་ཀྱིས་དཀའ་ལས་མྱངས་སོང
བཀའ་དྲིན་ཆེ-
བཀའ་དྲིན་ཆེ-
བཀའ་དྲིན་ཆེ---

༠༢༠/༠༡༠/༠༡-༠༢༠/༠༨/༠༡༥དུས་ཆེན་གཉིས་འགྲིག་གི་མཚན་མོར«ཕ་དམ་པ།མ་མཛངས་མ»ཞེས་པའི་རང་མོས་སྙན་ངག་ཁ་གསལ་གོ་བདེ་མ་འདི་ཐོལ་གྱིས་བྱུང་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *