སྒོམ་འོད་ཐིག་གི་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 708 བཀླགས་འདུག
༼བླ་རྒན་ཁོང་བྲིས།༽
སྒོམ་འོད་ཐིག
ངོ་མཚར་མཛད་བཟང་གི་རྣམ་ཐར་མེད་ན། །
རྟོག་བཏགས་མིང་སྐམ་ལ་ཆེ་རྒྱུ་ཅི་ཡོད། །
ད་ལྟ་ལ་ལ་ཞིག་མཚན་གནས་མཐོ་ཡང་། །
ཕལ་པའི་གྲྭ་རྐྱང་འགའི་རྗེས་ལ་ལུས་འདུག །
དང་པོར་ཀ་ཅ་ངའི་ལྟ་བ་གནམ་ཡིན། །
རང་སེམས་མགུ་ས་ཡི་མི་ཞིག་མིན་ན། །
བླ་ཆེན་མི་ཆེན་ནི་སུ་འདྲ་ཡིན་ཡང་། །
ཐོད་པ་ལེབ་ལེབ་དེ་ས་ལ་མི་གཏུགས། །
བླ་ཆེན་མི་ཆེན་ལ་རྒྱུས་ལོན་མེད་པས། །
ཅི་ཞིག་ཡིན་ནའང་ཡིན་དུ་ཆུགས་ཤོག །
སུ་ཞིག་མ་དགའ་ན་སྡུག་གྱོང་གྱིས་ཤོག །
གུས་གུས་ཞུམ་ཞུམ་ནི་དང་ལེན་མི་ཐུབ། །
པད་ནོར་བླ་མ་ཁོང་དང་པོ་མཇལ་དུས། །
དད་པ་དག་སྣང་ནི་ལར་ནས་མ་ཤེས། །
མདུན་ཕྱོགས་ལམ་ཟུར་ནས་བྱོན་པ་དྲན་ཡང་།།
མགོ་བོ་སྒུར་ཙམ་ཡང་ཡེ་ནས་མ་བྱས། །
ས་དགེ་བཀའ་རྙིང་གི་གདན་ས་མང་པོ། །
དང་བ་འདྲེན་འདྲེན་ཞིག་མཇལ་རྒྱུ་འདུག་མོད།།
བླ་མ་ཁོང་ཉིད་ཀྱི་མཛད་བཟང་རྣམ་ཐར། །
མཇལ་ནས་དགའ་མགུ་ཡི་དང་བ་དྲངས་སོ། །
ས་སྐྱ་བཀའ་བརྒྱུད་གྱི་བཤད་གྲྭ་དག་ལ། །
ཁོ་བོས་རེ་རེ་བཞིན་རྒྱུས་ལོན་བྱས་མོད། །
སེར་བྱེས་མཁས་སྙན་གྱི་ང་ཚོའི་འཛིན་གྲྭ །
ཁ་གཏད་ཆོག་སྙམ་ཞིག་ཡེ་ནས་མ་དྲན། །
བླ་ཆེན་ལ་ལ་ཞིག་ཕྱི་ལ་ཕེབས་ནས། །
ཤར་ནུབ་ཡུལ་གྲུ་ཀུན་བསྐོར་བ་བརྒྱབ་ཀྱང་། །
འབྱོར་ལྡན་སྦྱིན་བདག་འགའ་ཡོད་ན་ཐོན་མོད།
བསྟན་པ་འཛིན་སྐྱོང་གི་རྨང་གཞི་མི་འདུག །
འབྱོར་ལྡན་དགོན་སྡེ་ནི་འདྲ་འདྲ་ཡོད་ཀྱང་། །
སྔོན་མ་བོད་ཁམས་ཀྱི་བཤད་གྲྭའི་ནང་ནས། །
ཟས་གོས་གནས་མལ་གྱི་མཐུན་རྐྱེན་བཟང་ཤོས།
དཔལ་ཡུལ་བཤད་གྲྭ་ལས་ལྷག་ཅིག་མ་རེད། །
བསྟན་པའི་གཞི་མ་ནི་དགེ་འདུན་སྡེ་རེད། །
གཞིས་བྱེས་དཔལ་ཡུལ་གྱི་ཆོས་སྡེ་ཆེན་མོ། །
དམར་སེར་འདུས་སྡེ་ཡི་རྒྱ་མཚོ་ཆེན་པོ། །
འཆད་རྩོད་རྩོམ་གསུམ་གྱི་རླབས་སྒྲ་ལྡིར་རེ། །
འཕགས་ཡུལ་རྣམ་གླིང་གི་ཆོས་སྒར་ཆེན་མོའི།།
མདོ་སྔགས་རབ་འབྱམས་ལ་མཁྱེན་རྒྱ་ཡངས་པ།།
མཁན་ཆེན་རྣམ་གསུམ་གཙོས་མཁན་སློབ་མང་པོ།།
འཛིན་མའི་ཁྱོན་ཡོངས་ན་ལྷམ་མེར་བཞུགས་སོ།།
རི་བོ་ཧི་མ་ལའི་འདབས་སུ་ཆགས་ཤིང་། །
བོད་ཀྱི་མེས་པོ་ཚོའི་རིགས་སུ་གཏོགས་པ། །
ཉམ་ཐག་ཁྲི་སྟོང་ལྷག་ཁོང་གིས་གསོས་ཏེ། །
མེས་པོ་ཐོན་མི་ཡི་རྒྱུད་འཛིན་བྱས་འདུག །
ད་ལྟའི་དགོན་སྡེ་འགའི་ལྷ་ཁང་རྫིག་ཀྱང་། །
བསྟན་རྩ་དགེ་འདུན་ལ་འཆད་ཉན་མེད་པས། །
བསྟན་པ་ལུང་རྟོགས་ཀྱིས་དབུལ་ཞིང་ཕོངས་པ།
ཕྱོགས་བཞི་མཚམས་བརྒྱད་ན་ཉུང་ཉུང་མ་རེད།
ཕྱི་ལ་མཐུན་རྐྱེན་གྱི་དཔལ་ཡོན་འཛོམས་ཤིང་།།
ནང་ལ་ལུང་རྟོགས་ཀྱི་བཤད་སྒྲུབ་རྒྱས་པ། །
དཔལ་ཡུལ་གཞིས་བྱེས་ཀྱི་ཆོས་སྡེ་ཆེན་མོ། །
གྲུབ་དབང་པད་ནོར་གྱི་མཛད་པ་ཡིན་འདུག །
རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་མང་པོ། །
འཛམ་གླིང་གང་སར་གྱི་ཡུལ་གྲུ་འདྲ་མིན། །
རྒྱ་བོད་གཉིས་ཀ་ལ་ཞབས་ཀྱིས་བཅག་སྟེ། །
མཁན་ཆེན་ཞི་བ་འཚོའི་མཛད་པ་བསྐྱངས་སོ།།
གྲྭ་རྐྱང་དཀྱུས་མ་བཞིན་ཕྱག་ལས་གནང་ཞིང་།
རྐང་འཁོར་ལྕགས་རྟ་ཞིག་ཆིབས་ནས་བྱོན་ཏེ། །
སྐུ་ཚེགས་འོ་བརྒྱལ་ལ་གདོང་ལེན་མཛད་ནས། །
བསྟན་པའི་ཀ་ཆེན་གྱི་རྡོ་རིང་བསླངས་གདའ། །
མི་ལོ་བཅུ་བདུན་ཙམ་གྱི་རིང་སེར་བྱེས་མཁས་སྙན་གྲྭ་ཚང་ནང་མི་ཚེ་བསྐྱལ་ཞོར་དུ་དཔལ་ཡུལ་བའི་བྱེས་ཀྱི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་ལ་རྒྱུས་མངའ་གང་འཚམས་ཡོད་ཙང་དེ་རིང་ཐོལ་བྱུང་དུ་སྣང་བ་གང་དྲན་རང་སྣང་གང་ཤར་གྱིས་པད་ནོར་རིན་པོ་ཆེ་ཁོང་གི་སྐུ་ཚེའི་མཛད་རྗེས་ཀྱི་རྣམ་ཐར་ཟུར་ཙམ་སྒོམ་འོད་ཐིག་པས་བྲིས་སོ།
བསམ་ཚུལ་ཕྲིས།