པདྨ་ཆོས་སྒྲོན་སྙན་ངག [ཟླ་མོ་ཁྲེལ་མེད་མ།]
རྩོམ་ཡིག་འདི་ཐེངས་ 809 བཀླགས་འདུག
ཟླ་མོ་ཁྲེལ་མེད།
མཚམས་མེད་པའི་ཨ་མའི་ལས་ཚེགས་ལགས།
འཁྱུག་ཙམ་བདེ་མོར་བཞུགས།
བྱས་ངོ་མེད་པའི་ཆང་མའི་ཐབ་ཁ་ལགས།
ཕར་ཙམ་གྲང་མོར་སྡོད།
ཁྱིམ་སྒོ་འདི་འཁྲོག་སེ་རྒྱབ་པ།
ཡོད་ཚད་ནས་བྱོལ་སྟངས་ཡིན།
དོ་དགོང་གི་ཟླ་འོད་འདི།
ཡོངས་གྲགས་ཀྱི་ཟུར་བསྟེན་བཞིན།
རྐང་འཇབ་ལག་འཇབ་མི་དགོས་པར།
བྲོས་ལམ་འདི་གསལ་ཐང་ངར་སྟོན་པ།
ཡག་བྱུང་ཟེར་ལོས་ཆོག
བཞོད་རྟ་རླངས་འཁོར་འདི།
ཤེར་མུར་ལམ་ལ་འཕུར་བ།
ངའི་རང་དབང་གི་གཤོག་པ་ཐོགས་སྟངས་ཡིན།
ཕྲུ་གུའི་སྐད་ཅོར་དེ་སྐར་མར་བཅོལ་ན།
རྒད་པོའི་བཤད་རྙོག་དེ་སུ་ཡི་ཉན་ཡོད་ན།
སྒོ་མོ་སྔ་ཕྱིའི་བར་ན།
གཏིང་བརྗེད་ཀྱི་རྩིག་པ་ལངས་ཡོད།
སྒོ་མོ་ཞིག་ཕྱེས་ནས་ནང་དུ་འཛུལ།
ཉལ་ཁང་གསུམ་ན།
དྲན་པ་འཆོལ་བའི་མ་རྒན་གསུམ།
གཉིད་དུ་ཡུར་འདུག
ཉལ་ཁང་སྟོང་བ་དེ་གཉིས།
སྐུ་ཞབས་ཨེ་དང་ལྕམ་མོ་པེ་ཡི་རེད།
ཕྱི་མར་བཞུད་པའི་རྣམ་ཤེས་ཁྱེད་གཉིས།
ང་ལ་སྐྲག་སྣང་མ་བསྐྲུན།
འབོ་གདན་སོབ་སོབ་འདིའི་ཁུག་ན།
ང་མཚན་གྱི་རྒྱལ་མོར་རྫུ་ཨི་ཆོག
སྙན་ངག་ཚན་པ་རེ་དང་།
གློག་བརྙན་ཐན་ཐེན་རེ།
ངའི་སྙིང་ཁར་འཐིམ་པའི་བཟི་སྨན་དང་།
ངའི་མཛུབ་རྩེར་རྩེ་བའི་སྲེད་པ་ལགས་ན།
རྒད་པོས་ཅི་ཞིག་བྱ།
མཚན་མོ་འདི་གཅེར་བུ་བཞིན།
འཇམ་བཅུག་བཅུག་གིས་ང་ལ་འཐམ་ན།
སུས་ང་ལ་ཟླ་མོ་ཁྲེལ་མེད་ཨི་ཟེར།
སུས་ང་ལ་ཨ་མ་པྲ་ཚེགས་ཨི་ཟེར།
ཡང་ན། རྒན་མོ་འཁྲབ་ཏོ་་་་་
འདྲེ་ཡི་སྐྲག་པ་ཁྱེད་ཕར་རྒྱུགས།
གཉིད་ཀྱི་གཏི་མུག་ཁྱེད་མར་སྡོད།
ངའི་སྒེར་སེམས་འདི། ངའི་རང་གཅེས་འདི།
དོ་དགོང་གི་ངའི་དགའ་རོགས་ཡིན།
མཚན་ལས་ཀྱི་ལག་ཡོང་ཡིན།
ང་ཁྱེད་ལ་དགའ།
བསམ་ཚུལ་ཕྲིས།