རྒན་མེ་འོད་ཀྱི་མུ་འབྲེལ་སྙན་ངག་རིང་མོ།
རྩོམ་ཡིག་འདི་ཐེངས་ 1747 བཀླགས་འདུག
ལྷ་དང་དྲང་སྲོང་གི་ཟློས་གར།
རྩོམ་པ་པོ། མེ་འོད།
ལེའུ་དང་པོ།
ལོ་འདབ་ལྗང་ཁུའི་རྐང་སྟེགས་ཕྲེང་བ་ལས།།
སྤྲིན་གྱི་ཕོ་བྲང་མགྲིན་པའི་རྒྱན་དུ་བླངས།།
དྲི་ཟའི་བུ་མོར་འགྲོགས་པའི་སྐལ་བཟང་རྩེར།།
འདོད་པའི་མེ་ཏོག་མཛེས་མོ་རྒྱན་དུ་བཏགས།།
ལྷ་ཆེན་ཁྲོས་པའི་ཁ་རླངས་དུག་གི་ཆར།།
ནགས་ཀྱི་དྲང་སྲོང་ཁྱིམ་དུ་ཕབ་པ་ལས།།
སྔགས་ཀྱི་མཚོན་ཆ་རྩུབ་མོ་མཁའ་ལ་འཕངས།།
འདོད་པའི་རྒྱལ་མཚན་བཅད་པའི་ཕམ་ཉེས་བྱུང་།།
འགྱོད་པའི་དབུགས་དང་ངོ་ཚའི་མཚམས་སྤྲིན་འཐེན།།
བཤགས་པའི་རྡུལ་དམར་ཡང་ཡང་མཆོད་ན་ཡང་།།
རྫུན་འཕྲུལ་རྩལ་གྱི་རྣོ་ཁ་ཟད་པས་ན།།
དམ་བཅའི་རི་བོ་སྐད་ཅིག་འགྱེལ་བ་ལས།།
དྲང་སྲོང་རྒད་པོའི་རྐང་པ་ཕྱག་གིས་བཏེགས།།
བྲམ་ཟེའི་དགའ་མ་བགྲོད་པའི་ལམ་བུ་ལ།།
བརྒྱ་བྱིན་རྣམ་ཤེས་འཁྱུད་པའི་གསང་བ་སྦས།།
སྒོམ་ཆེན་ཆོ་ག་ཟབ་མོའི་བཙན་ཐབས་ཀྱིས།།
མི་སྡུག་རི་མོ་སྟོང་ཕྲག་ཧར་གྱིས་བྲིས།།
ངོ་མཚར་གཏམ་རྒྱུད་ལྷ་ཡི་ཞིང་དུ་གྲགས།།
མི་སྡུག་བཤད་ཡམས་འཇིག་རྟེན་འདི་ན་ལྷག།
ལེའུ་གཉིས་པ།
གཙང་མའི་ལྗོངས་ཀྱི་ལྷ་ཚོགས་ཀྱི།།
སྤྱི་བོར་འདབ་མ་མཛེས་བྱེད་པ།།
ཚངས་པ་ཏིང་འཛིན་གཉིད་ལ་རོལ།།
ལྷ་མིན་སྟོབས་ཀྱི་དྲག་དཔུང་ལ།།
རྒོལ་བྱེད་ཟུངས་བཅུད་ཉམས་པ་ན།།
བདག་པོའི་མཚན་ནས་ཡང་ཡང་བོས།།
སྣ་ཚོགས་མཆོད་པས་དགྱེས་བྱས་ཀྱང་།།
བྱེད་པོ་གཉིད་ཀྱི་གཏིང་ལ་ལྷུང་།།
རོལ་མོའི་སྐད་སྒྲ་ཤུགས་ཀྱིས་བཀྲོལ།།
ཞུ་འབོད་དབྱངས་རྟ་འགག་པ་ན།།
ལྷ་དག་སྐྱོ་བའི་མུན་པས་བཟུང་།།
འུ་ཐུག་ཐབས་ཀྱི་རྫུ་འཕྲུལ་ལས།།
འོད་ཀྱི་ཐིག་ལེ་རེ་རེ་བསགས།།
སྔོན་མེད་མཛེས་མའི་རྒྱན་གྱུར་བ།།
ཐིག་ལེ་མཆོག་མ་རྩལ་གྱིས་བསྐྲུན།།
གཡོ་སྒྱུ་མཆོད་པའི་མེ་ཏོག་དང་།།
རེ་བའི་ལྷག་མ་འགྲུབ་ཕྱིར་དུ།།
ཚངས་པའི་ཞབས་ཀྱི་དཀྱིལ་འཁོར་ལ།།
ཐིག་ལེ་མཆོག་མས་ཕྱག་བྱས་ཏེ།།
འདོད་ལྷའི་སྦྲང་རྩིའི་མདའ་མོ་འཁྱིལ།།
ཏིང་འཛིན་བསྐལ་བའི་རི་བོ་ཆེ།།
ག་ལེར་འགུལ་ཞིང་ཞིག་གྱུར་ནས།།
ལྷ་མོའི་གདོང་གི་དགའ་ཚལ་ལ།།
ཚངས་པའི་སྤྱན་ཟུང་ཟླ་བ་ལྷུང་།།
ཆགས་པའི་ཀུན་ད་ཡུད་ཀྱིས་གྲོལ།།
དམ་བཅའི་རྩ་མདུད་ལྷོད་པ་དང་།།
ཚངས་པའི་སྡོམ་པ་མེ་ལ་ཤོར།།
ཐིག་ལེ་མཆོག་མ་བདག་ཏུ་བྱས།།
ལྟ་འདོད་ཡིད་ཀྱི་རྒྱ་མཚོ་ལས།།
རྗེས་ཆགས་གདོང་གི་དཀྱིལ་འཁོར་རྒྱས།།
སྲེད་པའི་སྒྱུ་འཕྲུལ་ཟླ་བ་ལྔ།།
རིམ་གྱིས་ཤར་བའི་འབྲས་བུ་ལ།།
མིག་ནི་བཅུ་གཉིས་སྐར་ཚོགས་ཀྱིས།།
ལྷ་མོའི་མཐའ་ནས་ཡང་ཡང་བསྐོར།།
དབང་ཕྱུག་ངོ་ཚས་དྲག་ཏུ་བསྲེགས།།
ཁྲོ་བའི་སེན་མོ་མཚོན་རྣོན་གྱིས།།
སྟིང་གདོང་སྦྲུལ་མགོ་དམ་སེ་བཏུབས།།
ལྷ་ཡུལ་མ་ལུས་གཅིག་ཏུ་འདར།།
ཨུ་མའི་སྐྲ་བདག་བཙོན་ལ་ཚུད།།
མི་སྡུག་དུར་ཁྲོད་གནས་སུ་བརྟེན།།
ལེའུ་གསུམ་པ།
དྲང་སྲོང་སྤྲུལ་བ་མེ་ལོང་གས་ཁ་ཅན།།
མགྲིན་བཅུའི་ཧམ་པ་ཁྲག་གི་རྐང་ལག་རིང་།།
དབང་ཕྱུག་མཆོད་པའི་མེ་ལྕེ་ལམ་ལམ་ལས།།
བ་དང་རྟ་དཀར་ཁྱུ་ཡི་ཚེ་སྲོག་འབར།།
བར་སྣང་སིན་ངྷ྄ུ་ར་ཡི་རྡུལ་གྱིས་སྦགས།།
འཆི་མེད་བདུད་རྩི་ཐོབ་འདོད་རི་གཟར་ལས།།
གློ་བུར་ཆུ་དང་རྦབ་རྡོ་ཤུགས་ཀྱིས་འགྲིལ།།
ལྷ་ཆེན་སྙིང་གི་ཁང་ཆེན་རྫོགས་ཤུལ་ཏུ།།
མཆོད་པའི་ལན་དུ་གཡོ་སྒྱུའི་དུད་ཞགས་བསྡུས།།
དད་པའི་ལན་དུ་མི་སྡུག་སྦྱོར་བ་བརྩམས།།
གདུལ་བྱ་བསླུ་བའི་ཆོ་འཕྲུལ་ལས་ལ་བྱང་།།
དབང་ཕྱུག་མཆོད་པའི་ཉེས་པ་གསལ་དུ་བྲིས།།
ལྷ་ཡུལ་དག་པའི་འོད་ཀྱི་མདངས་བཟང་མཛེས་པའི་མེ་ཏོག་དྲི་ལྡན་པ།།
སྐད་ཅིག་ཉམས་བྱེད་གཡོ་སྒྱུའི་ཁ་མཆུ་མཆོད་པའི་ཁྲག་དང་གཅིག་ཏུ་འདྲེས།།
དུག་ཆེན་འཁོལ་བའི་ཆུ་རྒྱུན་ནག་པོ་འཆི་བདག་ཞགས་པ་ཁྲལ་ལ་འཕངས།།
སྟོབས་ཀྱིས་ཁེངས་པའི་ཐོག་མའི་རྟ་མགོ་ཟད་མཐའི་ཁམས་སུ་བཙན་གྱིས་བཏགས།།
ཚངས་པ་ཆགས་པའི་རླབས་ཀྱི་ཕྲེང་།།
ལྡེམ་ལྡེམ་གཡོ་བའི་ཆུ་གཏེར་ལས།།
སྒེག་ལྡན་གླུ་མ་གར་དུ་རྩེན།།
ངག་དབང་ལྷ་མོ་ངག་གི་དཔྱིད།།
སྙན་ཚིག་རིག་བྱེད་འདྲེན་པ་མོ།།
ལྕེ་ལ་དངོས་གྲུབ་སྩོལ་མཛད་མ།།
དེ་རིང་ལམ་གྱི་མཐའ་ལ་ལྷུང་།།
དབང་ཕྱུག་བྲན་དུ་གྱུར་བ་མོ།།
གཡོ་སྒྱུའི་ལྕེ་ཡི་མངལ་དུ་ཞུགས།།
ཚུལ་མིན་གཏམ་གྱི་གཅིན་སྐྱག་གཉིས།།
མགྲིན་བཅུའི་ཁ་ལ་གཅིག་ཏུ་དོར།།
རེ་བའི་སྦྲང་རྩི་སླད་པ་མོ།།
བསླུ་བའི་གཡང་ལ་དྲག་ཏུ་མཆོངས།།
ལྷ་མོས་རང་གི་དམ་བཅའ་བརླགས།།
གཤིས་ཀྱི་གངས་རི་གློ་བུར་ཉམས།།
ད་ནི་མི་འཆིའི་དངོས་གྲུབ་ཐོབ་སོང་ཞེས།།
སྲིན་རྒྱལ་འཁྲུག་པའི་རྨོངས་དད་ནགས་ཀློང་ན།།
དགའ་བའི་འུག་ཆུང་སྐད་སྒྲ་ཡང་ཡང་བསྒྲགས།།
ལྷ་ཆེན་རྐང་པ་རང་གི་མགོ་ལ་བརྩེགས།།
འཆི་བདག་གཅེས་པའི་གྲོགས་སུ་འབོད་པ་བཞིན།།
དབྱངས་ཅན་ལྷ་མོ་འགྱོད་གདུང་མཚོ་ལ་ལྷུང་།།
ལྷ་ཆེན་དབང་ཕྱུག་དྲེགས་པའི་རི་ལ་ཞུགས།།
སྲིན་པོའི་རྒྱལ་པོ་མུན་པའི་ཞིང་དུ་འཁྱམས།།
དྲང་སྲོང་སྐྱོ་བའི་མཆི་མ་སེམས་ལ་ཟགས།།
ལེའུ་བཞི་པ།
རྒྱ་མཚོའི་གོས་ཅན་མཛེས་བྱེད་པ།།
ཟླ་བའི་མ་མའི་དཀྱིལ་འཁོར་ལས།།
རི་བོང་ཅན་མ་ཕམ་བྱེད་ཅིང་།།
པད་མའི་མདངས་ཀྱང་ཟིལ་གནོན་པ།།
རོལ་རྙེད་མ་ནི་རྣམ་པར་འཛུམ།།
ས་གསུམ་འགྲོ་བའི་ཡིད་འཕྲོག་མ།།
འཛིན་མའི་རྒྱན་དུ་རོལ་བ་ན།།
གྲགས་པའི་དྲི་ངད་རླུང་ལ་ཞོན།།
གྲོང་དང་གྲོང་ཁྱེར་རྒྱུ་བ་ལས།།
དྲང་སྲོང་བསྟི་གནས་དམ་དུ་འཁྱུད།།
ཡིད་ཀྱི་ལྷ་ཚོགས་འདྲོགས་པ་དང་།།
སཱི་ཏཱའི་མིང་གི་ཡིག་འབྲུ་དག།།
སྒོམ་པའི་མཁའ་ལ་ལེགས་པར་བྲིས།།
དབྱངས་ཅན་མ་ཡང་རྒྱང་དུ་བྲོས།།
ཚངས་པའི་དཔལ་ནི་དལ་གྱིས་འདར།།
སྐབས་གསུམ་གྲོང་གི་བདག་མོའི་ཚོགས།།
དོག་མོའི་ཕྲག་གི་ཟླ་བ་རྙིངས།།
སྒེག་པའི་གློག་གི་དྲ་བ་ཆད།།
ཁེངས་པའི་སྐར་ཚོགས་ས་ལ་འཐོར།།
ཁྱབ་འཇུག་རུམ་གྱི་དཔལ་མོ་དང་།།
བརྒྱ་བྱིན་ཕྱག་གི་བདེ་སོགས་མ།།
གློ་བུར་རྒས་པའི་རི་མོ་གསལ།།
སཱི་ཏཱའི་ལང་ཚོའི་ཟིལ་མངར་ལ།།
རོལ་འདོད་བུང་བའི་མཆུ་ཡང་འགུལ།།
འཛམ་གླིང་མཛེས་མའི་དགའ་ཚལ་དཔྱིད།།
རྐུ་འདོད་ལག་པ་རྒྱང་ནས་བསྲིངས།།
འོད་ཀྱི་ཐིག་ལེ་སྐད་ཅིག་འཚིག།
ལྷ་མིན་འཕྱ་བའི་ཅ་ཅོ་བསྒྲགས།།
ངོ་ཚའི་སྤྲིན་པ་གོས་སུ་བྱས།།
རེ་ཞིག་རང་གི་ཉེས་པ་བཀབ།།
སྲོད་ཀྱི་དམར་མདངས་རྒྱན་དུ་བཞེས།།
ཆུ་སྐྱེས་འདབ་མ་ཟུམ་འདོད་ཀྱིས།།
མཚན་མོའི་རྐང་བ་ཐུར་དུ་འཕྱང་།།
ར་གྷུའི་བུ་ཡི་ཕྱག་ཟུང་དེ།།
འོད་ཀྱི་དཀྱིལ་འཁོར་འཛུམ་པ་ལས།།
བརྩེ་བའི་ཆབ་ཀྱི་རྫིང་བུ་འཁྱིལ།།
དྲང་སྲོང་མཐུ་ཡི་སྐྱེད་ཚལ་དབུས།།
སཱི་ཏཱའི་ལང་ཚོ་གྲོལ་བ་དང་།།
གྲགས་པ་ལྷ་ཡི་ཞིང་ལས་བརྒལ།།
མཛེས་པ་རཱ་མའི་ཁམས་སུ་སྨིན།།
ལེའུ་ལྔ་པ།
ཉམས་དགའའི་སྐྱེད་ཚལ་རི་བོ་གངས་ཅན་གནས་བདག་ཕོ་མོ་ཟུང་ལ་དབང་།།
མི་ཟད་འདོད་ཆེན་དྲག་ཏུ་འཁྲིགས་པའི་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་ལས།།
མཛེས་པའི་མཛེས་པ་ནོར་བུའི་མེ་ཏོག་གངས་རིའི་ལྷ་མོ་ཨུ་མ་འཁྲུངས།།
ཚངས་པའི་བུ་རྙེད་དཀྵའི་སྲས་མོ་ལྷ་ཆེན་ཕྱིར་དུ་མེ་ལ་མཆོངས།།
སྔོན་གྱི་རྣམ་ཤེས་འདི་ལ་འཕུར་བ་སྔོན་བསགས་གཤོག་པའི་སྟོབས་ཡིན་ནོ།།
དྲང་སྲོང་ནཱརདའི་ལུང་བསྟན་མེ་ལོང་ཨུ་མའི་གདོང་གི་དཔལ་དུ་བལྟམས།།
བདེ་བྱེད་བདག་པོའིེ་ཆུང་མར་འགྱུར་བའི་དམ་བཅའི་རི་མོ་ལམ་ལམ་བཀྲ།།
ཡབ་ཀྱི་བཀའ་བཞིན་མགྲིན་སྔོན་མཆོད་ཕྱིར་པཱརྦཏཱི་ནི་གར་ལ་ཞུགས།།
ལྷ་ཆེན་ཆུང་མ་ས་ཏི་འདས་པས་སྐྱོ་གདུང་མུན་པའི་འོབས་ལ་ལྷུང་།།
འདོད་པའི་ཡོན་ཏན་དུག་ལྟར་སྤངས་ནས་ཏིང་འཛིན་རོ་ལ་གཅིག་ཏུ་ཆགས།།
དེ་ཚེ་ཨུ་མས་འདོད་པའི་ཉམས།།
མཆོད་པའི་རྫས་བཅས་ཕུལ་ན་ཡང་།།
བཀའ་ཐུབ་ལྕགས་ཀྱི་སྒོ་ཆེན་ནི།།
འབྱེད་པའི་སྐལ་བ་ཐོབ་མ་ཡིན།།
ཞི་བའི་དཔལ་གྱིས་བཟི་བ་འམ།།
དྲན་གདུང་རི་བོས་མནན་པ་ཡིན།།
ལྷ་ཆེན་སྒུལ་བའི་སྟོབས་རྩལ་དེ།།
ཨུ་མའི་ལུས་ལ་མ་རྙེད་དོ།།
ཚངས་པས་གཏད་པའི་དྲག་རྩལ་དེ།།
སྲིན་པོ་ཏ་ར་ཀ་ལ་ཐོབ།།
བརྒྱ་བྱིན་སྲིན་པོའི་གཡུལ་ལས་ཕམ།།
མེས་པོའི་གྲོང་ཁྱེར་སྐྱབས་ཡུལ་བྱས།།
ལྷ་ཚོགས་ཉེན་པའི་སྐྱོ་གར་འཕྱོ།།
སྐྱོབས་པའི་ཐུབ་པ་མ་དམིགས་སོ།།
འུ་ཐུག་ནམ་མཁའི་དཀྱིལ་འཁོར་ལ།།
རེ་བའི་མགོན་པོ་གསར་དུ་བཞེངས།།
ལྷ་ཆེན་དང་ནི་ཨུ་མ་གཉིས།།
ལྷན་གཅིག་འདུས་པའི་བུ་ཚ་དེ།།
སྲིན་པོའི་གཤེད་དུ་ལྷ་ཡིས་བསམ།།
བརྒྱ་བྱིན་གཡོ་སྒྱུའི་ཐབས་ལ་ཞུགས།།
དབང་ཕྱུག་ཡིད་ཀྱི་རི་བོ་ཆེ།།
གཡོ་བར་བྱེད་ཕྱིར་འདོད་ལྷ་མངགས།།
གངས་ཀྱི་སྲས་མོ་བདེ་འབྱུང་ལ།།
མཆོད་ཕྱིར་ཡང་ཡང་མཐའ་ནས་བསྐོར།།
ཆགས་པའི་བུ་ག་བརྡོལ་བའི་ཚེ།།
སྐད་ཅིག་ཚེར་མའི་མདའ་ཡང་གཏད།།
བར་མའི་མིག་གི་གས་སྲུབས་ལས།།
ཁྲོས་པའི་མེ་ལྕེ་འབར་བ་དང་།།
འདོད་ལྷ་བསྲེགས་ནས་ཐལ་བར་བཏང་།།
ཨུ་མའི་རེ་བ་མཇའ་ལྟར་ཡལ།།
ལྷ་ཚོགས་སྐྱོ་བའི་གཡང་ལ་ཟགས།།
ཨུ་མའི་འདོད་པ་འགྲུབ་ཕྱིར་དུ།།
དཀའ་ཐུབ་ལས་ལ་བརྩོན་པས་ཞུགས།།
ཆགས་པའི་དད་པ་དྲག་པོ་ཡིས།།
དབྱར་ལ་མེ་བཞིའི་ཚ་བ་བསྟེན།།
ཆར་དུས་དྲག་ཆར་རླུང་འཚུབ་སྒོམ།།
དགུན་ལ་ཁ་ཆར་བཙག་བསེར་འགམ།།
ཉི་ཟླའི་འོད་དང་ཆར་ཐིགས་ཙམ།།
ཟས་སུ་བསྟེན་ནས་འཚོ་བར་འབད།།
ལྷ་མོའི་མི་འགྱུར་བརྩེ་དུང་གིས།།
དབང་ཕྱུག་འཚིམས་ནས་མྱོས་ཤིང་བཟི།།
འདོད་པའི་རེ་བ་འདོད་པས་བཞེས།།
ཨུ་མ་རང་གི་བག་མར་བསུས།།
དགའ་མར་བྲལ་བའི་སྐྱོ་གདུང་སངས།།
ཁྱིམ་གཞིས་གསར་བ་བསྐྱར་དུ་བཟུང་།།
འདོད་ལྷའི་སྟོབས་ཀྱིས་མ་ཐུལ་བ།།
ལྷ་མོ་སྟོང་གི་སྒེགས་ཉམས་དང་།།
མཛེས་མ་འབུམ་གྱི་འདོད་ཉམས་ཀྱིས།།
ཅུང་ཟད་ཙམ་ཡང་མ་བསླུས་པ།།
རལ་བ་མཛེས་པའི་རྒྱན་གྱུར་བ།།
ཟླ་བ་ས་ལ་གཡུག་ཕོད་པའི།།
བདེ་འབྱུང་ཨུ་མས་དམ་དུ་བཟུང་།།
དབང་ཕྱུག་འཁྱུད་པའི་འཁུན་སྒྲ་ཡིས།།
དྲང་སྲོང་རྨི་ལམ་ཡང་ཡང་དཀྲོགས།།
བྲམ་ཟེ་རང་གི་ཆུང་མ་ལ།།
སྤྱོད་པའི་སྐལ་བ་རྗེད་བྱེད་པ།།
ཨུ་མའི་འདོད་པའི་སྒྱུ་རྩལ་ལ།།
ཆགས་པའི་ཡིད་ནི་བཙོན་དུ་ཚུད།།
དགའ་མ་མཆན་དུ་འཛིན་མཁས་པ།།
ལྷ་ཆེན་ལྷ་མོའི་རུམ་དུ་གཉིད།།
ལྷ་ཚོགས་འབོད་པའི་སྒྲ་མཐོ་ཡང་།།
ལྷ་ཡི་རྒྱལ་པོས་མ་ཐོས་པས།།
ལྷ་ཡུལ་སྲིན་པོའི་གཡུལ་ས་བྱས།།
མེ་ལྷའི་མངལ་གྱི་པད་ཚལ་ལ།།
བདེ་འབྱུང་ཁུ་བའི་ཐིག་ལེ་དྲངས།།
གངྒཱའི་ཆུ་ལ་ཤུགས་ཀྱིས་མཆོངས།།
སྨིན་དྲུག་ལུས་ལ་ཐིམ་པ་ལས།།
ལྷ་སྲས་གཞོན་ནུ་གདོང་དྲུག་འཁྲུངས།།
ལྷ་ཡི་དམག་དཔོན་ཁྲི་ལ་བཀོད།།
སྲིན་པོའི་དཔུང་ཚོགས་དྲུང་ནས་བཅོམ།།
ལྷ་ཡུལ་རེ་ཞིག་ཞི་བྱེད་པ།།
ལྷ་ཡི་སྲས་པོ་གྲགས་པ་འབར།།
འདོད་ལྷའི་གཞུ་ཆེན་རྩེ་ནས་གུག་ཅིང་མེ་ཏོག་མདའ་ཡིས་མ་ཟིན་པ།།
དགའ་བྱེད་མ་དང་དཔྱིད་དཔལ་ལྷ་མོའི་ཆགས་ཉམས་བཙན་པོས་མ་དུབ་པ།།
ཨུ་མའི་འདོད་ཆེན་དད་པའི་མཆོད་པ་བཀའ་ཐུབ་སྒེག་པའི་ནས་ཆང་གིས།།
ཡོངས་སུ་བཟི་བའི་ལྷ་ཡི་མངའ་བདག་ལྷ་མོའི་སྐྲ་ལ་དམ་དུ་འཐམ།།
ད་དུང་ལེའུ་ཕྱི་མ་འགའ་འབྲི་འཆར་ཡོད…
བསམ་ཚུལ་ཕྲིས།