སྙིང་མིག་གི་སྙན་ངག་གསར་པ་བཞི།
རྩོམ་ཡིག་འདི་ཐེངས་ 1575 བཀླགས་འདུག
རི་མོ་མདོ་སྡེ་སྙན་ངག
<<སྙན་ངག་པ་སྙིང་མིག>>
སྤྲིན་དང་ཆུ་བོ་གང་ཡིན་ཆ་མ་ཆོད།།
ཁྲུང་ཁྲུང་རྣམས་ཀྱང་རེ་ཞིག་རི་སྟེང་བསྙེགས།།
དམར་མདངས་འཁྱུད་པའི་ཉི་མ་ནུབ་ལ་ཉེ།།
སྐྱོ་གར་རིང་མོའི་ལོ་ཟླ་གང་དུ་འདས།།
ཀོ་གྲུ་འཕྱན་པའི་རླུང་བུ་གང་དུ་འགྲོ།
བདག་གི་རྩྭ་ལྗང་ལོ་མ་གང་དུ་སྤུར།།
སྨུག་པ་ཁྱ་ཁྱུ་ཡན་པའི་རྫ་ལམ་འདི།།
མེས་པོ་གང་ཞིག་རྣམ་ཤེས་འཕུར་བའི་ཤུལ།།
མིག་སྔུན་འཁྱིལ་བའི་ལྷ་ཁང་ཁེ་རུ་མས།།
གདུང་བའི་གཡེར་ཁ་བསྐལ་བ་དུ་མར་འཁྲོལ།།
ཟླ་འོད་ལུས་པོར་བྱིལ་བའི་མི་རྐྱང་ང་།།
སྐར་མདའ་ཆད་པའི་མིག་ཆུ་ཡིད་ལ་བྱོ།།
ད་ནི་ཉི་འོད་གཙང་པོའི་ཁ་ངོར་འཐེན།།
རྒྱང་ནས་གྲག་པའི་རོལ་དབྱངས་རྣ་བར་ལྷུང་།།
མུན་པ་ཁད་ཀྱིས་འོང་བའི་ས་སྲོས་སུ།།
ཨ་རག་པི་ཙི་གང་འདི་ཧུབ་འཇང་བྱ།།
༢༠༢༠/༤/༡༣ གསོན་ཉམས་དོད་པའི་རི་མོ་འདི་མཐོང་བ་དང་ཐད་ཀར་ཡི་གེར་བཏབ། ཡིག་ནོར་ཡོད་སྲིད་དོ།
བན་ཆུང་རྡོག་བྲོ།
རྐང་པ་རྐྱོང་ན་རྡོག་སྒྲ་ས་ལ་འཐེན།།
ལག་པ་སྐུམ་ན་ཆོབ་སྒྲ་གནམ་ལ་མཐུད།།
ཡུལ་འདིའི་གཞི་བདག་རྫུས་བུ་ཡིན་པ་འདྲ།།
བན་ཆུང་དེ་གཉིས་ཡེ་གཤེན་ལྷ་ཡིས་སྲུངས།།
མི་ལ་རས་པ་བྲག་རིའི་ཕུག་ལ་ཡོད།།
གླུ་དང་མགུར་མ་རྒྱ་ལམ་ནང་ལ་རེད།།
ཚངས་དབྱངས་རྒྱ་མཚོའི་ནག་མོའི་རུམ་ལ་ཡོད།།
གཞས་དང་ཞབས་བྲོ་མི་ཚོགས་ཁ་ལ་རེད།།
སྒྲུང་དང་ལྡེ་འུས་རྒྱལ་པོའི་སྲིད་ཀྱང་གཉེར།།
ཤགས་དང་མཆིད་ཀྱིས་བློན་པོའི་ཇུས་ཀྱང་འདིང་།།
མ་གཞི་གར་ལ་དགའ་བའི་མི་རིགས་འདི།།
རི་བོ་མཐོན་པོ་དེ་ཡི་རྩེ་ལ་རེད།།
ཇ་ཞིག་འཐུང་ན་རྫི་ལི་གང་དང་དོ།།
ཟས་ཤིག་ཟ་ན་ཤ་ཁོག་གཅིག་དང་གཉིས།།
སྤྱིར་བཏང་ཆེན་པོ་གཉན་པོ་བྱེད་མི་འདི།།
ནགས་ཚལ་མཐུག་པོའི་དེ་ཡི་ནང་ལ་རེད།།
གླུ་སྐད་འདི་ཡིས་བན་ཆུང་ལམ་སྣ་དྲོངས།།
རྡོག་བྲོ་ཡག་མོ་མི་ཚོགས་ཁྲོམ་ལ་སོང་།།
སེམས་པ་དག་པའི་དབྱངས་རྟ་ཁེ་རུ་མ།།
ནག་པོ་སྐྲ་ལོ་ཚང་ལ་མགོན་བླ་ཡིན།།
༢༠༡༨/༡༠/༨
གླུ་ཞིག་ཉན་ཏེ།
རྡུལ་དང་མུན་པ་ཁུར་བའི་སྒེའུ་ཡོལ་མ།།
ཁང་བདག་རྒད་པོའི་ཞིང་ཁ་སྔོ་ཚུལ་རེད།།
བྱེ་འུའི་གཤོག་པ་བཏགས་པའི་མིག་ཆུ་ཁོང་།།
གློ་བའི་སྲང་ལམ་ནང་གི་རྫི་བོ་ཡིན།།
སྡེ་འདིར་གྲོང་པ་སྟོད་སྨད་ཁ་ཁུ་སིམ།།
ཉལ་སའི་ནང་ལ་མིག་ཆུ་རྐང་རེ་ཤུམ།།
ཁོག་གི་གློ་བས་ནེམ་ཁྲི་སྒུལ་བ་ན།།
ཡི་མུག་ཕྱ་བའི་བྱེ་ཐང་བཞེངས་པར་བྱས།།
རོལ་མོའི་ཆང་གིས་བད་པའི་མྱི་ཆེན་དག།
སྲོག་གི་གཏའ་མའི་བང་སོ་མྱགས་སོང་སྐད།།
སྐུད་པའི་སྣེ་མོ་ཡི་གེས་མངག་འོང་ན།།
ང་ཡང་ས་སྒང་འདི་ནས་སྩོག་འགྲོ་རེད།།
ཞོགས་ཀར་ནམ་མཁའ་ལངས་ཤིང་ཕར་ལ་འགྲོ།
དགོང་ཀར་ས་གཞི་རུབ་ཅིང་ཚུལ་ལ་འོངས།།
རྟ་ཕོ་ཞོན་པའི་དབྱངས་གསལ་རེ་འགའ་བོ།།
གཞུང་ཡིག་ནང་གི་དཔོན་ཉམས་འདྲ་ལེ་ཨང་།།
རྐུབ་ཀྱག་ཟེ་ཡི་གླགས་རྒོད་རོག་པོ་དག།
ད་ནི་རི་ལྡེབས་བོང་བུས་མ་ཎི་དབྱངས།།
ཅོག་ཙེ་ཚོན་རིས་ཅན་གྱི་མཐའ་སྐོར་དུ།།
ཤེལ་ཕོར་དག་ཀྱང་གླུ་སྐད་འདི་ལ་ཉན།།
༢༠༡༩/༣/༢༨
ཏོག་དབྱིབས་ལས་བྱོལ། བདག་ཚོལ།
སྐྱ་མི་ཡ་ཟུང་འཇའ་དང་དགུང་ལ་ཡན།།
ལོ་དེའི་གྲོ་སོ་དགུན་ཁའི་ལོ་མ་འོ།།
ལོ་དེའི་སྙེ་མ་སྟོན་ཁའི་བ་མོ་འོ།།
ལུས་ཀྱི་བ་སྤུའི་སྐྱི་བུང་དེ་ཀ་ཙམ།།
གཡའ་རྩི་བྲུལ་བ་བང་སོའི་རྩྭ་ལྡུམ་མོ།།
མཁར་རོ་ཉིལ་བ་རྒོངས་མོའི་ཡི་མུག་གོ།
ཝུ་སྙིགས་བྱུག་པའི་ཅོ་ཏོ་སེ་བོ་རེད།།
སྦང་མ་ཉལ་བའི་ལྭ་བ་ཐད་ཏོ་རེད།།
ནམ་ཟླ་དེ་ག་ཡམས་ཀྱི་སྨུག་པ་འོངས།།
ནམ་ཟླ་དེ་ག་རིམས་ཀྱི་རླུང་བུ་འོངས།།
ལྷ་རྗེའི་ཁུག་མ་རི་དྭགས་ལྤགས་པ་འོ།།
རས་ཀྱི་དོར་མ་ཁ་ཡི་སྣམ་བུ་འོ།།
ད་ནི་འུ་ཅག་བསྐལ་བ་བཟང་ངོ་ཨ།།
རྩྭ་ལྡུམ་འཁྱིལ་བའི་སྤྱིལ་བུ་གང་དུ་བཞུགས།།
རང་བྱུང་ཕུག་པའི་གཞལ་ཡས་གང་དུ་བཞུགས།།
རེ་ཞིག་རི་ཁྲོད་མ་ཎི་པདྨེ་ཧུང་།།
ཞི་བ་ལྷོད་པ་ཏིང་ངེ་འཛིན་ལ་འོ།།
བདག་ཀྱང་གར་འདུག་བདག་ཀྱང་གར་འགྲོ་འོ།།
༢༠༢༠/༣/༡༥
བསམ་ཚུལ་ཕྲིས།