སྣང་བྱེད་ཉི་མའི་བུ་རྒྱུད་ལ་ཆེད་བྲིས་སྙན་ངག

རྩོམ་ཡིག་འདི་ཐེངས་ 777 བཀླགས་འདུག

<གདངས་ཀྱི་གུར་ཁང་བསློག་པ།>
མགར་ཐང་དཀར། མཚོ་ལྷོ་འབའ་རྫོང་།

གླུ་སྐད་དེ
ཁོམ་ལོངས་ཀྱི་འོ་ཇའི་ཚབ་དུ་བཞེས་ཆོག་ལ
ངལ་གསོ་ཡི་རིན་དོད་མང་ཙམ་གདའ
གླུ་སྐད་དེ
སྙན་ངག་གི་བྱུང་བའི་ཞར་ནས་རོལ་ཆོག་ལ
ཐ་སྙད་ཀྱི་རོལ་རྩེད་ལ་འཁྱུག་ཙམ་འཕྲད
གླུ་སྐད་དེ
ཁོ་བོ་དང་ཁོ་མོའི་དུང་བར་བསླེས་ཆོག་ལ
བརྩེ་དུང་གི་ཟིན་བྲིས་རྒྱ་མར་འཇལ་ཆོག
གླུ་སྐད་དེས
དབྱངས་ཀྱི་ལྷ་མོ་གམ་དུ་བསུ་ཐུབ་ལ
དུང་བའི་གོས་ཆེན་ཁུད་དུ་གདངས་ཀྱི་སྦྲང་ཆར་འཇོ་བར་བྱེད
ཡང་གླུ་སྐད་དེས
ཞེ་སྣང་བར་མདུད་པ་རྒྱག་ཐུབ་ལ
ཚོར་བའི་གུར་ཁང་ལ་གསེར་གྱི་གདུང་མ་འཇོག་ཐུབ
མདོར་ན་གླུ་སྐད་དེས
ས་ཆེན་གྱི་སྙིགས་མ་གཞོམ་པར་བྱེད་ཅིང
ཆུ་ཆེན་གྱི་རླབས་ཕྲེང་གཡོ་བར་བྱེད
གླུ་སྐད་དེ་ནི
ཉི་མ་དང་ཟླ་བའི་ཕོ་བྲང་ན་སྐྱོམ་པའི་དབྱངས་ཀྱི་གཤོག་པ་ཡིན་ལ
ལྷ་ཡུལ་དང་མི་ཡུལ་ཀུན་ན་རྒྱུ་བའི་གདངས་ཀྱི་གར་སྟབས་ལགས
2019/4/23 ཟུར་ཞུ། འཛམ་གླིང་དཔེ་ཀློག་ཉིན་མོ་དང་བསྡོངས་ནས་རང་དང་ཕ་ཡུལ་གཅིག་པའི་གླུ་གར་སྒྱུ་རྩལ་པ་གྲགས་ཅན་ཉི་མའི་བུ་རྒྱུད་ནམ་མཁར་ཚོར་བའི་བ་གམ་ལས་རྙེད་དེ་ཐ་སྙད་ཀྱི་ཕྲེང་བར་བརྒྱུས་པའི་རང་མོས་སྙན་ངག་འདི་མཆོད་བརྗོད་ཀྱི་ཚུགས་ག་ཙམ་དུ་མགར་མིང་བས་རྒྱ་ནག་སུའུ་ཀྲིག་གྲོང་ཁྱེར་ནས་ཆེད་དུ་སྦྱར་བར་དགེའོ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *