རྫོང་སར་མཁྱེན་བརྩེས་ལྕམ་ཨང་སན་སུ་ཅི་ལ་སྤྲིངས་པའི་འཕྲིན།
རྩོམ་ཡིག་འདི་ཐེངས་ 716 བཀླགས་འདུག
ཁ་བྱང་དངོས། ང་ཚོའི་སྤོབས་པ་འོས་པའི་ཤར་ཕྱོགས་ཀྱི་སྲོལ་རྒྱུན།
ལྕམ་ཨང་སན་སུ་ཅི་ལ་སྤྲིངས་པའི་ཕྲིན་ཡིག
རྩོམ་པ་པོ། རྫོང་སར་འཇམ་དབྱངས་མཁྱེན་བརྩེ།
སྒྱུར་བ་པོ། རྫ་ཚེ་རིང་བཀྲ་ཤིས།
རྩོམ་ཡོང་ཁུངས་བོད་ཀྱི་བང་ཆེན་དྲྭ་བ།
(2019/4/24)(སྒྱུར་བ་པོའི་གསལ་བཤད། ད་ཐེངས་གུས་པས་བསྒྱུར་བའི་རྩོམ་ཡིག་འདི་ནི་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་འབར་མའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་ལ་སྤྲིངས་པའི་སྐད་གྲགས་ཅན་གྱི་འཕྲིན་ཡིག་ཅིག་ཡིན་ཞིང་། མ་དཔེ་དབྱིན་ཡིག་ཏུ་ཡོད་པ་ཉིད་ཉེ་ཆར་རྒྱ་ཡིག་ཏུ་བསྒྱུར་ནས་མཁྱེན་བརྩེ་ཐེབས་རྩའི་འབྲེལ་ཡོད་འཕྲིན་སྟེགས་ཐོག་བཀོད་ཡོད་པ་དེ་ལ་གཞི་བྱས་ནས་རིན་པོ་སྐུ་དངོས་ལ་ཆོག་མཆན་ཞུས་པའི་ཐོག་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན།
ཁྱད་པར་དུ་རིན་པོ་ཆེས། ཆེད་དུ་འཕྲིན་ཡིག་འདི་ཉིད་རཱོ་ཧན་གྷ་ཁ་ཆེའི་མི་རིགས་ལྟ་བུ་ལ་དམིགས་པ་ཞིག་མ་ཡིན་པར་ནུབ་ཕྱོགས་པ་རང་ལ་དམིགས་ནས་བྲིས་གནང་བ་ཞིག་ཡིན་པ་དང་། འདིའི་ནང་གི་དོན་དག་འགའ་རེ་རང་རེ་བོད་པ་ཚོས་ཀྱང་ཤེས་རྟོགས་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་གསལ་བཤད་ཀྱི་ཚུལ་དུ་གསུངས་བྱུང་།
ད་དུང་རིན་པོ་ཆེས། རང་རེ་མང་པོ་ཞིག་གིས་དོན་དག་མང་པོ་ཞིག་གི་ཐོག ནུབ་ཕྱོགས་པ་ཚོས་དོ་སྣང་བསླེབས་སྐབས་གཞི་ནས་རིན་ཐང་ཡོད་པ་ལྟ་བུ་ཞིག་ཏུ་བལྟ་བཞིན་ཡོད། དཔེར་ན། དུད་འགྲོ་ཁྱི་ལྟ་བུ་ཞིག་ཡིན་ན་རང་རེའི་རིག་གཞུང་དུ་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་སེམས་ཅན་གྱི་གྲས་སུ་ཡོད་ཡོད་པ་དེ་འདྲ་ཞིག་ཡིན་ན་ཡང་། ནུབ་ཕྱོགས་ཚན་རིག་པ་ཚོས་ལོ་གཉིས་གསུམ་གྱི་སྔོན་ཙམ་ནས་གཞི་ནས་ཕལ་ཆེར་ཁོ་ཡང་སེམས་ཅན་རེད་འདུག་ཅེས་སེམས་ཅན་གྱི་གྲས་ལ་བཙུད་པ་དང་། དེ་ནས་བཟུང་མང་པོ་ཞིག་གིས་གཞི་ནས་དོ་སྣང་བྱེད་པ་ལྟ་བུ་ཞིག་རེད། དེ་ཡང་ཤར་སྤྱོགས་པ་སྤྱི་ཙམ་མ་ཡིན་པར་བོད་རིགས་ཚོ་ལ་ཡང་དེ་ལྟ་བུའི་བསམ་བློ་ཤུགས་ཆེན་པོ་འདུག་པས་དེ་དག་ལ་དོ་སྣང་ངེས་པར་དགོས་ཞེས་ལམ་སྟོན་དགོངས་ཚུལ་ཡང་ཕེབས་བྱུང་།
མཇུག་ཏུ། རྩོམ་ཡིག་འདི་བོད་ཡིག་ཏུ་བསྒྱུར་བ་ལ་བརྟེན་ནས་རིན་པོ་ཆེའི་གལ་ཆེ་བའི་དགོངས་ཚུལ་དེ་དག་བོད་སྐད་སྨྲ་བའི་ཀློག་པ་པོ་ཚོས་གང་ལེགས་མཁྱེན་རྟོགས་ཡོང་རྒྱུའི་རེ་བ་ཡོད། སྒྱུར་བ་པོས། )
བཀུར་བར་འོས་པའི་ཨང་སན་སུ་ཅི་མཆོག་ལ་གུས་གསོལ།
ངའི་སེམས་ནང་དུ་ཁྱེད་ནི་དུས་རབས་འདིའི་དཔའ་མོ་དངོས་གནས་ཡིན་ལ། ནོ་བྷེར་ཞི་བདེའི་གཟེངས་རྟགས་དང་། དེ་མིན་ཁྱེད་ལ་ཕུལ་བའི་ཆེ་བསྟོད་གཞན་པ་དེ་ཚོ་ནི་ཟ་འོག་གི་གོས་ལ་རི་མོ་ཞིག་ཕབ་པ་ཙམ་ལས་མ་འདས། རྒྱུ་མཚན་དེས། འཕྲིན་ཡིག་འདི་བརྒྱུད་ནས་ངས་གང་བཤད་འདོད་པ་ནི། ཉེ་ཆར་གྱི་ཟླ་བ་འགའ་ཞིག་ནས་བཟུང་། ཨེ་དིན་བྷི་རཱ་དང་། ཨོག་སི་ཧྥོར་ཀྲི། གྷི་ལ་སི་གྷོའུ། སྒྲབ་ལིན་སོགས་གྲོང་ཁྱེེར་དག་གིས་ཁྱེད་ལ་ཕུལ་བའི་གཟེངས་རྟགས་ཁག་ཕྱིར་བསྡུ་བྱས་པ་མ་ཟད། ཐ་ན་ཐ་ཁ་ན་ཀྲའི་སྤྱི་དམངས་ཐོབ་ཐང་གི་གཟེངས་རྟགས་ཀྱང་རྩིས་མེད་བཏང་བ་དེས་ཁོ་བོ་རྦད་དེ་ཧ་ལས་སུ་བཅུག་བྱུང་།
འདི་དག་ནི་ཁྱེད་ལ་དམིགས་ནས་ཡོང་བཞིན་ཡོད་ཅིང་། མི་རྣམས་ཧ་ལས་སུ་བཅུག་པའི་བྱེད་སྟངས་འདི་དག་གིས་འགེབས་གཡོགས་སྤུ་ཙམ་མེད་པའི་ཐོག་ནས་ཁོང་དག་གི་ཚད་གཞི་མི་འདྲ་བ་གཉིས་དེ་གསལ་བོར་མཚོན་ཡོད། སྲིད་འཛིན་ཨོ་བྷ་མས་སྲིད་འཛིན་ལས་ཁུར་བླངས་ནས་ཟླ་བ་བརྒྱད་ལས་མ་ལོན་ཞིང་། བྱས་རྗེས་གང་ཡང་མེད་པའི་སྐབས་དེར་ནོ་བྷེར་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། དེ་འདྲ་ཡིན་དུ་ཆུག་མོད། རྗེས་སུ་ཁོས་མི་མེད་གནམ་གྲུས་འཇབ་རྒོལ་དང་འགད་གཏོར་བྱས་ཏེ་དཀྱིལ་ཤར་ཡུལ་གྲུའི་མི་སེར་དཀྱུས་མ་ཁྲི་སྟོང་མང་པོ་སྲོག་དང་བྲལ་བར་བྱས་པ་རེད། འོན་ཀྱང་ཁོ་ལ་སྤྲད་པའི་གཟེངས་རྟགས་ཕྱིར་འཕྲོག་དགོས་པའི་ཆ་རྐྱེན་འདོན་མཁན་གྱི་མི་སུ་ཡང་བྱུང་མེད།
ལར་ནས་ཕྱི་ཚུལ་གྱི་འོག་ཏུ་གབ་ནས་ཡོང་བཞིན་པའི་གཟེངས་རྟགས་ཕྱིར་འཐེན་བྱེད་པ་ལྟ་བུའི་བཟང་རྫུའི་བྱེད་ཐབས་འདི་རིགས་ནི་མི་སེར་སྤེལ་བའི་རིང་ལུགས་ཀྱི་དུག་ལྷག་གིས་ད་དུང་ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་ཡོངས་རྫོགས་མུ་མཐུད་དེ་སྐེ་བཙིར་བཏང་ནས་གསོད་བཞིན་ཡོད་པའི་རྟགས་མཚན་དུ་གྱུར་ཡོད། ད་དུང་ཁོ་ཚོས་རང་རེ་ཨེ་ཡ་ཤའི་མི་ཚོར་སོ་སོའི་མཆོག་ཏུ་གྱུར་པའི་སྲོལ་རྒྱུན་ལ་དམན་པར་བལྟས་ནས་ནུབ་ཕྱོགས་ཀྱི་རིན་ཐང་གི་ལྟ་བ་ལ་དད་གུས་བྱེད་དགོས་པ་དང་། རྩོམ་རིག་དང་རོལ་མོ། འགྱིག་བྱེ་རིལ་ལྡད་རྒྱུ། གླང་རྫིའི་དོར་མ་རྙིང་པ་གྱོན་རྒྱུ། ངོ་དེབ་དང་ཡ་མ་ཟོན་དྲ་ཐོག་ཁྲོམ་ར་ལ་དབྱངས་ཞུགས་རྒྱུ། ད་དུང་ནུབ་ཕྱོགས་པའི་གོམས་གཤིས་དང་ལམ་ལུགས་འདྲ་མིན་ལ་ལད་ཟློས་བྱ་དགོས་པའི་བསླབ་བྱ་རྒྱག་གི་ཡོད།
ཡོ་རོབ་གླིང་གི་འཛམ་གླིང་འཁྲུག་ཆེན་གཉིས་པའི་དུས་སྐབས་ཀྱི་དམར་གསོད་ཆེན་མོ་ལ་མཚོན་ན། ང་ཚོས་དེའི་སྐོར་ཉན་པ་མང་དྲགས་ནས་རང་གི་རང་ལ་ལེ་བདའ་དགོས་པའི་ཚོར་སྣང་ཡོང་གིན་ཡོད་ན་ཡང་། རང་རེའི་ས་ཆ་འདིར་བྱུང་བའི་དམར་གསོད་ཆེན་པོ་དེ་དག་ནི་སླ་བོས་བརྗེད་པར་བྱས་ནས་ལོ་རྒྱུས་ཀྱི་སྙིགས་ཟོམ་ནང་དུ་དབྱུག་ཚར་ཡོད། དབྱིན་ལན་གྱིས་གཙོ་ཁྲིད་བྱས་པའི་རྒྱ་གར་དང་པ་ཀི་སི་ཐན་དུམ་བུ་གཉིས་སུ་བྱས་པ་ལས་གནས་ཤོར་ཡུལ་འཁྱམ་དུ་གྱུར་པའི་མི་མང་བྱེ་བ་གཅིག་དང་ས་ཡ་ལྔ་དང་། ཚེ་སྲོག་ཤོར་བའི་མི་སེར་ས་ཡ་དུ་མའམ། ཀོ་རེ་ཡ་ཕྱེད་གླིང་དང་ཝེ་ཏི་ནམ་གྱི་ཚེ་སྲོག་ཤོར་བའི་མི་སེར་དཀྱུས་མ་ས་ཡ་ལྔ་བཅས་ཀྱི་ཆེད་དུ་ནུབ་ཕྱོགས་པ་ག་ཚད་ཅིག་གིས་མྱ་ངན་ཞུ་མྱོང་ཡོད་དམ།
སྤྱི་ལོ་1964 ནས་1973 གྱི་རིང་གི་ཨ་མི་རི་ཀས་ལའོ་རྒྱལ་ཁབ་ལ་འགད་མདེལ་ཏུན་ས་ཡ་གཉིས་འཕངས་པ་དེ་སུ་ཞིག་གིས་ད་དུང་སེམས་ནང་ལ་དྲན་བཞིན་ཡོད་དམ། འདི་ནི་ཕལ་ཆེར་འཛམ་གླིང་འཁྲུག་ཆེན་གཉིས་པའི་དུས་སུ་ཨ་རིས་ཡོ་རོབ་དང་ཡ་གླིང་ལ་གཡུགས་པའི་འབོམ་གྱི་སྤྱིའི་གྲངས་ཚད་དང་མཉམ་གྱི་ཡོད། ལྟོས་བཅས་མི་འབོར་གྱི་ཆ་ནས་བཤད་ན། ལའོ་རྒྱལ་ཁབ་ནི་ལོ་རྒྱུས་ཀྱི་ཐོག་ནས་འགད་གཏོར་གྱི་གནོད་འཚེ་ཕོག་པ་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་རེད།
གཞན་ཡང་དུས་རབས་16 ནས་ 18 བར་གྱི་མི་རིགས་རྩ་མེད་དང་། ཨ་མེ་རི་ཀའི་གླིང་དུ་གཉུག་གནས་མི་རིགས་དུང་ཕྱུར་གཅིག་དང་བྱེ་བ་གསུམ་བསད་ཡོད། གྲངས་ཀ་དེས་སྔར་ཡོད་ཀྱི་མི་འབོར་ཡོངས་ཀྱི་བརྒྱ་ཆ་དགུ་བཅུ་ཐམ་པ་ཟིན་གྱི་ཡོད་ན་ཡང་། དེ་ཡང་རང་རེ་ཚོས་མགྱོགས་ནས་མྱུར་དུ་བརྗེད་ཟིན་པ་རེད། ང་ཚོ་ནུབ་ཕྱོགས་པ་མ་ཡིན་པ་ཚོར་ཡོ་རོབ་ཀྱི་བཙན་འཛུལ་བ་དེ་ཚོར་མི་འདོད་པའི་བསམ་ཚུལ་འཛིན་ན་ཆོག་པའི་རྒྱུ་མཚན་ཧ་ཅང་ཆེན་པོ་ཡོད། ཡིན་ན་ཡང་། ཁོང་ཚོས་ད་ཆ་ད་དུང་རྫིགས་ཉམས་དང་བཅས་ཡ་རབས་ཀུན་སྤྱོད་གྱི་སྐད་ཆ་མཐོན་པོ་དེ་འདྲ་བཤད་ནས་ང་ཚོར་ཚུར་སྐྱོན་འཚོལ་བྱེད་བཞིན་ཡོད།
ད་ཆ་ང་ཚོ་འདི་ཙམ་དུ་ནུབ་ཕྱོགས་ལ་ཡིད་སེམས་ཆགས་ཤིང་། ནུབ་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ལ་མགོ་འཁོར་ནས་ཡོད་པས། སྐྱོན་བརྗོད་འདི་དག་ཀྱང་ཕལ་ཆེར་ཁྱད་གསོད་དམ་ཕོག་ཐུག་གཏོང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་རེད། དེ་འདྲ་ཡིན་སྟབས། ངས་འདིར་ངེས་པར་དུ་གསལ་བཤད་དགོས་པ་ཞིག་ལ། འདི་ན་ངས་གང་བྲིས་པ་ཐམས་ཅད་ནུབ་ཕྱོགས་པས་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ལ་བཞག་པའི་རླབས་ཆེན་གྱི་བྱས་རྗེས་ཁས་མི་ལེན་པ་མིན། ནུབ་ཕྱོགས་ཀྱི་གསར་གཏོད་དང་། རྩེར་སོན་གྱི་རོལ་དབྱངས། སྒྱུ་རྩལ་དང་རྩོམ་རིག ཁྱད་དུ་འཕགས་པའི་ཚན་རིག དེ་བཞིན་དུ་གསོ་རིག་གི་ཐོད་བརྒལ་ནས་སྲིད་གཞུང་མེད་པའི་ལམ་ལུགས་སོགས་ཀྱིས་མཚོན་པའི་མཚན་ཉིད་རིག་པའི་གྲུབ་མཐའ་སྟེ། དེ་དག་ཚང་མ་མི་ཚོས་རྩེར་སོན་དུ་བསྔགས་འོས་པ་ཡིན།
ཡིན་ན་ཡང་། ཟླ་བ་འདི་དག་གི་རིང་ལ་ནུབ་ཕྱོགས་པ་ཚོས་ཁྱེད་ལ་དམིགས་པའི་རང་ཤེད་ཚ་པོས་ཚུལ་ལྡན་ཡིན་ཁུལ་གྱི་བྱ་སྤྱོད་སྤེལ་བཞིན་པ་དེ་ཚོ་མཐོང་བ་ན། དེ་ནི་ཁོ་ཚོས་ང་ཚོའི་ལུས་ཐོག་ཏུ་བཙན་འགེལ་བྱས་ནས་ད་ལྟའི་བར་དུ་རྒྱུན་འཐུད་དེ་ཡོང་བའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྒྲོམ་གཞི་དང་འཇིག་རྟེན་ལྟ་ཚུལ་གྱི་ངོ་གདོང་ངོ་མ་དེ་ཕྱི་ལ་མངོན་གྲབ་བྱེད་བཞིན་པ་ཞིག་ཏུ་ངས་ངོས་འཛིན་བྱེད་བཞིན་ཡོད། གལ་ཆེ་ཤོས་དེ་ནི། དུས་སྐབས་འདིར་ང་ཚོས་དེ་བས་ཀྱང་རང་ཉིད་ཀྱི་རླབས་ཆེ་བའི་ཤར་ཕྱོགས་ཤེས་རབ་ཀྱི་སྲོལ་རྒྱུན་དང་ཤུལ་བཞག་གི་ཆེ་མཐོང་སླར་གསོ་བྱ་འོས། མི་མང་པོ་ཞིག་ལ་གོ་ནོར་ཐེབས་ནས་ནུབ་ཕྱོགས་པའི་བཙན་འཛུལ་དང་མི་སེར་སྤེལ་བའི་དུས་རབས་དེ་ཚོ་སྔར་ནས་ཡོལ་ཟིན་པ་ཞིག་རེད་སྙམ་གྱི་ཡོད།
དེ་ཡང་ཨེ་ཤ་ཡ་དང་ཨ་ཧྥི་རི་ཀའི་གླིང་གི་རྒྱལ་ཁབ་མང་ཆེ་ཤོས་ནི་གང་ལྟར་དུས་རབས་ཕྱེད་ཀྱི་སྔོན་ལ་ཚང་མ་ཕལ་ཆེར་ཆབ་སྲིད་ཀྱི་ཐོག་ནས་རང་བཙན་ཐོབ་ཡོད། ཡིན་ན་ཡང་། དྲང་མོ་བཤད་ན། མི་སེར་སྤེལ་བའི་རིང་ལུགས་པར་མཚོན་ན། མི་སེར་སྤེལ་ཡུལ་བྱེད་སྐབས་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་ཚོ་སྔར་བཞིན་རྒྱུན་བསྐྱངས་ནས་ད་ཆའང་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱི་འཚོ་བ་ལ་ཚོད་འཛིན་བྱེད་ཀྱི་ཡོད།
དོན་དངོས་ཐོག ནུབ་ཕྱོགས་པའི་འདུ་ཤེས་འཛིན་སྟངས་དང་འཚོ་བ་རོལ་སྟངས། ཀུན་སྤྱོད་མ་ལག་གི་སིམ་འཛུལ་བཅས་ནི་འདས་པའི་དུས་དང་བསྡུར་ན་ད་ལྟའི་སྐབས་སུ་དེ་ལས་ཀྱང་གཏིང་ཟབ་པོ་དང་ཕྲ་ཞིང་ཞིབ་པ། ཉེན་ཁ་ཅན་བཅས་སུ་གྱུར་ཡོད་ལ། དཔོག་དཀའ་བའི་ཤར་ཕྱོགས་ཤེས་རབ་ཀྱི་སྲོལ་རྒྱུན་ལ་གཏན་ནས་ཆ་རྒྱུས་མེད་པར་མི་སེར་རིང་ལུགས་ཀྱི་ཤུལ་ལུས་ཀྱི་གོམས་གཤིས་རྒྱུན་མཐུད་ཀྱི་ང་རང་ཚོའི་རིག་གནས་ཀྱི་ཤུལ་དངོས་དེ་ཉིད་མུག་ཟོས་དང་རྩ་གཏོར་གཏོང་བཞིན་ཡོད།
དེ་ཡང་དཔེར་ན། ཇི་ལྟར་བྱས་ནས་རང་བྱུང་ཁམས་ལ་རྩི་བཀུར་བྱེད་དགོས་པ་དང་། རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱེད་དགོས་པ་དེ་ཚོ་ང་ཚོས་གནའ་སྔ་མོ་ནས་ཤེས་ཀྱི་ཡོད་མོད། ད་ལྟ་ང་ཚོ་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་སྒྲིག་སྲོལ་གྱིས་ཁྱུར་མིད་བྱས་ཏེ། ལམ་ལུགས་དེ་དང་མཉམ་དུ་ཁྱེར་ཡོང་བ་ནི་འདོད་རྔམ་ཆེ་བའི་ཕྱི་དངོས་པོའི་རིང་ལུགས་དང་འགྲིམ་འགྲུལ་གྱི་འཚང་ཁ། འབག་བཙོག་དང་དྲོད་ཁང་གི་རླངས་པ་གློད་གཏོང་ནས་ཐོན་ཁུངས་མྱུར་ཟད་ལ་སོགས་པ་ཡིན་མོད། གལ་ཏེ་མ་ལག་འདི་རིགས་ཀྱིས་ནུབ་ཕྱོགས་པ་ལ་བདེ་སྐྱིད་སྐྲུན་ཐུབ་མེད་པར་ད་ཆ་སའི་གོ་ལ་ཡོངས་སུ་རྩ་གཏོར་གཏོང་བཞིན་ཡོད་ན། ལམ་ལུགས་དེ་འདྲ་ཞིག་གིས་གང་འདྲ་བྱས་ནས་ཤར་ཕྱོགས་པར་བདེ་སྐྱིད་སྐྲུན་གྱི་རེད།
ཡིན་ན་ཡང་། དེ་ལྟ་བུའི་ལམ་ལུགས་དེ་རྒྱུན་སྐྱོང་གི་ཆེད་དུ་ནུབ་ཕྱོགས་པས་ཧ་ཅང་སྤོབས་པ་ཆེན་པོས་ཁོང་ཚོས་ཟེར་བའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལ་ད་དུང་ང་ཚོས་རྨོངས་ཚོད་ཀྱིས་མིག་དཔེ་ལྟ་བཞིན་ཡོད། དངོས་གནས་ཞུས་ན། ནུབ་ཕྱོགས་པས་སེམས་ཁུར་བྱ་ཡུལ་ནི་ཚད་ཡོད་པའི་མི་སྒེར་གྱི་ཁེ་དབང་ཙམ་ཞིག་རེད། མ་ཟད་མང་ཤོས་ནི་སྒོར་མོ་དང་དབང་ཤུགས་ཡོད་མཁན་གྱི་གྲས་དེ་ཚོའི་ཆེད་དུ་རེད། ཨ་རི་དང་དེ་བཞིན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་ཆེ་བའི་རྩ་ཁྲིམས་ཚང་མས་སྤྱི་ཚོགས་ཀྱི་ཁེ་དབང་སྟེ། དཔེར་ན། ལས་ཀ། གནས་སྡོད། སློབ་གསོ། སྨན་བཅོས་ཉེན་སྐྱོབ། བདེ་འཇགས་ཀྱི་བཏུང་ཆུ་བཅས་ལ་སྲུང་སྐྱོབ་བྱེད་ཀྱི་མེད།
དེ་ཡང་རང་ཉིད་ལ་ཁེ་ཕན་ཡོད་པའི་སྐབས་སུ་ནུབ་ཕྱོགས་པ་ཚོས་མངོན་སུམ་འཛེམས་མེད་དུ་ཁོ་ཚོས་འུད་སྒྲོག་ཆེས་ཆེར་བྱེད་པའི་མི་སྒེར་གྱི་ཁེ་དབང་ལ་ཡང་རྒྱབ་འགལ་བྱེད་ཀྱི་ཡོད། དེ་ཡང་ངས་འཕྲིན་ཡིག་འདི་འདྲ་ཞིག་འབྲི་བཞིན་པ་འདིའང་ང་རང་ཉིད་ཀྱིས་རང་གི་སྨྲ་བརྗོད་རང་དབང་ལག་ལེན་བྱས་པ་ཙམ་ཞིག་རེད། ཡིན་ན་ཡང་། གལ་ཏེ་ཉན་མཁན་དེ་ཚོ་བཟོད་སྒོམ་མི་ཐུབ་པ་ཡིན་ན། གལ་ཏེ་ཁོང་ཚོ་རྩོམ་པ་པོར་དམའ་འབེབས་བྱེད་མཁན་དང་། གདོན་འདྲེ་ཅན་དུ་སྒྱུར་མཁན་སོགས་ཀྱི་ཞྭ་མོ་གཡོགས་པ་ཡིན་ན། སྐབས་དེར་སྨྲ་བརྗོད་རང་དབང་ནི་མགོ་སྐོར་གཏོང་ཐབས་ཙམ་ཞིག་ཆགས་པ་རེད།
ངོ་མ་བཤད་ན། དེང་སང་གི་དྲག་ཤུགས་མང་ཆེ་བར་ཡང་རང་དབང་རིང་ལུགས་པ་ཟེར་བ་དེ་ཚོ་ཚུད་ཡོད། ཁོ་ཚོས་ཨ་རིའི་སློབ་རའི་ནང་དུ་ནམ་རྒྱུན་རྟག་པར་ཁོ་ཚོས་ཁས་མི་ལེན་པའི་ལྟ་ཚུལ་ཚང་མ་བཀག་སྡོམ་བྱེད་ཀྱི་ཡོད། ཕོག་ཐུག་གཏོང་མཁན་གྱི་ཚོགས་པ་འགའ་རེའི་ལྟ་ཚུལ་ནི་ལྷག་པར་དུ་དེ་འདྲ་ཞིག་རེད་ལ། དེ་ནི་ཟུར་ཟ་མཐར་ཐུག་པ་ཞིག་རེད། ནུབ་ཕྱོགས་ཀྱི་རང་དབང་རིང་ལུགས་པ་དེ་ཚོ་དེང་སྐབས་ཐོབ་ཐང་ངོས་ལེན་གྱི་ཆབ་སྲིད་ལ་ཨུ་ཚུགས་བྱེད་བཞིན་ཡོད་པའི་དབང་གིས་དེ་ཉིད་ཏག་ཏག་ཆབ་སྲིད་ཁ་གཏད་པ་ཚོའི་ལག་ནང་གི་རྩེད་ཆས་སུ་གྱུར་ཡོད། དེ་ཡང་གཡས་ཕྱོགས་གཡས་ནག་པ་ཡིན་པའི་སྐུ་ཞབས་སི་ཐྲི་ཧྥི་ བྷན་ནོན་Steve Bannon གྱི་སྐད་ཆ་ཞིག་སྤྱད་ནས་བཤད་ན། ཁོང་ཚོ་ནི་ཐོབ་ཐང་ངོས་ལེན་གྱི་ཆབ་སྲིད་ཐོག་བཤད་རྒྱུ་ག་ཚད་མང་ན་དེ་ཚོད་ཅིག་ངས་ཁོང་ཚོ་འཇུ་ཐུབ་ཀྱི་ཡོད་ལ། ཁོང་ཚོས་ཉི་མ་རྟག་པར་མི་རིགས་དབྱེ་འབྱེད་ཀྱི་སྐོར་གླེང་བཞིན་པའི་རེ་བ་ཡོད། གལ་ཏེ་གཡོན་ཕྱོགས་པ་ཚོས་མི་རིགས་དང་ཐོབ་ཐང་ལ་དོ་སྣང་བྱས་ནས་བསྡད་པ་ཡིན་ན། དེ་ལ་ང་ཚོས་དཔལ་འབྱོར་རྒྱལ་འབངས་རིང་ལུགས་དར་སྤེལ་བཏང་ནས་ང་ཚོས་ཁོང་ཚོ་ཐལ་བའི་རྡུལ་དུ་རློག་ཐུབ། ཅེས་པ་དེ་རེད།
མ་གཞི་ནས་ཐ་ན་ཡར་རྒྱས་ཞེས་པའི་ཚིག་འདི་ཡང་ནུབ་ཕྱོགས་མི་སེར་རིང་ལུགས་ཀྱིས་བཙན་འགེལ་བྱས་པའི་ཐ་སྙད་ཅིག་རེད། བཟོ་ལས་ཅན་གྱི་ནུབ་ཕྱོགས་རྒྱལ་ཁབ་འབའ་ཞིག་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཚད་གཞི་ཉག་གཅིག་ཏུ་ངོས་འཛིན་བྱས་རྗེས། ང་ཚོས་ནམ་ཡང་ཁོ་ཚོ་ནུབ་ཕྱོགས་པའི་ཐ་སྙད་ངན་པའི་གོ་དོན་གྱི་རྗེས་སུ་འབྲངས་ནས་ཡར་རྒྱས་གཏོང་དགོས་པར་འདོད་དགོས། ལར་ནས་ནུབ་ཕྱོགས་པ་ཚོར་མཚོན་ན། འཇིག་རྟེན་ཧྲིལ་པོ་ལ་དང་དུ་ལེན་འོས་པའི་ཁ་ཕྱོགས་གཅིག་རང་ཞིག་ཡོད་དེ། དེ་ནི་ཚང་མ་མ་རྩ་རིང་ལུགས་པ་དང་མང་གཙོ། མི་སྒེར་རིང་ལུགས་བཅས་སུ་འགྱུར་རྒྱུ་དེ་རེད། དེ་ལ་ད་བཟོད་དར་རྒྱས་ཞེས་བརྗོད་ཀྱི་ཡོད་པ་རེད། མ་ཟད། འཛེམས་ཟོན་སྤུ་ཙམ་མེད་པའི་ཐོག་ནས་དེ་ཉིད་ལག་ཆར་སྤྱད་ནས་བེད་སྤྱོད་དེ་ལས་མང་བ་བྱེད་ཀྱི་ཡོད།
དེ་དང་ཆབས་གཅིག ང་ཚོས་རང་ཉིད་ཀྱི་ལྟ་བ་དང་སྲོལ་རྒྱུན་དེ་ཉིད་དངོས་གནས་འགྲོ་བ་མིའི་རིགས་སྐྱོབ་པའི་ཐུབ་མཁན་དེ་ཡིན་ན་ཡང་། དེ་ལ་ཡར་རྒྱས་ཀྱིས་ཕོངས་པ་དང་རྨོངས་དད་ཅེས་པའི་ཁ་བྱང་སྦྱར་ཡོད། ནུབ་ཕྱོགས་པས་ང་ཚོར་ཁོང་ཚོའི་ཀུན་སྤྱོད་ཀྱི་ལྟ་བ་ལ་ཕྱག་འཚལ་དུ་འཇུག་པ་དང་མཉམ་དུ་ང་ཚོས་ཀྱང་ཤར་ཕྱོགས་ནས་བྱུང་བའི་ཤེས་རབ་སྲོལ་རྒྱུན་གྱི་དཔོག་དཀའ་བའི་ཀུན་སྤྱོད་ཀྱི་ལྟ་བ་ལ་སྣང་ཆུང་བྱེད་ཅིང་་། མི་སེར་སྤེལ་མཁན་གྱིས་འདི་དག་དང་འབྲེལ་ཐག་གཅོད་དུ་འཇུག་པ་དང་། ང་ཚོ་ལ་རིན་ཐང་འདི་དག་ལ་ཞེན་པ་ལོག་དགོས་ཚུལ་གྱི་སློབ་སྟོན་བྱས་ནས་ཁོ་ཚོ་རང་གི་རིན་ཐང་གི་ལྟ་བས་དེའི་ཚབ་བྱེད་དུ་འཇུག་གི་ཡོད།
ད་དུང་ང་ཚོའི་སྲོལ་རྒྱུན་གྱི་ནང་དུ་ཡོད་པ་གང་ཞིག ནུབ་ཕྱོགས་པ་ཁོ་ཚོས་བེད་སྤྱོད་འདུག་སྙམ་པའི་ཕྱོགས་དེ་ཚོ་ད་ཆ་ཁོ་པ་ཚོས་སྤོས་འཛུགས་དང་གཡར་བཀོལ་བྱས་ཟིན་པ་རེད། མ་གཞི་ཁོང་ཚོ་ཡོ་གའི་རྣལ་འབྱོར་ཚུད་པའི་དཔོག་པར་དཀའ་བའི་རྒྱ་གར་ཤེས་རབ་ཀྱི་སྲོལ་རྒྱུན་ལ་རྒྱུས་ལོན་གྱིས་དབུལ་ན་ཡང་། དེང་སང་དཔེར་ན། ཨ་རིའི་ཧྥོ་ལོ་རི་སྒྲ་མངའ་སྡེ་དང་། ཁ་ལི་ཧྥོར་ནི་ཡ་མངའ་སྡེ་སོགས་ཀྱིས་ཡོ་གའི་དགེ་རྒན་གྱི་ངོས་འཛིན་དཔང་ཡིག་སྤྲོད་ཀྱི་ཡོད། ནུབ་ཕྱོགས་ཀྱི་ནང་ཆོས་ཀྱི་དགེ་རྒན་འགའ་རེས་རང་གར་གྱིས་དཔེ་དེབ་ཙམ་ལ་བལྟས་ནས་གཡག་སྣ་ཁུ་ཚུར་གྱིས་གཞན་ལ་ཆོས་འཆད་ཅིང་། རང་སྣང་གང་དྲན་གྱིས་རང་ཉིད་ཀྱི་ཚོད་དཔག་དང་། ཚན་རིག་གི་འགྲོ་ཕྱོགས་དང་མཐུན་པའི་ཆེད་དུ་སྟོན་པའི་གསུང་རབ་ལོག་འགྲེལ་བྱེད་ཀྱི་ཡོད། ད་དུང་རང་གི་རང་ལ་སློབ་དཔོན་ཞེས་བཏགས་པ་འགའ་རེས། སྟོན་པའི་གསུང་རབ་ཀྱི་ནང་ནས་སྤྱོད་གོ་ཆོད་པོ་འདུག་སྙམ་པའི་དུམ་བུ་འགའ་རེ་དྲས་མཐུད་དང་བརྐུས་བཤུས་བྱས་ནས་དེ་ཉིད་རང་ཉིད་ཀྱིས་གསར་གཏོད་བྱས་པའི་ལྟ་བ་ཡིན་པར་སྨྲ་བཞིན་ཡོད། དེ་ཚོས་ཆོས་ཀྱི་དོན་གནད་ཉམས་པར་བྱས་པའི་ཁར། འབྱུང་ཁུངས་ངོ་མ་གང་ཡིན་ནམ་ཡང་བཤད་ཀྱི་མེད།
དོན་དངོས་ཐོག ད་ཆ་ནི་སངས་རྒྱས་ཀྱི་ཆོས་ལུགས་འདི་ཡང་མི་སེར་སྤེལ་མཁན་ཚོས་བསྒྱུར་བཅོས་བྱས་ཏེ་སྔ་མ་དང་གཏན་ནས་མི་འདྲ་བ་ཞིག་ཏུ་བསྒྱུར་བཞིན་ཡོད། ནང་ཆོས་ཀྱི་ཁྱད་དུ་འཕགས་པའི་ཤེས་རབ་ཀྱི་ནུས་པ་དང་། ཐབས་ཤེས་ལ་བཟོ་བཅོས་དང་། གཏོར་བཅོམ། རྐང་བཅག་ལག་ལྡུམ་བྱེད་བཞིན་ཡོད། དེ་ཚང་མ་ནུབ་ཕྱོགས་ཀྱི་ཚན་རིག་དང་རང་འདེམ་ཀློག་དེབ་ཀྱི་འུར་ཟིང་ལ་གཞོགས་འདེགས་འབའ་ཞིག་གི་ཆེད་དུ་རེད།
དེ་ཡང་ཕྱི་ཡུལ་གྱི་ལུགས་མཐུན་གྱི་རང་བཞིན་རྒྱུན་སྐྱོང་བྱས་ཏེ་སྤྱི་ཚོགས་ཀྱིས་དང་ལེན་ཡོང་བའི་ཆེད་དུ་ནུབ་ཆས་དང་ཀོ་ལྷམ་གྱོན་པའི་ནང་ཆོས་ཀྱི་ཤེས་ཡོན་པ་ཚོས་ཀྱང་རང་ཉིད་ཀྱི་ཆོས་ལུགས་དང་བླ་མ་བརྒྱུད་པ་ཕག་ཏུ་སྦས་ནས་ནང་ཆོས་ཀྱི་བརྡ་ཆད་བེད་སྤྱོད་གཏོང་རྒྱུར་གཡོལ་ཐབས་བྱེད་ཅིང་། གཟབ་སྤྲོས་ཅན་གྱི་གསོལ་སྟོན་གྱི་གྲལ་དེ་འདྲ་ཙམ་དུ་རང་ཉིད་ཀྱི་ཤར་ཕྱོག་རིག་གནས་འགྲེམ་སྟོན་ཙམ་རེ་བྱ་བཞིན་ཡོད། ཐ་ན་ཤར་ཕྱོགས་ཀྱི་དགེ་རྒན་ཚོས་ཀྱང་བསམ་བཞིན་དུ་རང་ཉིད་ནང་པ་དང་འབྲེལ་བའི་མཚོན་རྟགས་དང་གཟུགས་རིས་ལས་གཡོལ་གཟུར་བྱེད་ཅིང་། ཁོང་ཚོས་དྲན་པ་ཉེར་བཞག་དང་ཞི་གནས་ཀྱི་སྒོམ་ཁྲིད་ལ་གཏན་ཁེལ་གྱི་སྒྲིག་སྲོལ་བཟོས་ནས་ནུབ་ཕྱོགས་ཀྱི་ཆོས་ལུགས་མ་ཡིན་པ་ཅན་གྱི་རེ་འདོད་ལ་བསྟུན་ཐབས་བྱེད་བཞིན་ཡོད།
དེ་ལས་ཀྱང་ཡོངས་ཁྱབ་ཀྱི་གནས་ཚུལ་ཞིག་ནི། ཨེ་ཤ་ཡའི་ཆེད་ལས་ཀྱི་མི་སྣ་ཚོས་ཀྱང་མགྱོགས་མྱུར་གྱིས་ནུབ་ཕྱོགས་ཀྱི་རིན་ཐང་གི་ལྟ་བའི་ཕྱོགས་ལ་རྒྱུག་བཞིན་རང་ཉིད་ཀྱི་སྲོལ་རྒྱུན་རྨོངས་དད་དང་དུས་ལས་ཡོལ་ཚར་བ་ཞིག་ཏུ་ངོས་འཛིན་གྱིས་འཛེམས་ཟོན་མེད་པར་འདོར་རྐྱང་བྱེད་བཞིན་འདུག མི་ཚོས་ནོར་འཁྲུལ་གྱི་སྒོ་ནས་དེང་རབས་ཅན་དང་ནུབ་ཕྱོགས་ཅན་གཅིག་མཚུངས་སུ་ལྟ་བཞིན་པར་བརྟེན། དེ་འདྲ་དེ་དག་ལ་ད་དུང་དེང་རབས་དང་ཡར་རྒྱས། བསམ་བློ་གུ་ཡངས་སོགས་ཀྱི་བསྟོད་བསྔགས་ཐོབ་ཀྱི་ཡོད། གལ་ཏེ་ནུབ་ཕྱོགས་པས་ངོས་ལེན་མེད་པ་ཡིན་ན་ཁོང་ཚོའི་སེམས་ལ་རང་ཉིད་ཀྱི་གྲུབ་འབྲས་ལ་སྒོར་རྡོག་གཅིག་གི་རིན་ཐང་ཡང་མེད་པར་བསམ་གྱི་ཡོད།
ཁྲེལ་དགོད་འཆོར་བ་ཞིག་ལ། རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རེ་ཡ་བཅས་ཀྱི་རོལ་དབྱངས་མཁན་ཚོས་ནུབ་ཕྱོགས་ཀྱི་གནའ་སྲོལ་གྱི་རོལ་མོ་ལ་སློབ་སྦྱོང་བྱེད་པའམ། རོལ་ཆ་དེ་རིགས་དཀྲོལ་བའི་སྐབས་སུ་ཁོང་ཚོས་བརྩམས་དངོས་ཀྱི་ཆ་ཚང་བའི་རང་བཞིན་ལ་བརྩི་བཀུར་ཆེན་པོ་བྱེད་ཅིང་། བརྩམས་དངོས་ཀྱི་དང་ཐོག་གི་རྣམ་པ་ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོབ་བྱེད་ཀྱི་ཡོད། དེ་ཚོ་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ཡང་། རྒྱུན་ལྡན་གྱི་འཚོ་བ་དང་དུས་དར་གྱི་རིག་གནས་ཁྲོད་དུའང་ཡ་གླིང་པ་ཚོས་ནུབ་ཕྱོགས་པའི་བསམ་བློ་དང་ཕྱིའི་རྣམ་པ་བྱ་སྤྱོད་བཅས་ལ་ཇི་མ་ཇི་བཞིན་དུ་འདྲ་བཤུས་བྱེད་པར་དང་འདོད་བྱེད་ཀྱི་ཡོད། དེ་དང་རྦད་དེ་ལྡོག་ཕྱོགས་སུ་སོང་བ་ཞིག་ལ། ནུབ་ཕྱོགས་ཀྱི་ཤེས་ཡོན་པ་ཕལ་མོ་ཆེས་ཁོང་ཚོས་ཤར་ཕྱོགས་ནས་བསྡུ་ལེན་བྱས་པའི་ཡོད་ཚད་ལ་ཚོད་འཛིན་དང་གདམ་གསེས། ཐ་ན་གཡོ་བཅོས་བྱེད་པར་མ་ཟད། ད་དུང་གནས་ལུགས་རྒྱུ་མཚན་མེད་པར་ཡ་རབས་ཀུན་སྤྱོད་ཀྱི་མཁས་ཚུལ་སྤྱད་ནས་ཚུར་ཧམ་བཤད་བྱེད་ཅིང་། མཐར་ཁོང་ཚོས་བསྒྱུར་བཅོས་བྱས་ཟིན་པའི་པར་གཞི་དེ་ཉིད་ང་ཚོའི་ཐོག་ཏུ་བཙན་འགེལ་བྱེད་ཀྱི་ཡོད།
འདི་འདྲ་བའི་རིགས་གང་ཞིག ནང་སེམས་ཀྱི་ཐོག་དང་བཀའ་སློབ་གནང་མཁན་གྱི་རྣམ་པའི་ཐོག་ནས་ཡོང་བའི་མི་སེར་སྤེལ་བའི་རིང་ལུགས་ནི་ཁྱེད་སྐུ་དངོས་ཀྱིས་རང་སྟེང་ནས་མྱངས་ཟིན་པའི་སྡུག་བསྔལ་དེ་དག་དང་འདྲ་བར་ལས་སླ་པོས་ཚོར་མི་ཐུབ་པའི་ཉེན་ཁ་ཞིག་ཡིན།
ནུབ་ཕྱོགས་ཀྱི་མི་ཚོར་མཚོན་ན། ཚད་གཞི་ལོངས་པའི་གནོད་འཚེ་ཕོག་མཁན་ཟེར་བ་ནི་ནུབ་ཕྱོགས་པ་ཁོ་ཚོ་རང་གིས་མ་གཞི་ནས་བཙན་གནོན་བྱ་ཡུལ་དེ་ཚོ་ཙམ་ཡིན་ཞིང་། ང་ཚོ་དེ་ལས་གཞན་པ་དག་ནི་ཁོང་ཚོ་དང་མཉམ་སྡེབ་ཀྱིས་ཞེ་གནོང་དང་འགྱོད་བཤགས་ལ་མཉམ་ཞུགས་བྱེད་ཆོག་པ་ཙམ་ཞིག་རེད། ཁོང་ཚོས་ཟེར་བཞིན་པའི་གནོད་འཚེ་ཕོག་མཁན་དེའི་ཁོངས་སུ་འདས་པའི་དུས་ཀྱི་དུས་རབས་དུ་མ་ཞིག་གི་རིང་གདུག་རྩུབ་ཆེན་པོས་ང་ཚོའི་མི་མང་ལ་བཙན་གནོན་བྱས་པ་དེ་དག་ཚུད་ཀྱི་ཡོད་པ་དེ་ང་ཚོས་གསལ་ཁ་གཏོད་ཕོད་ཀྱི་མེད།
འདིར་ངས་བསམ་ན། ཁྱེད་ལ་གཟེངས་རྟགས་ཕུལ་བའམ། ཡང་ན་ཕྱིར་བསྡུས་པ་གང་ཡིན་ཡང་། དེས་ག་ས་གང་དུ་ཁྱབ་ནས་ཡོད་པའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་ཤུལ་ལུས་གོམས་གཤིས་ལས་འགྱུར་སྐྱེས་བྱས་པའི་རྫུ་བག་རིག་གནས་དེ་ཉིད་གསལ་པོར་མཚོན་ཡོད། གཟེངས་རྟགས་འདི་ཚོས་ང་ཚོ་ལ་མི་སེར་སྤེལ་བའི་དབང་སྒྱུར་མུ་མཐུད་དེ་འགྲོ་བཞིན་པ་ལས་གཞན། ད་དུང་ང་ཚོ་ནུབ་ཕྱོགས་རིན་ཐང་གི་མ་ལག་གི་ནང་དུ་འཐེན་པའི་གཡོ་ཐབས་གཞན་ཞིག་ཡིན་པ་འང་མཚོན་ཡོད། དེ་ལ་དེ་ལས་གཞན་པའི་རིན་ཐང་ཞིག་མེད་པར་ཁོ་ཚོ་རང་ཉིད་དགའ་ཞིང་མགུ་ནས་ཡིད་ཚིམ་དུ་འཇུག་པ་ཙམ་རེད།
ངོ་མ་བཤད་ན། ཁྱེད་ཀྱི་ཁ་ན་ཏའི་སྤྱི་དམངས་ཐོབ་དཔང་དེ་ཉིད་ཨོ་ཐྲི་ཝཱ་Ottawaལ་ཕྱིར་སློག་བྱེད་པར་ང་རང་ཉིད་ཀྱི་ངོས་ནས་སྦྲགས་གླ་དེ་ཉིད་ངས་དང་བླངས་ཀྱིས་སྤྲོད་རྒྱུར་འཐད་པ་ཡོད། ཁྱེད་ལ་དེས་དགོས་མཁོ་ཡོད་མ་རེད། ང་ལ་མཚོན་ན། ཁྱེད་ནི་ག་དུས་ཡིན་ན་ཡང་དོན་དམ་པའི་དཔའ་མོ་དེ་ཡིན། རང་གི་བསམ་ཚུལ་བརྗོད་པར་བློ་ཁོག་གིས་མ་འདང་བས་ཁ་དངོས་སུ་མི་གྲགས་ཀྱང་སེམས་ནས་ཡི་རང་ཞུ་མཁན་གྱི་མི་མང་པོ་ཞིག་ལ་མཚོན་ན་ཡང་། ཁྱེད་ནི་ང་ཚོ་རང་ཉིད་ཀྱི་རླབས་ཆེན་གྱི་མཚོན་རྟགས་ཡིན།
ངས་འདིར་བྲིས་པའི་ཡི་གེ་གང་འདྲ་ཞིག་གིས་ཀྱང་། འབར་མའི་དམག་དཔུང་གིས་བཟོས་པའི་འོས་འཚམ་མིན་པའི་བྱ་སྤྱོད་ཀྱི་ནག་ཉེས་དག་ལུགས་མཐུན་ཅན་དུ་བྱ་ཐབས་མེད་ལ། ངས་གང་བཤད་བཞིན་པ་ནི་ནུབ་ཕྱོགས་པ་ཚོས་ཁྱེད་ལ་དམིགས་པའི་ལས་ཀ་བྱེད་སྟངས་དང་། ཁོང་ཚོའི་ཐོག་ནས་མངོན་བཞིན་པའི་མི་སེར་སྤེལ་བའི་རིང་ལུགས་ཧྲིལ་པོ་སྟེ། ལོ་རྒྱུས་ཀྱི་ཐོག་ཏུ་བྱུང་ཟིན་པ་དག་ཡིན་ནའང་འདྲ། ད་ལྟ་བསྡད་ཡོད་པ་དག་ཡིན་ནའང་འདྲ། དེ་དག་ནོར་བ་ཡིན་པ་དང་། མི་སེར་སྤེལ་བའི་རིང་ལུགས་ཕྱི་མའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་འདུ་ཤེས་འཛིན་སྟངས་ཀྱིས་ང་ཚོའི་མི་མང་དང་འཛམ་གླིང་ཧྲིལ་པོ་ལ་ཁུར་ཡོང་བའི་གནོད་འཚེ་ནི་ཁྱེད་ཀྱིས་གནང་བའི་བྱ་བ་གང་ཞིག་ལས་ཀྱང་ཡོངས་སུ་ཚབས་ཆེ་བ་ཞིག་རེད། ནག་ཉེས་བསགས་ཡོད་མཁན་གྱི་མི་ཞིགགིས་ཁྲིམས་དཔོན་གྱི་ལས་སྣེའི་བྱ་བ་བྱེད་མི་འོས་ལ། དེ་འདྲ་དེ་ལ་གཟེངས་རྟགས་གང་འདྲ་ཞིག་ཡིན་ཡང་དེ་ཉིད་ཕར་སྤྲོད་པའམ་ཕྱིར་བསྡུ་བྱེད་པའི་འོས་ཐོབ་མེད་པ་ཞིག་རེད་ཅེས་བཤད་འདོད་པ་དེ་ཡིན།
དེ་ནང་བཞིན། ངས་གང་བྲིས་པ་འདི་ཚང་མས་ཀྱང་རཱོ་ཧིན་གྷ་མི་རིགས་ལ་ཕོག་པའི་གནོད་འཚེ་དེ་དག་ངོས་ལེན་མི་བྱེད་པ་དེ་འདྲ་གང་ཡང་མིན། ཡིན་ན་ཡང་། ནུབ་ཕྱོགས་པ་ཁོང་ཚོས་ཁྱེད་ལ་སྐྱོན་བརྗོད་ཞུས་པ་ནང་བཞིན། དབྱིན་ལན་གྱི་མི་ཚོས་མ་མཐའ་ཡང་། ཁོང་ཚོས་མི་སེར་སྤེལ་མཁན་ཡིན་པའི་ངོས་ནས་དུས་རབས་19་ དང་ 20 པའི་ནང་དུ་ཁོང་ཚོས་རཱོ་ཧིན་གྷ་ཡི་མི་ཕལ་མོ་ཆེ་གླ་ཆ་ཆུང་བའི་ངལ་རྩོལ་བ་བྱས་ནས་བྷང་ག་ལ་ནས་འབར་མའི་བར་དུ་ཁྲིད་དེ་འབྲས་ཞིང་རྨོ་འདེབས་བྱེད་དུ་བཅུག་པའི་འགན་འཁྲི་དེ་ངོས་ལེན་བྱེད་ཐུབ་བམ་མི་ཐུབ།
གལ་ཏེ་དབྱིན་ལན་གྱི་མི་ཚོས་དངོས་གནས་སེམས་ཁུར་བྱེད་ཀྱིན་ཡོད་ན། ངའི་རེ་བ་ལ་ཁོང་ཚོས་འབར་མ་དང་རཱོ་ཧིན་གྷའི་མིའི་ཐོག་བཟོས་པའི་གནོད་འཚེ་ལ་ཁ་གསབ་ཀྱི་ཆེད་དུ་ཁོ་ཚོས་རཱོ་ཧིན་གྷ་པ་ཚོ་དབྱིན་ལན་ལ་གནས་སྤོར་དུ་བཅུག་སྟེ་ཁོང་ཚོ་ལ་སྤྱི་འབངས་ཀྱི་ཐོབ་ཐང་སྤྲོད་དགོས་པ་ལས། ཁོང་ཚོ་དུས་ཡུན་རིང་པོའི་བར་དུ་སྐྱབས་བཅོལ་གྱི་སྡོད་སྒར་དུ་རང་གར་བཞག་ནས་དཀའ་སྡུག་མྱོང་དུ་འཇུག་རྒྱུ་དེ་མ་རེད།
ཨོག་སི་ཧྥོར་ཀྲི་དང་། ཤེ་ཧྥིལ་དི། ནེའུ་ཁ་སིལ། ཨེ་སྒྲིན་བྷུར། གྷི་ལ་སི་གྷོའུ་ལྟ་བུའི་གྲོང་ཁྱེར་དེ་དག་གིས་ཀྱང་ཁྱེད་ལ་ཕུལ་བའི་ཆེ་བསྟོད་དང་གཟེངས་རྟགས་དེ་ཚོ་ཕྱིར་འཐེན་བྱེད་པ་ལས་རཱོ་ཧིན་གྷའི་མི་ཚོ་དེར་ཡོང་ནས་གནས་སྡོད་བྱེད་དུ་བཅུག་ན་དེ་དགའ་ས་རེད།
མི་ཕལ་མོ་ཆེས་ངས་ཁྱེད་ལ་ཕུལ་བའི་འཕྲིན་ཡིག་འདི་ཕྱོགས་ཁག་བར་གྱི་ཕྱོགས་རིས་ཀྱི་ལྟ་ཚུལ་རེད། ཅེས་སམ། ཡང་ན་ངན་སེམས་ཁོག་བཅངས་ཀྱིས་ནུབ་ཕྱོགས་པར་ཚིག་མཚོན་འདེབས་པ་ཞིག་རེད་ཅེས་སྡིགས་མོ་བྱེད་སྲིད། ཡིན་ན་ཡང་། ང་ཚོ་ལ་དུས་ཡུན་རིང་པོ་རིང་ནུབ་ཕྱོགས་མི་སེར་སྤེལ་བའི་རིང་ལུགས་ཀྱི་ཚབས་ཆེའི་འཁྱོགས་བཤད་བྱས་ཚར་བ་ཡིན་སྟབས། ད་ཆ་ང་ཚོ་ལ་གདམ་ཀ་གཞན་མེད་པའི་ས་ལ་གྱར་ཟིན་པ་རེད། དེའི་ཆ་ནས་ང་ཚོས་གང་ཐུབ་ཐུབ་ཀྱིས་དུས་ཡུན་རིང་པོ་ནས་འཛེམ་བག་བྱས་བསྡད་པ་དེ་ཚོར་ཁ་སངས་པོས་སྐད་བརྒྱབ་ནས་ཁ་གསལ་བཟོ་རྒྱུ་ལས་ཐབས་ལམ་གཞན་ལྷག་མེད། ང་ཚོས་དབྱིན་ཇི་དང་ཨ་རི་བ་དག་གི་དམག་འཁྲུག་གི་རྒྱལ་ཁ་ལ་དགའ་སྟོན་རྟེན་འབྲེལ་བྱེད་པའི་དུས་ཡུན་རིང་དྲགས་སོང་། ཡིན་ན་ཡང་། ནུབ་ཕྱོགས་པས་གོ་ལ་ཧྲིལ་པོའི་ཁྱོན་གྱི་སྟོབས་ཤུགས་དང་གོ་གནས་དེ་ང་ཚོ་ལ་མཚོན་ན་མཚོན་དོན་ཅི་ཞིག་ཡོད་པ་རེད། ང་ཚོས་དེ་ལ་ངོས་ལེན་བྱེད་ཕོད་དམ།
ད་ནི་གལ་ཏེ་ང་ཚོ་རང་ཉིད་ཀྱིས་ཀྱང་གླེང་མོལ་འདི་འགོ་འཛུགས་མི་བྱེད་ཅིང་། ཀྲུང་གོ་དང་རྒྱ་གར། དེ་བཞིན་རྒྱལ་ཁབ་གཞན་པ་དག་གིས་ཀྱང་ནུབ་ཕྱོགས་ཀྱི་དཔེ་དབྱིབས་དག་དང་དུ་བླངས་ནས་མུ་མཐུད་ཕྱིན་པ་ཡིན་ན། དེ་ཙ་ན་སྐད་འདོན་མཁན་ནི་མངོན་སུམ་འཛེམས་མེད་དུ་ནུབ་ཕྱོགས་པར་འཁོན་འཛིན་བྱེད་པའི་མི་དེ་ཚོ་ཙམ་ཞིག་ཡིན་རྒྱུ་རེད། དེས་ན་ངས་ཁྱེད་ལ་འཕྲིན་ཡིག་འདི་ཉིད་བྲིས་ནས་འབུལ་དགོས་པའི་རྒྱུ་མཚན་ཡང་འདི་རང་ཡིན། གང་རེད་ཟེར་ན། ང་ཚོ་མི་མང་པོ་ཞིག་ལ་མཚོན་ན། ཁྱེད་ཀྱིས་འཐུས་ཚང་སྐྱོན་མེད་ཀྱི་སྒོ་ནས་དབུ་མའི་ལམ་མཚོན་གྱི་ཡོད།
ཁྱེད་ཀྱིས་བློ་བརྟན་འགྱུར་མེད་དང་། རྩ་དོན་དམ་པོར་བསྲུངས་ནས་ཁྱེད་ཀྱི་མི་མང་གི་ཆེད་དུ་འབད་འཐབ་ལྷོད་མེད་གནང་བ་དང་། ནུབ་ཕྱོགས་པའི་བཀའ་བཀོད་ཀྱི་རྣམ་པ་ཅན་གྱི་རང་སྒེར་རིང་ལུགས་ལ་སྲི་ཞུ་སྒྲུབ་རྒྱུ་དང་ལེན་མ་གནང་བ་དེས། ཐ་མ་དེར་གཟེངས་རྟགས་ཕྱིར་བསྡུ་བྱེད་པའི་བྱ་སྤྱོད་ཀྱི་ཐོག་ནས་ཁོ་ཚོའི་ངོ་གདོང་ངོ་མ་དེ་ཕྱིར་མངོན་དགོས་པ་འདི་བྱུང་ཡོད། འདིའི་ཐད་ཁྱེད་ལ་ང་ཚོའི་གུས་བཀུར་དང་རྒྱབ་སྐྱོར་ཡོད་པ་འདིར་ཁྱེད་ཀྱིས་ཀྱང་ཐེ་ཚོམ་མེད་པར་ཡིད་ཆེས་གནང་རོགས།
ཡིན་ན་ཡང་། འདིར་གླེང་སློང་བྱས་པའི་དཀའ་ཚེགས་ཆེ་བའི་གྲོས་གཞི་འདི་དག་གི་ཐད་ད་དུང་ནུས་པ་ལྡན་པའི་ཐབས་ཇུས་འདོན་དགོས་ཞིང་། དེ་ལས་མིང་དོན་མཚུངས་པའི་གྲོས་མོལ་ཡོང་དགོས། ཡིན་ན་ཡང་། དེ་ནི་ཧ་ཅང་དཀའ་ཁག་ཅན་ཞིག་རེད། ཕལ་ཆེར་ང་ཚོར་རྡོ་སྣུམ་གྱི་གཏེར་ཁ་འབོར་ཆེན་པོ་དང་། ཡང་ན་ཁོང་ཚོ་ལ་དགོས་མཁོ་ཡོད་པའི་ཐོན་ཁུངས་དེ་འདྲ་ཞིག་ཡོད་པ་ཡིན་ན། ནུབ་ཕྱོགས་མི་སེར་སྤེལ་མཁན་དེ་ཚོས་གཞི་ནས་ང་ཚོའི་སྐད་ཆ་ལ་ཉན་འདོག་ཁ་པོ་རེད།
དེ་ལས་གཞན་པའི་ཐབས་ཤེས་ཤིག་ནི། ང་ཚོས་ངེས་པར་དུ་ནུབ་ཕྱོགས་པའི་གཉོམ་སོའམ་ཞན་ཆ་འཚོལ་ཐུབ་པ་ཞིག་དགོས་རྒྱུ་དེ་རེད། འདིར་ངས་བལྟས་ན། ཁོང་ཚོའི་གཉོམ་སོ་ནི་ཁོང་ཚོར་ཡོད་པའི་ང་རྒྱལ་དང་ནག་ཉེས་ཀྱི་ཞེ་གནོང་དེ་གཉིས་རེད། ཁོང་ཚོས་ཁ་ཆེ་བ་དང་ཇེའུ་མི་རིགས་ལ་དགག་པ་རྒྱག་ཕོད་ཀྱི་མེད། དེ་ནི་ཁ་ཆེར་འཇིགས་སྣང་གི་ནད་ཡོད་མཁན་དང་ཇེའུ་མི་རིགས་ལ་ངོ་རྒོལ་བྱེད་མཁན་སོགས་ཀྱི་སྐྱོན་བརྗོད་ཕོག་རྒྱུར་སེམས་ཁྲལ་བྱེད་པ་ཞིག་རེད།
དེ་འདྲ་ཡིན་ན། ང་ཚོས་ཀྱང་ཐོག་མར་ནང་ཆོས་ཟུར་འབུད་བྱེད་པ་དང་ཨེ་ཤ་ཡ་ཟུར་འབུད་བྱེད་པའི་ཕྱོགས་ལྷུང་གི་ལྟ་ཚུལ་ལ་མིང་ཚིག་གསར་པ་འགའ་རེ་གསར་གཏོད་བྱས་ནས་ཁོང་ཚོའི་འཇིགས་སྐྲག་གི་ནད་ཀྱི་ཞེ་གནོང་དང་ནག་ཉེས་ཀྱི་ཚོར་སྣང་འདི་དག་གི་ངར་སློང་དགོས་ཀྱི་འདུག
མཇུག་ཏུ། ཡང་བསྐྱར་ཕྲན་གྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་བ་འདི་ཉིད་ཁྱེད་ཀྱིས་དང་ལེན་གནང་རོགས།
འདས་པ་དང་། ད་ལྟ། མ་འོངས་པ་བཅས་སུ་ཁྱེད་ཀྱིས་ཁྱེད་རང་གི་མི་མང་དང་། སྤོབས་པ་སྐྱེ་བར་འོས་པའི་རང་རེ་ཤར་ཕྱོགས་པའི་སྲོལ་རྒྱུན་གྱི་ཆེད་དུ་ཁྱེད་ཀྱིས་གང་ཞིག་རྒྱུན་འཁྱོངས་གནང་བཞིན་པ་ཚང་མ་ལ་སླར་ཡང་བཀའ་དྲིན་ཆེ་ཞུ། །
ཁྱེད་ལ་ཟོལ་མེད་གུས་བཀུར་ཞུ་མཁན། རྫོང་སར་འཇམ་དབྱངས་མཁྱེན་བརྩེས་ཕུལ། །
བསམ་ཚུལ་ཕྲིས།