ཡ་ང་བའི་བོད་པ་ཚང་གི་སྐད་ཡིག་གི་ཁྱབ་ཁོངས།
རྩོམ་ཡིག་འདི་ཐེངས་ 1013 བཀླགས་འདུག
རྩོམ་པ་པོ། བློ་བཟང་ཆོས་འབྱོར།
ངོས་འཛིན་མ་ཐུབ་པའི་སྤྱི་ཚོགས་ཤིག་གི་ཤེས་ཡོན་སློབ་གསོའི་འཐུས་ཤོར།
སྤྱི་ཚོགས་ཤིག་ཆགས་པར་ཤེས་ལྡན་མི་སྣ་འདྲ་མིིན་སྣ་ཚོགས་དགོས་ཤིང་། བྱ་བ་ཚང་མ་གཅིག་པ་དང་མི་ཚང་མ་གཅིག་པ་ཡིན་ན། སྤྱི་ཚོགས་དེ་ནི་དཔལ་ཡོན་ཉམས་པའི་སྤྱི་ཚོགས་ཤིག་ཡིན་ངེས་རེད། ཤེས་ལྡན་མི་སྣའི་ཚོགས་ཀྱིས་སྐྱོན་སྤང་དགེ་སྒྲུབ་དང་། ཕན་ཚུན་གཞོགས་འདེགས་ཡག་པོ་བྱས་ན་ང་ཚོའི་རྒྱལ་ཁབ་འདི་ཉིན་རེ་བཞིན་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་ངེས་རེད།
___རྒྱའི་སློབ་གསོའི་དཔེ་དེབ་ཡོན་ཏན་ཅན་དུ་འགྱུར་བའི་ལམ་ཞེས་པ་ལས་བཏུས།
<<དུས་རབས་འདིར་འདོད་པ་ཚིམ་ཐབས་བྲལ་བའི་ང་ཚོའི་དཔེ་ཚོགས་ཀྱི་བརྗོད་བྱ།>>
འཛམ་གླིང་འདི་སྔར་གྱི་རྡོ་ཆས་སྤྱོད་པའི་དུས་རབས་ནས་འཕེལ་རྒྱས་ཕྱིན་ཏེ་དོན་སྙིང་ལྡན་པའི་ལོ་རྒྱུས་འབྲི་འགོ་ཚུགས། དེ་ནི་ཤེས་རིག་སྟེ་གནའ་བོའི་ཨིན་དྷུ་ཆུ་བོའི་ལུང་གཤོང་གི་ཡུལ་མིའི་རྣམ་དཔྱོད་དང་། མེ་སོ་ཕོ་ཏྲ་མི་ནི་ཡའི་ཤེས་རིག་གི་བྱུང་འཕེལ། དེ་ནས་རིམ་གྱིས་རོམ་དང་ཨི་ཇིབ། རྒྱ་དཀར་ནག་གཉིས་བཅས་ཀྱིས་གོ་ལའི་གནའ་རབས་ལོ་རྒྱུས་ཀྱི་གཟི་བརྗིད་བཙན་གྱིས་ཁྱེར། དེའི་རིན་ཐང་ནི་ཤེས་རིག་ཁོ་ན་ལས་གཞན་གང་ཡང་མིན་པ་ཀུན་གྱིས་ཤེས་གསལ་དུ་གྱུར་ཡོད། དེའི་ཕྱིར་ང་ཚོས་ཤེས་རིག་གི་རིན་ཐང་གཞལ་བར་བྱ་བའི་ཕྱིར་ཤེས་ཡོན་སློབ་གསོའི་བསམ་བློའི་ཆུ་ཚད་དང་ཤེས་རིག་གི་གཟུགས་ཕུང་སྟེ། རྩོམ་ཡིག་གི་ཁྱབ་ཁོངས་ལ་ཅུང་ཙམ་མི་གཞིག་ཀ་མེད་དུ་གྱུར།
སྤྱིར་ཤེས་ཡོན་གྱིས་གནའ་སྔ་མོ་ནས་འཛམ་གླིང་གི་ལམ་སྣེ་ཁྲིད་དེ་ད་བར་གྱི་འཚོ་ཐབས་ཀྱི་གོ་གནས་མཐོ་ཤོས་དེ་འཛིན་བཞིན་ཡོད། དེ་ནི་དེའི་རིན་ཐང་ལ་ཉམས་པ་མེད་ཅིང་ལེགས་ཉེས་ཀུན་གྱི་དགོས་མཁོའི་གཙོ་བོར་གྱུར་ཡོད་པས་ཡིན། དེས་ན་འཛམ་གླིང་གི་འགོག་མེད་ཀྱི་འགྱུར་ལྡོག་དག་ལ་ཞིབ་ཚགས་ཀྱིས་བལྟ་དགོས་ལ་དེ་དག་གི་འབྱུང་རྐྱེན་དང་མཇུག་འབྲས་ལ་སློབ་སྦྱོང་ཡང་བྱེད་དགོས། མ་ཟད། ཤེས་རིག་གི་རྩ་བར་གྱུར་པའི་རྩོམ་ཡིག་གི་ཁ་ཕྱོགས་ཀྱང་འཇིག་རྟེན་གྱི་འཚོ་བའི་སྡེ་ཚན་ཁག་དང་ཐག་ཇེ་ཉེར་གཏོང་དགོས་ལ། དངོས་ཐོག་བདེན་འཚོལ་གྱི་དོན་དངོས་ཐབས་ལམ་བེད་སྤྱོད་བྱས་ནས་ང་ཚོའི་འཚོ་བའི་སྤུས་ཚད་ཇེ་བཟང་དུ་གཏོང་ཐབས་བྱེད་དགོས། གལ་སྲིད་དེ་ལྟར་མ་བྱུང་ན་མཇུག་འབྲས་ནི་ང་ཚོའི་སྤྱི་ཚོགས་ལ་བྱུང་བ་བཞིན་དཔེ་དེབ་ཀྱི་ནང་དོན་དང་བརྗོད་བྱ་གཉིས་ཀ་ཧ་ཅང་གི་ཚད་བཀག་ཏུ་གྲུབ།
འདས་ཟིན་པའི་དཔེ་ཀློག་བྱས་པའི་བརྒྱུད་རིམ་ནང་རང་མི་རིགས་ཀྱི་སྐད་ཡིག་ནང་ཡོད་པའི་ཕུལ་བྱུང་གི་དཔེ་དེབ་དག་ནི་བདག་ཅག་སྟོན་པའི་ཆོས་གཞུང་དང་འབྲེལ་བའི་རིག་པའི་གཞུང་ལུགས་དང་གསོ་རིག་བསྟན་བཅོས་ཕོན་ཆེན་ཞིག་ཡོད། དེ་དག་ནི་ད་སྐབས་ང་ཚོས་དངོས་སུ་ངོམས་ཆོག་པ་ཤ་སྟག་ཡིན་ལ་སྤོབས་པ་ཡང་བྱེད་དགོས་པ་ཞིག་རེད། འོན་ཀྱང་། སྔོན་མའི་མཚར་སྡུག་གིས་ད་ལྟའི་ཚབ་བྱེད་མི་ཐུབ་ཅེས་པ་བཞིན་མེས་པོ་གོང་མ་དག་གི་རྗེས་ཤུལ་ཁོ་ན་བསྲུངས་ནས་བསྡད་ན་མི་རིགས་དེ་རིམ་བཞིན་ཉམས་རྒུད་དུ་འགྲོ་རྒྱུ་ཐག་ཆོད་པ་རེད་ལ། དེ་ལྟར་ན་ང་ཚོ་ཕ་མས་བསགས་པའི་རྒྱུ་ནོར་ཁོ་ན་ཟ་བཞིན་སྡོད་མཁན་གྱི་སྒྱིད་ལུག་ཅན་གྱི་ངོ་ཚ་མེད་པའི་བུ་ཕྲུག་དང་ཀུན་ནས་མཚུངས། དོན་དངོས་སུ་ང་ཚོས་འཛམ་གླིང་གི་འགྱུར་བགྲོད་རྗེས་མ་ཆོད་པས་ལོ་རྒྱུས་ཀྱི་བར་སྐབས་ཤིག་ལ་རྒྱ་དབྱིན་ཨུ་གསུམ་གྱི་རྐང་རྩེད་སྤོ་ལོར་གྱུར་ཏེ། ཕྱི་ཡུལ་ན་ཅི་ཞིག་བྱེད་ཀྱི་ཡོད་མིན་ཁྱོན་ཡོངས་ནས་དུས་ཐོག་ཏུ་ཤེས་པ་བྱུང་མི་འདུག་ལ། ༸གོང་ས་བཅུ་གསུམ་པ་ཆེན་པོས་དབུས་པའི་ཕུགས་བསམ་ཅན་རེ་ཟུང་གིས་མཁྱེན་པ་བྱུང་ཡང་དེ་དག་ལ་རྒོལ་ནས་རྨོངས་འཆར་གྱི་རྗེས་སུ་འབྲངས་པས་ངེད་བོད་པ་ཚང་གི་ཕུགས་བསམ་གྱི་རེ་བའི་མིག་ཟུང་རེ་ཞིག་ཟུམ་པར་གྱུར་འདུག ད་དུང་ངོ་ཚ་དགོས་པའི་དོན་དངོས་ཤིག་དྲང་པོར་བཤད་ན་ང་ཚོ་ཕལ་མོ་ཆེས་ང་ཚོ་ལོ་རྒྱུས་ཀྱི་ཁྲོད་ནས་ཇི་ལྟར་ཕམ་མིན་ཟེར་སྒྲོས་ཙམ་ལས་ཞིབ་གསལ་གྱི་གོ་རྟོགས་མེད་ལ་སློབ་སྦྱོང་ཡང་བྱེད་ཀྱི་མེད། དེ་ནི་རང་བློ་རང་ལ་ལྐོག་ཏུ་གྱུར་པ་མིན་པས་རང་སོ་སོས་བསམ་བློ་རྣལ་དུ་ཕབ་ནས་བསམ་གཞིག་བྱེད་ཐེངས་གཅིག་རེད།
གཞན་ང་ཚོའི་དཔེ་ཚོགས་ནང་དུ་ལོ་རྒྱུས་ཀྱི་དེབ་ཐེར་དང་སྙན་ངག བརྡ་སྤྲོད། རྣམ་ཐར། ཆོས་འབྱུང་སོགས་གང་འཚམ་ཞིག་ཡོད་པ་རྣམས་ནི་དུས་རབས་བཅོ་བརྒྱད་པའི་ཡར་སྔོན་གྱི་དགོན་ལུགས་སློབ་གསོའི་ལུས་སེམས་གཉིས་ཀྱི་ངལ་རྩོལ་ལས་བྱུང་བ་ཞིག་ཡིན་པ་ལས་ཉེ་བའི་མི་རབས་ཀྱིས་བསྒྲུབས་པའི་དེབ་ཐེར་དང་དོན་སྙིང་ལྡན་པའི་ཤེས་རིག་གི་བྱ་གཞག་རྣམས་རྐང་ལག་གཉིས་ཀྱི་མཛུབ་མོའི་གྲངས་ཀྱིས་ལོངས་པ་ལྟ་བུའི་གནས་སུ་མཆིས། དེ་ནི་ཤིན་ཏུ་ནས་ཉམ་ང་བའི་གནད་དོན་ཞིག་རེད་ལ་མི་རིགས་ཤིག་གི་ཚེ་ཚད་ཇེ་ཐུང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་ཚུལ་ཞིག་ཀྱང་རེད། བསམ་བློ་ཞིག་ཐོངས་དང་། དེང་སྐབས་ང་ཚོའི་མི་རབས་ཀྱིས་བསྐྲུན་པའི་དཔལ་ཡོན་ཟེར་བ་ཞིག་ཡོད་དམ། ཡོད་ན་ཇི་ལྟར་ངོམ་རྒྱུ་ཡིན། ང་ཚོས་བསམ་བློ་གཏོང་གིན་གཏོང་གིན་རང་མི་རིགས་ཀྱི་སྐད་ཡིག་འདིའི་ནང་ང་ཚོས་དུས་དང་འཚམས་པའི་ཤེས་རིག་གི་བྲོ་བ་རོལ་རྒྱུ་འདུག་གམ། རང་མི་རིགས་ཀྱི་སྐད་ཡིག་འདིའི་ནང་སྣ་ཚོགས་ཤེས་བྱའི་ཚོགས་ཀྱི་སྟོན་མོ་ཤོམ་མཁན་འདུག་གམ། རང་མི་རིགས་ཀྱི་སྐད་ཡིག་འདིའི་ནང་རྒྱ་ཆེ་བའི་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་འདུག་གམ། རང་མི་རིགས་ཀྱི་སྐད་ཡིག་འདིའི་ཁ་གཡང་དང་ལག་ལེན་མེད་པའི་རྩོམ་འབྲི་བ་ཕུད་དོན་དངོས་ཀྱི་ཤེས་ཚད་ལྡན་པའི་ཐོག་འཛམ་གླིང་གི་འགྱུར་བགྲོད་མཁོ་འདོན་བྱེད་མཁན་འདུག་གམ། ཆོས་ཉིད་ཅིག་སྟེ་གནད་དོན་དེ་དག་ཐམས་ཅད་ཀྱིས་ད་ལྟའི་འཛམ་གླིང་གི་འཚོ་གནས་སྤྲོད་ཀྱིན་ཡོད་ཀྱང་ང་ཚོའི་སྐད་ཡིག་ནང་དེ་དག་གི་ཐན་པ་གཏོང་བཞིན་ཡོད། དེ་ནི་ང་ཚོ་བོད་པ་ཚང་གི་ཧ་ཅང་འཐུས་ཤོར་བཏང་བ་དང་གཏོང་བཞིན་པའི་སྐད་ཡིག་གི་ཁྱབ་ཁོངས་རེད་ལ་དཔལ་ཡོན་གྱིས་སྟོང་པའི་སྐད་ཡིག་ཅིག་གི་རང་མདོག་ཀྱང་རེད། སྟབས་ལེགས་པ་ཞིག་ལ་ད་ལྟ་བོད་ཡིག་འབྲི་ཀློག་བྱེད་མཁན་རྣམས་རེ་ཐག་ཆད་པའི་གནས་སུ་གྱུར་མེད། འོན་ཀྱང་། ང་ཚོས་ང་ཚོའི་སྐད་ཡིག་འདིའི་ཁྱབ་ཁོངས་ཇེ་ཕྱུག་དང་འཕེལ་རྒྱས་གཏོང་མི་ཐུབ་ན་ད་སྐབས་ནང་བསྟན་རིག་པས་འཛིན་བཞིན་པའི་ང་ཚོའི་སྐད་ཡིག་གི་རང་བཞིན་ཕྱུག་པོ་འདིར་རིམ་བཞིན་འགྱུར་ལྡོག་ཛ་དྲག་ཅིག་འབྱུང་མི་སྲིད་པ་མ་རེད།
ང་ཚོ་ཀུན་གྱིས་ཤེས་དགོས་པ་ཞིག་ལ་ང་ཚོ་ལྷོ་འཛམ་བུ་གླིང་ལ་ཡོད་པ་ལས་ནུབ་བ་གླང་སྤྱོད་ལ་མེད། དེའི་ཕྱིར་གོ་ལ་ཟླུམ་གཟུགས་འདི་གཡོན་ནས་གཡས་ལ་འཁོར་བཞིན་པའི་སྐབས་སུ་ང་ཚོའི་མི་རིགས་འདི་ལོགས་སུ་གཡས་ནས་གཡོན་ལ་འཁོར་ཐུབ་པ་སྲིད་དམ། དེ་མིན་ན་ང་ཚོས་ཀྱང་གོ་ལའི་འགྱུར་བགྲོད་རྟོགས་ཐུབ་པ་བྱས་ཏེ་མིའི་རིགས་ཀྱི་ཡོད་ཚད་ཀྱི་རྩ་བ་སྟེ་དུས་དང་མཚུངས་པའི་ཤེས་རིག་གི་བྱ་གཞག་ལ་དོ་སྣང་བྱེད་དགོས། ངས་དེ་ལྟར་ཤོད་དུས་དངོས་གནས་སེམས་གཏིང་ནས་འཕྱིས་སྣང་ཞིག་ངང་གིས་ཤར་ཡང་སྡུག་མྱོང་དགོས་པ་ལས་ལ་བཀོད་པས་མདུན་སྐྱོད་བྱེད་མ་ཐུབ་ཚེ་དེ་ལས་ལྷག་པའི་ཛ་དྲག་གི་ལས་དབང་ལ་ཁ་གཏད་གཅོག་དགོས་འབྱུང་ངེས་པ་ཡང་བདེན་པ་རེད།
<<ང་ཚོའི་སྤྱི་ཚོགས་ནང་མི་གླེང་ཀ་མེད་དུ་གྱུར་པའི་འཛམ་གླིང་ལོ་རྒྱུས་ཀྱི་དོན་གནད་དགུ།>>
གཤམ་ནས་ང་ཚོར་བསམ་བློ་གཏོང་སའི་གཞི་རྟེན་དུ་གྱུར་བའི་འཛམ་གླིང་ལོ་རྒྱུས་ནང་གི་གནད་འགག་དགུ་མཁོ་འདོན་བྱ་རྒྱུ་ཡིན། རྒྱལ་སྤྱིའི་ལོ་རྒྱུས་སྨྲ་བ་དང་སྤྱི་ཚོགས་ཚན་རིག་པ། དེ་བཞིན་དབྱེ་ཞིབ་པ་བཅས་ཀྱིས་གནད་དོན་དགུ་པོ་དག་གིས་འཛམ་གླིང་ལོ་རྒྱུས་ཀྱི་བཀོད་དབྱིབས་བསྒྲུབས་པར་བཤད་ལ་གཤམ་གྱི་གནད་དོན་དེ་དག་གི་ཐོག་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པ་ཤ་སྟག་ཏུ་གྱུར་ཡོད། དེའི་ཕྱིར་དེ་ལྟ་བུའི་གལ་གནད་ཅན་གྱི་གནད་དོན་ཐོག་ད་བར་རང་མི་རིགས་ཀྱི་སྐད་ཡིག་སྤྱོད་པ་པོ་དང་ཡིག་སྒྱུར་བ་དག་གིས་ལག་པ་མ་འཆང་བ་གང་ཡིན་ནམ་བསམས། དེ་ནི་ང་ཚོའི་དཔེ་ཚོགས་ཀྱི་བརྗོད་བྱ་ཤིན་ཏུ་ཚད་བཀག་ཅན་དུ་གྲུབ་པས་ང་ཚོའི་ཀླད་པ་ཡང་དཔེ་ཚོགས་ཀྱི་བརྗོད་བྱའི་ཚད་བཀག་ལས་བརྒལ་མི་ཐུབ་པར་ལུས་པའི་ངན་འབྲས་ཤིག་ལས་མ་འདས། དེས་ན་ཁྱེད་ཀྱིས་གཤམ་འཁོད་རྩོམ་ཡིག་གི་ལྷག་འཕྲོ་མ་བཀླགས་གོང་དེ་དག་གང་དང་གང་ཡིན་མིན་ཚོད་དཔག་ཅིག་བྱོས་དང་། དེ་ནས་གཤམ་འཁོད་གནད་དོན་དེ་དག་ཀློག་གིན་ཀློག་གིན་བསམ་དགོས་པ་ཞིག་ལ་ང་ཚོས་ངེས་པར་དུ་ཤེས་དགོས་པའི་གནད་དོན་དེ་དག་སུ་ཞིག་གིས་ང་ཚོར་མཁོ་སྤྲོད་མ་བྱས་པར་བཞག་པ་རེད་དམ། ཡང་ན་ང་ཚོས་དེ་དག་གི་རིན་ཐང་ལྟ་སྟངས་ཀྱི་ཆུ་ཚད་ཤིན་ཏུ་དམན་པའི་དབང་གིས་ལུས་སོང་བ་ཡིན་ནམ། གང་ལྟར་རང་མི་རིགས་ཀྱི་སྐད་ཡིག་འདིའི་ཁྱབ་ཁོངས་ཤིན་ཏུ་ཚད་བཀག་ཅན་དུ་འཇོག་དགོས་པ་འདི་ཁྲིམས་ཡིག་བསྒྲགས་ནས་སུ་ཞིག་གིས་བཀག་རྒྱ་བཅད་པ་ལྟ་བུར་གྱུར་འདུག
དང་པོ། དམག་ཆེན་དང་པོ།
འཛམ་གླིང་འདིའི་ནང་སྔར་སྲིད་པ་ཆགས་པ་ནས་རྒྱུན་ཆད་མེད་པ་ལྟ་བུར་དམག་འཁྲུག་གི་ཡོ་ལང་མཐོང་རྒྱུ་མེད་པའི་དུས་ཤིག་བྱུང་མེད། འོན་ཀྱང་། འཛམ་གླིང་དམག་ཆེན་དང་པོ་ནི་རྒྱལ་ཁབ་མང་པོ་ཚུད་པའི་ཧ་ཅང་གིས་གཞི་རྒྱ་ཆེ་བའི་དམག་ཆེན་ཞིག་ཡིན་པས་ཤི་རྨས་ཀྱི་གནོད་འཚེ་ཕོག་ཚད་ནི་མི་གྲངས་ས་ཡ་སུམ་ཅུ་སོ་བདུན་ལྷག་ཟིན་ཡོད། མཇུག་འབྲས་དེ་ལྟ་བུ་ནི་ང་ཚོའི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན། འཛམ་གླིང་དམག་ཆེན་མཇུག་བསྒྲིལ་བའི་རྗེས་སུ་ཡོ་རོབ་དང་ཨེ་ཤི་ཡ། ཨ་ཧྤི་རི་ཁ་སོགས་ཡུལ་གྲུ་དུ་མའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་གནས་བབ་སོགས་གང་ཅིར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་། སྐབས་དེའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་ལྡོག་གམ་ཤུགས་རྐྱེན་ཆེན་པོ་ལྡན་པའི་གནད་དོན་ཞིག་ནི་དམག་ཆེན་མཇུག་བསྒྲིལ་བའི་དུ་དྲིའི་ཁྲོད་ནས་དབང་ཆ་སྒེར་འཛིན་གྱི་སྲིད་གཞུང་དུ་མ་མགོ་རྟིང་སློག་བཞིན་པའི་སྐབས་དང་བསྟུན། འཇར་མན་དང་དབྱིན་ཡུལ་གཉིས་གཞི་རྒྱ་ཆེ་བའི་འོས་བསྡུའི་ལམ་གྱི་དམངས་གཙོའི་རྒྱལ་ཁབ་ཏུ་གྱུར། དེ་དང་དུས་མཚུངས་སྤྱི་ལོ་ 1917 ལོའི་ཨུ་རུ་སུའི་གསར་བརྗེས་སྣེ་དྲངས། དེ་བཞིན་དམག་འཁྲུག་གི་གྲིབ་མའི་འོག་ནས་ཚན་རིག་ལག་རྩལ་དུ་མ་ཞིག་ཀྱང་གསར་སྐྲུན་བྱུང་བ། དཔེར་ན། འཁོར་ལོ་བཞི་ཅན་གྱི་རླངས་འཁོར་དང་། མཚོ་འོག་བརྒྱུད་ལམ་བརྒྱུད་ཐུབ་པའི་ཁ་པར། དེ་མཚུངས་དམག་གི་གོ་མཚོན་མང་པོ་ཞིག་ཀྱང་སྔོན་ཐོན་ཅན་དུ་གྱུར་ཡོད། སྐབས་དེར་རྒྱལ་ཁབ་དུ་མ་མཉམ་འབྲེལ་བྱས་ཏེ་ཞི་བདེ་སྲུང་སྐྱོབ་ཀྱི་མཐུན་ཚོགས་བཙུགས་ཀྱང་རྗེས་སུ་ཝར་སེ་ལི་སིའི་ ( Versailles ) ཆིངས་དོན་ལ་མ་གནས་པས་དམག་འཁྲུག་རྗེས་མའི་ས་བོན་ལྟ་བུར་གྱུར། དེ་ནི་འཛམ་གླིང་དམག་ཆེན་དང་པོ་སྟེ། ཉེ་རབས་འཛམ་གླིང་ལོ་རྒྱུས་ཀྱི་རྨང་གཞི་གཙོ་བོ་ཞིག་དང་དེང་སྐབས་ཀྱི་གོ་ལའི་འགྱུར་བགྲོད་ཀྱི་འབྱུང་ཁུངས་ཤིག་ཀྱང་ཆགས་ཡོད། དེས་ན་ང་ཚོས་ངེས་པར་དུ་དམག་ཆེན་དང་པོའི་སྐབས་ཀྱི་གལ་ཆེའི་རང་བཞིན་ཅན་གྱི་གནད་དོན་ཤེས་དགོས་ལ་ངེས་ཀྱང་དགོས།
གཉིས་པ། འཛམ་གླིང་དམག་ཆེན་གཉིས་པ།
འཛམ་གླིང་དམག་ཆེན་གཉིས་པ་ནི་མི་ཤི་རྨས་ཀྱི་གྲངས་ཚད་བསམ་ཡུལ་འདས་པ་བྱུང་བའི་ཧ་ཅང་གཞི་རྒྱ་ཆེ་བའི་དམག་འཁྲུག་ཅིག་ཡིན། དམག་ཆེན་དེ་སྲིད་དབང་སྒེར་སྤྱོད་རིང་ལུགས་པ་འཇར་མན་གྱི་ཧི་ཀྲི་ལར་ ( Hitler ) དང་ཨི་ཀྲི་ལིའི་མུ་སུ་ལི་ནི་ ( Mussolini ) གཉིས་ཀྱིས་བསླངས་པ་ཞིག་ཡིན། མཐར་སྟོབས་ཆེན་རྒྱལ་ཁབ་ཁ་ཤས་ཤིག་མགོ་རྟིང་བསློགས་ནས་འཛམ་གླིང་ནང་སྟོབས་ཤུགས་གསར་པ་རིམ་གྱིས་འཕེལ་རྒྱས་བྱུང་། དེ་ནས་སྤྱི་ཚོགས་ཀྱི་གྲུབ་ཆར་འགྱུར་ལྡོག་བྱུང་ནས་སྤྱི་ཚོགས་དང་དཔལ་འབྱོར་སོགས་གང་ཅིར་སྐྱེས་པ་དང་བུད་མེད་འདྲ་མཉམ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་འགོ་ཚུགས། མཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་འཛམ་གླིང་ཞི་བདེར་འབད་བརྩོན་བྱ་རྒྱུ་བྱས། འཇར་མན་ན་ཛི་ ( Nazi ) ཡིས་འགོ་ཁྲིད་དེ་ཨ་རི་སོགས་ཀྱིས་དམག་གི་གོ་མཚོན་ཚན་རྩལ་ཐོག་ཡར་རྒྱས་ཤུགས་ཆེན་བཏང་ནས་གང་ས་ནས་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆ་བཟོ་བར་བྲེལ། ཨ་རིའི་རྡུལ་ཕྲན་མཚོན་ཆས་སྐབས་དེའི་འཛམ་གླིང་དམག་ཆེན་གྱི་ལོ་རྒྱུས་ཀྱི་གོ་གནས་ཆེ་ཤོས་བཟུང་ཡོད་པ་དང་དམག་ཆེན་མཇུག་སྒྲིལ་བའི་རྗེས་སུ་མི་རབས་དུ་མར་ཤུགས་རྐྱེན་བཞག་ཡོད། ཉམས་རྒུད་དུ་ཕྱིན་པའི་དབྱིན་ཇིའི་སྲིད་གཞུང་གི་འོག་ནས་རྒྱ་གར་རང་བཙན་ཐོབ་ཡོད་ཅིང་། ཨུ་རུ་སུས་འཛམ་གླིང་དབང་སྒྱུར་བྱེད་པའི་གོ་གནས་དེ་ཨ་རིས་བླངས། དེ་ལྟར་འཛམ་གླིང་དམག་ཆེན་གཉིས་པའི་ཤུགས་རྐྱེན་དེ་འཛམ་གླིང་ལོ་རྒྱུས་ནང་གནས་བཞིན་མུ་མཐུད་འོང་འགྱུར་གྱི་མི་རབས་རྣམས་ལ་མཇུག་མ་བསྡུས་པའི་རྙོག་ཟིང་ཞིག་ཏུ་གྱུར།
གསུམ་པ། ཡོ་རོབ་ཀྱི་རིག་གནས་བསྐྱར་དར།
དེ་ནི་ཡོ་རོབ་ཀྱི་རིག་གནས་གསར་དུ་སྐྱེས་པའི་དུས་ཚོད་ཅིག་ཡིན། ཡོ་རོབ་ཏུ་ ( ཡོ་རོབ་ཀྱི་མི་གྲངས་ཕྱེད་ཙམ་ཤི་བར་གསལ། ) ནད་ཡམས་ནག་པོ་ ( black death ) ཞེས་པ་དེ་བྱུང་བའི་རྗེས་སུ་རྒྱལ་ཁམས་མྱུལ་ཞིབ་པ་ཀོ་ལོམ་བྷ་སི་ (Columbus) དང་ཝ་སི་ཁོ་རྡ་གཱ་མ་ (Vasco da Gama) སོགས་ཀྱིས་འཛམ་གླིང་འདི་ཉིད་ས་ཁྲའི་སྟེང་གི་མངོན་ཚུལ་ལ་འགྱུར་བ་བཏང་བ། ཤེས་རིག་གསར་རྙེད་བྱུང་བ། ད་དུང་ཤེས་ཡོན་ཟེར་བ་ནི་ཆོས་དཔེ་གླེགས་བམ་དུ་བཅུག་པ་དེ་དག་ཙམ་མིན་པ་ར་འཕྲོད་བྱུང་ཡོད་ཅིང་། སྤྱིར་སློབ་སྦྱོང་ཟེར་བ་ནི་ཆོས་དཔོན་དང་གྲྭ་པ་ཙམ་གྱིས་བྱེད་རྒྱུ་ཞིག་མིན་པ་གསལ་སྤྲོད་བྱས། དེ་ནས་རིམ་གྱིས་མི་སྒེར་གྱིས་དཔེ་དེབ་འབྲི་འགོ་བརྩམས་ཤིང་དཔར་དུ་བཏབ་པ་དང་། སྙན་ངག་གི་དཔེ་དེབ་དང་། འགྲིམ་འགྲུལ། ལོ་ཐོ་སོགས་བརྗོད་གཞི་གང་བྱུང་གི་ཐོག་མི་དམངས་ཀྱིས་དཔེ་དེབ་ཉོ་འགོ་ཚུགས། རིག་གནས་བསྐྱར་དར་གྱིས། ཕྷི་ཁ་སོ་དང་། ( Picasso ) ཝིན་སི། ( Vince ) མེ་ཁལ་ཨེང་གྷེ་ལོ་ ( Michelangelo ) སོགས་འཛམ་གླིང་ནང་གྲགས་ཆེ་བའི་སྒྱུ་རྩལ་བ་དང་ཨར་ལས་འཆར་འགོད་པ་གྲངས་མེད་ཅིག་ལེགས་སྐྱེས་སུ་ཕུལ་ཡོད། ཤེས་ཡོན་དང་མིའི་བསམ་བློའི་ཤེས་འདོད་དང་། མིའི་བློ་རིག་གི་གྲུང་ཤ་བཅས་ཀྱིས་ད་དུང་ཡང་འཛམ་གླིང་འདི་ཧ་ལས་སུ་འཇུག་གི་ཡོད། རིག་གཞུང་གསར་རྙེད་ནི་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུས་ཡུན་ཧ་ཅང་རིང་པོ་སྤྱད་ནས་ཡོང་བ་ཞིག་ཡིན་ལ་འཛམ་གླིང་འདི་ཡར་རྒྱས་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཀྱང་ཡིན།
བཞི་པ། དབྱི་སི་ལཱམ་ཆོས་ལུགས་དབུ་བརྙེས་པ།
ཆོས་ལུགས་དེ་ནི་འཛམ་གླིང་ནང་གི་ཆོས་ལུགས་སྙན་གྲགས་ཆེ་ཤོས་ཤིག་ཡིན། ཆོས་ལུགས་དེ་ཉིད་ཀྱི་སྟོན་པ་མཱོ་ཧ་མཏི་( Muhammad ) ཡིས་མེ་ཁ་ ( Mecca ) ནས་མེ་དྲི་ན་ ( Medina ) བར་ལོ་རྒྱུས་རང་བཞིན་ཅན་གྱི་རྒྱང་སྐྱོད་བྱས་པ་དང་དུས་མཚུངས་ཆོས་ལུགས་དེ་ཉིད་བསམ་ཡུལ་ལས་འདས་པའི་རྒྱ་ཁྱབ་ཧ་ཅང་མྱུར་པོར་ཕྱིན། དུས་རབས་བར་མའི་ཤེས་རིག་གི་དར་འཕེལ་ཁྲོད་དབྱི་སི་ལཱམ་ཆོས་ལུགས་དེ་ཉིད་ཀྱིས་རླབས་ཆེ་བའི་ཞབས་འདེགས་བསྒྲུབས་ཡོད་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དོན་རྐྱེན་ཡང་དུ་མ་བྱུང་། ད་དུང་སྒྱུ་རྩལ་དང་ཚན་རིག་གི་ཐང་ཆེན་ན་དཔེ་མཚོན་ལྡན་པའི་བྱ་གཞག་དུ་མ་གསར་བསྐྲུན་བྱས་ཡོད། ཆོས་ལུགས་དེས་ཤར་ཕྱོགས་ཀྱི་རིག་གནས་དང་ནུབ་ཕྱོགས་ཀྱི་རིག་གནས་གཉིས་ཀྱི་དབར་ཟམ་པ་ལྟ་བུའི་ལས་འགན་ཁུར་ཞིང་། ཁབ་རྩེའི་ཨི་ཁུང་ཅན་གྱི་པར་ཆས་ ( Pinhole camera ) ནས་མཚོ་ཐོག་ཕྱོགས་སྟོན་འཁོར་ལོ་བཅས་གསར་རྙེད་བྱུང་སྟེ་དབྱི་སི་ལཱམ་གྱི་གསར་གཏོད་པས་འཛམ་གླིང་གིས་ཚན་རིག་ལ་ལྟ་སྟངས་གསར་པ་ཞིག་སྦྱིན། དེ་ལྟར་ཚན་རིག་དེ་ཉིད་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཡོད་པ་ཞིག་ལ་ངོས་འཛིན་སྤྲད། ཕྱོགས་གཞན་ཞིག་ནས་ཆོས་ལུགས་དེ་ཉིད་ཀྱིས་ཨི་ཀྲི་ལིའི་ ( Italy ) རིག་གནས་བསྐྱར་དར་ལ་སྡིངས་ཆ་བཟོས་ཡོད་པ་དང་། ཆོས་ལུགས་དེ་ཉིད་ཀྱིས་འཛམ་གླིང་ལ་ཞི་བདེ་དང་བཟོད་སྒོམ། འདྲ་མཉམ། དྲང་བདེན། བཅས་ཀྱི་ཐོག་ལ་བསླབ་བྱ་བཟང་པོ་གནང་ཡོད། འོན་ཀྱང་། སྡུག་ས་ནས་ཆོས་ལུགས་དེ་ཉིད་ཀྱི་ནང་ནས་ཆོས་ལུགས་ཀྱི་མིང་བྱང་འོག་ངན་སྐུལ་བྱས་པའི་དབྱི་སི་ལཱམ་གྱི་དྲག་སྤྱོད་པ་མགྱོགས་མྱུར་གོ་ལ་ཁྱོན་ལ་ཁྱབ་པར་བྱས། དམིགས་བསལ་གྱིས་རྒྱལ་སྤྱིའི་དབྱི་སི་ལཱམ་གྱི་དྲག་སྤྱོད་ཚོགས་པ་ཨལ་ཁཱེ་རྡ་ ( Al-Qaida ) དང་དེ་མིན་གྱི་དྲག་སྤྱོད་ཚོགས་པ་དུ་མ་ཞིག་ཆོས་ལུགས་དེ་ཉིད་དང་འབྲེལ་བ་ཡོད་པར་གྲགས། གང་ལྟར། ཆོས་ལུགས་དེས་འཛམ་གླིང་འདི་དེང་དུས་ཅན་དུ་བསྒྱུར་བའི་བྱ་གཞག་ཁྲོད་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད།
ལྔ་པ། ཡེ་ཤུའི་ཆོས་ལུགས་དབུ་བརྙེས་པ།
འཛམ་གླིང་ཁྱོན་ལ་རྗེས་འཇུག་པ་ཧ་ཅང་མང་བའི་ཡེ་ཤུའི་ཆོས་ལུགས་འདི་ཉིད་ནི་འཇིའུ་ཆོས་ལུགས་དང་། ཕྷ་གན་ ( Pagan ) གནའ་རབས་ཆོས་ལུགས་གཉིས་རྩ་བར་བྱས་ནས་བྱུང་བའི་ཆོས་ལུགས་ཤིག་ཡིན། སྤྱིར་སྟོན་པ་ཡེ་ཤུ་འཁྲུངས་པ་དེ་དུས་ཚོད་དམིགས་བསལ་བ་ཞིག་སྟེ། སྐབས་དེ་ནས་ང་ཚོས་འཛམ་གླིང་གི་ལོ་དུས་བརྩི་ཚུལ་གྱུར། དེ་ནས་བཟུང་སྤྱི་ལོའི་སྔོན་དང་སྤྱི་ལོའི་རྗེས་ཀྱི་ལོ་བརྩི་ཚུལ་དེས་ང་ཚོས་ལོ་རྒྱུས་ཀྱི་གནད་དོན་རྣམས་ནམ་བྱུང་མིན་གསལ་པོར་ཤེས་ཐུབ། ཆོས་ལུགས་དེས་དེང་དུས་མིའི་འཚོ་བ་སྐྱེལ་སྟངས་ཐོག་ལ་དམིགས་བསལ་གྱིས་ཤུགས་རྐྱེན་དང་ཕན་ཐོགས་བྱུང་བ་དང་། དམིགས་བསལ་ཆོས་ལུགས་དེས་འགྲོ་བ་མིའི་རིགས་ཀྱི་མི་ཚེའི་རིན་ཐང་ལ་ཐག་ཇེ་ཉེ་ནས་ལྟ་སྟངས། བརྩེ་བ་དང་སྙིང་རྗེའི་གོ་དོན་ལ་གོ་བ་ཇེ་ཟབ་ཏུ་ལོན་དགོས་ཚུལ་གྱི་བསླབ་བྱ་བསྟན། ད་དུང་། མི་ཚེ་དེ་ཉིད་གཞན་དོན་བྲན་དུ་བཀོལ་ནས་ཚེ་བློས་གཏོང་གི་བསམ་བློའི་སློབ་གསོ་ཤུགས་ཆེན་བཏང་། བར་སྐབས་དེ་ནས་རྩོམ་འབྲི་བ་ཀུན་ཆོས་ལུགས་དང་མི་འབྲེལ་བ་ཧ་ལམ་མེད་པ་ལྟ་བུ་ཡིན། ཡེ་ཤུའི་ཆོས་ལུགས་དེ་རྩོམ་རིག་གཞུང་ལུགས་དང་སྒྱུ་རྩལ་གྱི་ཁྱབ་ཁོངས་ཀྱི་བྱ་གཞག་ལ་ཧ་ཅང་མཐོང་ཆེན་བྱེད་མཁན་ཞིག་ཀྱང་རེད། ཡེ་ཤུའི་ཆོས་དར་སྤེལ་གཏོང་མཁན་དག་གིས་སྐད་ཡིག་འདྲ་མིན་ནང་དུ་ཡེ་ཤུའི་གསུང་རབ་དཔར་སྐྲུན་བྱས། སྤྱི་ལོ་ 1215 ལོར་དོན་ཚན་བཅུའི་ནང་བསྡུས་པའི་མི་རིགས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་ཁྲིམས་ཡིག་བསྒྲགས། གང་ལྟར་ཡེ་ཤུའི་གསུང་རབ་བྷཡེ་སྦེལ་ (bible) ནི་འཛམ་གླིང་ནང་ད་བར་བརྩམས་པའི་བརྩམས་ཆོས་ཆེས་ལེགས་ཤོས་ཤིག་དང་སྟོན་པ་ཡེ་ཤུ་ནི་འཛམ་གླིང་ལོ་རྒྱུས་ནང་གནས་པའི་ཕུལ་དུ་བྱུང་བའི་སྐྱེས་ཆེན་དམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།
དྲུག་པ། བཟོ་ལས་གསར་བརྗེ།
དུས་སྐབས་དེ་ནི་བཟོ་ལས་གསར་བརྗེའམ་གསར་ཐོན་ཤུགས་ཆེན་བྱུང་བའི་དུས་སྐབས་ཤིག་སྟེ། སྤྱི་ལོ་ ༡༩༩༥ ལོའི་ནོ་བྷེལ་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་གྱི་སྐུ་ཞབས་རོ་བྷར་ཀྲི་ ( Robert E. Lucas. Jr. ) ལགས་ཀྱིས་དེ་འདྲ་ཞིག་གསུངས་འདུག “དུས་སྐབས་དེ་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་མི་དམངས་དཀྱུས་མ་དག་གིས་ཀྱང་དཔལ་འབྱོར་གོང་འཕེལ་གི་བྱ་གཞག་ནང་འཛུལ་རྒྱུ་བྱུང་ཡོད་ལ། ཁྱབ་ཆེའི་རང་བཞིན་གྱི་དཔལ་འབྱོར་གནད་དོན་དེ་འདྲ་ཞིག་ལོ་རྒྱུས་ནང་བྱུང་མྱོང་མེད།” ཅེས་གསུངས་འདུག དུས་སྐབས་དེར་དཔར་སྐྲུན་འཕྲུལ་འཁོར་གསར་དུ་རྙེད་པ། གྱོན་གོས་འཐག་བྱེད་ཀྱི་འཕྲུལ་འཁོར་གསར་བཟོ་སོགས་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་རིང་གི་བཟོ་ལས་གསར་བརྗེ་དེས་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ལ་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་། དུས་རབས་དེས་ང་ཚོར་བེད་སྤྱོད་ཆེ་བའི་རླངས་ཤུགས་ཀྱིས་འགུལ་བའི་མ་ལག་འཕྲུལ་འཁོར་སྤྲད་ཡོད་ཅིང་། རླངས་འཁོར་གྱི་གཞུང་ལམ་དང་མེ་འཁོར་གྱི་ལྕགས་ལམ་སོགས་གློ་བུར་དུ་ཡར་རྒྱས་ཆེན་པོ་བྱུང་། འཕྲུལ་ཆས་འདྲ་མིན་གསར་གཏོང་བྱུང་བ་དང་ཆཱར་ལི་ (Charles Babbage) ཡིས་འཛམ་གླིང་གློག་ཀླད་ཀྱི་གཞི་རྐང་གསར་གཏོད་བྱས། རིམ་གྱིས་རླུང་འཕྲིན་དང་གློག་འཕྲིན་སོགས་ཀྱིས་འཛམ་གླིང་འདིའི་འབྲེལ་ལམ་བྱ་ཚུལ་ཡོངས་སུ་འགྱུར་ལྡོག་བཏང་། གནད་དོན་གཞན་ཞིག་ནི་བཟོ་ལས་གསར་བརྗེ་དེས་མིའི་རིགས་ལ་ཞིང་ལས་དང་ཕྱུགས་ལས་ལས་བརྒལ་བའི་འཚོ་ཐབས་རྩོད་ཐབས་གསར་པ་དུ་མ་མཁོ་སྤྲོད་བྱས་པ་རེད་ཅེས་བཤད་ཀྱང་མ་འགྲིགས་པ་མེད།
བདུན་པ། གྲང་དམག
དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་དུས་ངན་ཞིག་ཡིན། དུས་སྐབས་དེའི་འབུར་དུ་ཐོན་པའི་གནད་དོན་ཞིག་ནི་ཨ་རི་དང་ཨུ་རུ་སུ་ཆེན་པོའི་བར་གྱི་འགལ་ཟླ་ཡིན། རྒྱལ་ཁབ་གཉིས་པོའི་བར་ལ་ཐད་ཀའི་དམག་འཁྲུག་ལངས་མེད་ཀྱང་ཀོ་རི་ཡ་དང་ཝི་ཏི་ནམ་གྱི་དམག་འཁྲུག་གི་འགོ་བསླངས་ཡོད། ཁེའུ་བྷའི་ ( Cuba ) རྡུལ་ཕྲན་མེ་ཤུགས་འཕུར་མདའི་རྩོད་རྙོག་དེ་འཛམ་གླིང་གི་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་གི་རྒྱབ་ལྗོངས་སུ་གྱུར། ཨུ་རུ་སུ་ཆེན་པོ་དང་རྒྱ་ནག་བར་གྱི་འབྲེལ་བ་ཚུགས། གྲང་དམག་དེ་ཉིད་མཐར་འཇར་མན་གྱི་བྷར་ལིན་གྱི་གྱང་ ( Berlin wall ) གཏོར་བ་དང་རྒྱལ་ཁབ་དུ་མས་རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་བྱས་པ་བརྒྱུད་མཇུག་བསྒྲིལ་ཡོད། དུས་སྐབས་དེའི་རིང་ཆེས་དགོས་ངེས་ཅན་གྱི་ཚན་རིག་ལག་རྩལ་དུ་མ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་ནི། སྔོན་ཐོན་གྱི་སྲུང་སྐར་འཕྲིན་ལམ། གླིང་ཕྲན་ནང་ཁུལ་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་གསར་གཏོད། སྲུང་སྐར་གྱི་བརྡ་ལ་བརྟེན་ནས་འཚོལ་ཞིབ་ལག་རྩལ་དང་ལག་རྩལ་ཆེས་སྔོན་ཐོན་གྱི་གློག་ཀླད་གསར་བཟོ་བྱས་ཡོད། གནད་དོན་དེ་དག་གི་ནང་ནས་གལ་གནད་ཆེ་ཤོས་ཤིག་ནི་ཨ་རི་དེ་ཉིད་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་པའི་རྒྱབ་ཁབ་དུ་མའི་འགོ་ཁྲིད་ལྟ་བུར་ཕྱོགས་ཀུན་ནས་བསྒྲགས།
བརྒྱད་པ། ཨེ་ཕྷོ་ལོ་གལ་ཆེའི་ལས་འཆར།
ཕྷི་རི་ཀྲི་མན་དང་རཱ་སེལ་ ( Freedman and Russell ) ཞེས་པའི་སྤུན་གཉིས་ཀྱིས་འགྲོ་བ་མིའི་རིགས་ཀྱི་གནམ་ལ་འཕུར་འདོད་ཀྱི་འདོད་པ་དེ་བསྐངས་པ་རེད། དོན་དངོས་ཐོག་དེ་ནི་མཁའ་དབྱིངས་འཕུར་གྲུའི་གསར་གཏོད་ཅིག་སྟེ་འགྲོ་བ་མིས་གནམ་ལ་འཕུར་ཐུབ་པའི་ར་སྤྲོད་བྱས་ཡོད། འཛམ་གླིང་ནང་ཆེས་གྲགས་ཆེ་བའི་ཨ་རིའི་གནམ་རིག་སྐར་དཔྱད་ཚོགས་པ་ནཱ་ས་ ( NASA ) ཡིས་གོ་སྒྲིག་བྱས་པའི་ཨེ་ཕྷོ་ལོ་ ༡༡ ( Apllo 11 ) རྟགས་ཅན་གྱིས་མཁའ་བསྐྱོད་བྱས་ཏེ་ཟླ་བའི་སྟེང་ཆེས་ཐོག་མར་མིའི་རིགས་ཀྱིས་གོམ་པ་སྤོ་ཐུབ་པ་བྱུང་ཡོད། སྐྱེ་བོ་ཕལ་མོ་ཆེས་དེ་ནི་སྤྱིར་བཏང་གི་ཚན་རིག་ཡར་རྒྱས་ཙམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ལམ་ལྷོང་དེའི་ཤུགས་རྐྱེན་ནི་ཧ་ཅང་རླབས་ཆེན་ཞིག་ཏུ་གྱུར་བའི་དཔེ་མཚོན་ཞིག་སྟེ། སྐབས་དེ་དུས་ནས་བཟུང་ང་ཚོས་སྔ་མོའི་གོ་ལའི་གཟུགས་དབྱིབས་ལ་ལྟ་སྟངས་འཛིན་ཚུལ་གུ་དོག་དང་དཀའ་ཁག་ཅན་རྣམས་ལས་གྲོལ་ཏེ་གཟི་བརྗིད་ཆེ་བའི་འགྱུར་ལྡོག་ཅིག་གིས་གོ་ལའི་གཟུགས་དབྱིབས་སྦར་མཐིལ་ཏུ་བཞག་ཐུབ་པ་ལྟ་བུ་བྱུང་ཡོད། བར་སྐབས་དེ་ནས་རྒྱལ་ཁབ་དུ་མའི་སྐར་དཔྱད་ཞིབ་འཇུག་འཆར་འགོད་པ་དག་གིས་རང་སོ་སོའི་སྐར་དཔྱད་ཞིབ་འཇུག་ལས་འཆར་ཆར་ཤུལ་གྱི་ཤ་མོ་བཞིན་འཕེལ་ཞིང་། མཁའ་དབྱིངས་ནས་གོ་ལའི་འདྲ་པར་བླངས་ཏེ་འགྲོ་བ་མིའི་རིགས་ཀྱི་མིག་གི་ལོངས་སྤྱོད་དུ་བཤམས། མཐར་རླབས་ཆེན་གྱི་བྱ་གཞག་དེ་ནི་འཛམ་གླིང་ཞི་བདེ་ཡོང་བའི་ལས་འགུལ་གྱི་འབོད་ཚིག་ཏུ་གྱུར་པ་ནི། “སྟེང་གི་ས་མཚམས་རྒྱ་སྐྱེད་གཏོང་།། མཛེས་པའི་གོ་ལ་སྲུང་སྐྱོབ་བྱོས།།” ( དབྱིན་སྐད་དུ་དེ་ལྟར་སྒྲོག་བཞིན་འདུག Rise above boundaries and protect the beautiful world! ) ཞེས་པ་དེ་དར་ཁྱབ་ཤིན་ཏུ་ཆེན་པོ་ཕྱིན། དེ་བཞིན་མཚོ་དམག་གི་རྒྱལ་ཁ་དུ་མ་བླངས་མྱོང་བའི་ཨ་རིའི་མཚོ་དམག་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་བཀའ་བཀོད་པ་བྱེད་མྱོང་བའི་ཝི་ལིམ་བྷན་རྦི་རི་ཇི་ (William Bainbridge) ཡིས་དེ་ལྟར་བཤད་འདུག “ཨེ་ཕྷོ་ལོ་ལས་འཆར་དེ་ཡིས་ཉོབ་སྣང་ལྡན་པའི་འཇིག་རྟེན་གྱི་འཚོ་བ་དེ་ལས་རྣམ་པར་རྒྱལ་ཏེ་འགྲོ་བ་མིའི་རིགས་ཀྱི་གནས་ཡུལ་དང་རྐང་རྗེས་འཇོག་ཡུལ་བསམ་ཡུལ་འདས་པའི་རྒྱ་སྐྱེད་བྱས་པ་དང་ལྷན་རྫུ་འཕྲུལ་ལྟ་བུའི་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།” ཅེས་བཤད།
དགུ་པ། གསོ་རིག་གསར་བརྗེ།
ཕྷེ་ནི་སི་ལན་ (Penicillin) གཉན་འཇོམས་ཀྱི་སྨན་དཔྱད་དེ་གསར་རྙེད་བྱུང་བ་ནི་གསོ་རིག་སྡིངས་ཆའི་སྟེང་གི་གསར་རྙེད་ཆེས་ཕུལ་དུ་བྱུང་བ་ཞིག་ཆགས་ཀྱི་ཡོད། སྨན་དཔྱད་དེ་ཐོན་པའི་རྗེས་ནས་མི་ཤི་གྲངས་རིམ་གྱིས་ཉུང་དུ་ཕྱིན་པ་ཙམ་མིན་པར་འགྲོ་བ་མིའི་རིགས་ཀྱི་མི་ཚེ་དང་འབྲེལ་བའི་སྨན་དཔྱད་གསར་རྙེད་དུ་མའི་འགོ་བསླངས་པར་བྱས། དེ་ནས་ལུ་ཝི་སི་ཕྷ་སི་ཀྲུར་ (Louis Pasteur) གྱིས་སྔོན་འགོག་སྨན་དཔྱད་གསར་རྙེད་བྱུང་སྟེ་དེའི་མཇུག་འབྲས་ནི་ང་ཚོ་གཤིན་རྗེའི་ཁ་ལ་སྐྱེལ་མཁན་གྱི་ནད་ཡམས་དུ་མ་ཞིག་ལས་གཡོལ་ཐུབ་པར་གྱུར་བ་དེ་རེད། སྨན་དཔྱད་དེ་དག་གསར་རྙེད་མ་བྱུང་བའི་ཡར་སྔོན་དུ་རྨ་ཆུང་ཆུང་དག་གིས་ཀྱང་འགྲོ་བ་མིའི་ཚེ་སྲོག་འཕྲོག་པར་བྱེད། དེ་མིན་སྲིན་ཐོར་ཆུང་ཆུང་ ( smallpox ) སྐྱེས་པའི་ནད་ལྟ་བུར་མཚོན་ན་ལས་ངན་བྱེད་མཁན་ལ་དཀོན་མཆོག་གིས་ཆེས་ལྕི་བའི་ཉེས་ཆད་གཅོད་པར་འགྲེལ། ངང་རྒྱུད་རིང་པོས་འབད་པ་བྱས་པའི་རླབས་ཆེན་གྱི་གསར་རྙེད་དེ་དག་བྱུང་མེད་ན་འགྲོ་བ་མིའི་རིགས་རིམ་གྱིས་རྩ་སྟོངས་སུ་འགྱུར་མི་སྲིད་པ་མིན།
<<མིག་རྒྱང་དང་ཕུགས་བསམ་མེད་པའི་ང་ཚོ།>>
གལ་སྲིད་ཁྱེད་རང་ཤེས་ཡོན་ལ་དུང་ཞིང་བོད་མི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་སེམས་ཁུར་ཡོད་མཁན་ཞིག་ཡིན་ན་གོང་གི་གནད་དོན་དེ་དག་ང་ཚོས་ངེས་པར་དུ་ཤེས་དགོས་པའི་ཚོར་སྣང་ཞིག་ངང་གིས་སྟེར་ངེས་རེད། མ་ཟད། གནད་དོན་དེ་དག་གི་ཐོག་ཞིབ་པར་སློབ་སྦྱོང་བྱས་ཏེ་ང་ཚོའི་ཆབ་སྲིད་བསམ་བློའི་སློབ་སྦྱོང་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་དང་། འཁྱོག་བཞིན་པའི་ང་ཚོའི་གནས་བབ་ལའང་བཅོས་བསྒྱུར་གྱི་བསམ་བློ་ཞིག་རྙེད་ངེས་ཡིན། བློ་ཕངས་པ་ཞིག་ལ་ང་ཚོས་གནད་དོན་དེ་དག་གི་ཐོག་དོ་སྣང་བྱེད་ཀྱི་མེད་ལ། སྨྱུ་གུ་ཐོགས་པ་ཙམ་གྱིས་རྟོག་སད་པར་རློམ་པ་དག་ཀྱང་དཔྱད་བརྗོད་ནང་འཁོར་མ་འགའ་རེ་བྲིས་ནས་རང་མཐོ་རང་རློམ་གྱི་དག་སྣང་གི་ཞིང་ཁམས་མྱུལ་བཞིན་ལོ་རྒྱུས་ལ་འཁང་ར་རེ་བྱེད་པ་ལས་གཞན་འཇོན་ཐང་གང་ཡང་མེད། དེ་དག་གི་སྨོན་སེམས་ཤོར་ས་ནི་དོན་དངོས་ཐོག་འཛམ་གླིང་ལོ་རྒྱུས་ནང་བྱས་རྗེས་གང་ཡང་མེད་ཀྱང་ཅུང་གྲགས་ཆེ་བའི་སྟོང་བསམ་དང་གྲུབ་འབྲས་མེད་པའི་བསམ་ཚུལ་རིང་ལུགས་ཀྱི་སྐྱེ་བོ་དེ་དག་རེད།
དེ་ལས་འགྱོད་པ་ཆེ་བ་ནི་གནད་དོན་དེ་དག་སྔར་རང་ས་མ་ཤོར་སྔོན་ནས་དོ་སྣང་བྱེད་དགོས་པ་ཤ་སྟག་རེད་འདུག འོན་ཀྱང་། སུའི་ལན་པ་རེད་དམ། སུ་ལ་གྱོད་གཏུགས་བྱ་དགོས་སམ། ཁོང་ཚོ་ཐམས་ཅད་འདས་ཟིན་པས་སུ་ལའང་འཁང་ར་བྱེད་ས་མེད། དེའི་ཕྱིར་ད་ལྟའི་ང་ཚོའི་དུས་རབས་འདི་སྨྲེ་ངག་གིས་ཁེངས་པའི་ཡར་རྒྱས་མེད་པའི་དུས་རབས་ཤིག་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ནམ། ཡང་ན་སྙིགས་དོར་བཅུད་ལེན་བྱས་ཏེ་ང་ཚོའི་ཤེས་རིག་གི་དཔལ་ཡོན་དབུལ་བའི་མྱ་ངམ་ཐང་ཆེན་འདི་ན་སྣ་ཚོགས་ཤེས་བྱའི་ཚོགས་ཀྱི་མེ་ཏོག་གི་ལྡུམ་ར་ཞིག་གསར་བསྐྲུན་བྱ་རྒྱུ་ཡིན།
ད་དུང་ངས་ཚོར་བ་དམར་རྗེན་ཞིག་ཁྱེད་ཅག་གི་མདུན་དུ་བསྟན་ན། ང་ཚོའི་མཁས་པའི་གོ་མིང་འཛིན་པ་དག་གིས་སྤྱི་ཚོགས་ཀྱི་སྟོང་ཆ་མ་ཤེས་པ་ཡིན་ནམ། ཡང་ན་ཤེས་ནས་ཁྱད་དུ་གསོད་པ་ཡིན་མིན་ཆ་མི་འཚལ་བར་ཁེ་བཟང་ཡོད་པའི་ཁ་ཕྱོགས་ཀྱི་ལས་རིགས་སུ་བཞུགས་པ་ལས། དོན་དངོས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་འཕེལ་རྒྱས་ལ་མིག་དཔེ་སྟོན་རྒྱུ་ཕར་བཞག་བསམ་གཞིག་ཀྱང་བྱེད་ཀྱི་མི་འདུག དེ་ནི་ཉེ་བའི་ཆར་ནང་བསྒྱུར་བྱས་པའི་དཔེ་དེབ་ཀྱི་ཚོགས་ལ་ཐེངས་གཅིག་བསྐྱར་ཞིབ་བྱས་ནས་ཤེས་གསལ་རེད། མདོར་བསྡུས་ན་ང་ཚོའི་མ་འོངས་པའི་མི་རབས་རྗེས་མའི་བུ་ཕྲུག་ཚོའི་བསམ་བློ་ཚད་བཀག་ཅན་དུ་སྐྲུན་གྱིན་ཡོད་ལ་ང་ཚོའི་སྐད་ཡིག་གི་ཟུངས་ཁྲག་འཛག་བཞིན་པར་སྣང་མེད་དུ་བཞག་པ་དང་གཉིས་སུ་མེད། དེ་ལས་ཀྲུང་གོའི་སྒྲིག་འཛུགས་འོག་ཏུ་ཡོད་པའི་བོད་ཡིག་སྡེ་ཚན་ཁག་གིས་ཕྱོགས་གང་ས་ནས་མཐོང་ཐབས་བྱས་ཏེ་གང་ཐུབ་གང་འཇོན་གྱིས་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད་པ་མིག་དང་སེམས་ཀྱི་ལོངས་སྤྱོད་དུ་གྱུར་ཡོད། འོན་ཀྱང་། དེ་དག་ཙམ་གྱིས་དུས་རབས་འདིའི་རང་མི་རིགས་ཀྱི་ཤེས་རིག་གི་སྐོམ་པ་སེལ་ཐུབ་བམ།
ད་དུང་ངས་ཨ་རིའི་གཞུང་ཚབ་སློབ་གྲྭའི་དབྱིན་ཡིག་དཔེ་ཁང་དང་གནས་ག་གེ་མོའི་བོད་ཡིག་གི་དཔེ་ཁང་ཆེ་གྲས་ཤིག་མྱུལ་བའི་གནས་ལུགས་ཤིག་བཤད་འདོད་བྱུང་། དེ་ནི་ངའི་ཚན་རིག་དང་མཐུན་པའི་ཚོད་ལྟ་ཞིག་གམ་དུས་ཐུང་ཞིབ་འཇུག་གི་ཐབས་ལམ་ཞིག་སྤྱད་ནས་བྱུང་བའི་གྲུབ་འབྲས་ཤིག་སྟེ། བློ་གྲོས་དང་ལྡན་པ་རྣམས་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་ཡིན།
ངས་དཔེ་ཁང་དང་པོའི་ནང་ཡར་འཛུལ་མ་ཐག་སྡེ་ཚན་སོ་སོ་ནས་གདམ་གསེས་བྱས་པ་མིན་པར་དཔེ་མཛོད་ཁང་གི་ཟུར་ཞིག་ལ་དཔེ་སྒྲོམ་བསྐྱར་བཟོ་བྱེད་ཀྱིན་པའི་ལས་གཞིའི་འོག་དཔེ་དེབ་རྣམས་གང་བྱུང་དུ་སྤུངས་ནས་བཞག་པའི་དབུས་ནས་ལག་ཏུ་གང་སོན་གྱི་དཔེ་དེབ་བཅུ་གསུམ་བླངས་པ་ཡིན། དཔེ་ཁང་གཉིས་པ་ལ་དེ་ལྟར་མིན་པར་སྡེ་ཚན་ཇི་ཡོད་ཐམས་ཅད་ནས་དཔེ་དེབ་སྤུས་ཀ་དག་པར་མཐོང་བ་དག་བླངས་པ་ཡིན།
དཔེ་ཁང་དང་པོ་ནི་གོང་ཞུས་ལྟར་ལྡི་ལི་ཨ་རིའི་གཞུང་ཚབ་ཀྱི་སློབ་གྲྭའི་དཔེ་ཁང་རེད། ད་ངས་ཅི་ཞིག་བྱས་པ་ཡིན་ནམ་ཞེ་ན་དཔེ་དེབ་དེ་དག་རེ་རེ་བཞིན་ནང་དོན་ལ་དཔྱད་ཞིབ་བྱེད་འགོ་བརྩམས་པ་ཡིན། དེ་ནི་ཤེས་འདོད་ཅན་གྱི་བློ་ལྡན་སྐྱེ་བོ་མགུ་བར་བྱེད་པ་ཤ་སྟག་སྟེ། དེབ་དང་པོ། ཨ་ཕྷི་རི་ཁའི་དྲན་གསོ། <<Africa remembered>> དེའི་ནང་དོན་ནི་ནུབ་ཨ་ཕྷི་རི་ཁའི་བྲན་གཡོག་ཚོང་ལས་དུས་རབས་ཀྱི་ལོ་རྒྱུས་རེད་འདུག དེབ་གཉིས་པ། ལོ་བརྒྱའི་དམག་འཁྲུག <<The hundred years’ war>> དེ་ནི་འདས་པའི་ལོ་བརྒྱའི་རིང་གི་འཛམ་གླིང་དམག་འཁྲུག་དབྱེ་ཞིབ་བྱས་པའི་གནད་དོན་རེད། དེབ་གསུམ་པ། ཤར་ཡོ་རོབ་ནང་གི་གསར་བརྗེ། <<Revolution in eastern Europe>> དེབ་དེའི་ནང་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་སོ་སོའི་གསར་བརྗེའི་བརྒྱུད་རིམ་རྣམས་གསལ་པོར་འཁོད་འདུག དེབ་བཞི་པ། བཟོ་ལས་དང་མངའ་ཐང་། <<Industrial and Empire>> དེེབ་དེ་ནི་བཟོ་ལས་གསར་བརྗེའི་བྱུང་བ་བརྗོད་པ་དང་འབྲེལ་དེའི་གཞི་རྒྱ་ཆེ་བའི་ཤུགས་རྐྱེན་གླེང་བའི་སྐོར་རེད་འདུག དེབ་ལྔ་པ། རྩིས་རིག་གི་བྱུང་རབས་ཤིག <<A History of Mathematics>> དཔེ་དེབ་དེ་ནི་མཐུག་ལ་རྩིས་རིག་གི་ནང་དོན་ཞིབ་ཚགས་ཀྱིས་བརྗོད་པ་ནི་ཐོག་མར་གྲངས་ཀྱི་བྱུང་ཚུལ་ནས་བརྒྱུད་ཨི་ཇིབ་ཀྱི་གནའ་བོའི་རྩིས་རིག་གི་ཤུལ་བཞག མེ་སོ་ཕྷོ་ཏྲ་མི་ནི་ཡའི་སྐབས་སུ་རྩིས་རིག་གི་ལུགས་གསར་རྙེད་བྱུང་ཚུལ་དང་རྩིས་རིག་གི་སྐྱོན་ཆ་རྣམས་ངེས་ཤེས་བྱུང་སྟེ་དག་ཐེར་བྱས་པ། དེ་ནས་གྷི་རིག་དཔའ་བོའི་དུས་རབས་ཀྱི་རྩིས་རིག པེ་ལེའི་ཀྲོ་དང་ཨ་རི་ཐོ་ཏྲལ་ (Plato and Aristotle) གྱི་དུས་རབས་ཀྱི་གྲངས་ཀྱི་རིག་པ། དེ་ནས་རྒྱ་ནག་དང་རྒྱ་གར་གྱི་རྩིས་རིག་དར་འཕེལ། རིག་གནས་བསྐྱར་དར་སྐབས་ཀྱི་རྩིས་རིག དུས་རབས་ཉི་ཤུ་པའི་ལྟ་སྟངས་སོགས་ཞིབ་ཅིང་རྒྱས་པའི་ནང་དོན་གྱིས་གྲུབ་འདུག དེབ་དྲུག་པ། འཇིག་རྟེན་དངོས་དང་འཆར་སྣང་གི་འཇིག་རྟེན། << Real and Imagined worlds>> དེ་ནི་སྤྱི་ཚོགས་ཚན་རིག་གི་དཔེ་དེབ་གྲགས་ཅན་ཞིག་རེད་འདུག་ལ་རྩོམ་པ་པོ་དེ་འདྲ་བས་ཆུ་ཚད་ལོངས་པའི་ཐོག་ནས་དངོས་ཡོད་ཀྱི་འཇིག་རྟེན་ལྟ་ཚུལ་གཞིར་བཞག་སྟེ་མི་རིགས་ཀྱི་སྤྱི་ཚོགས་ལ་དཔྱད་བརྗོད་དང་བྱུང་འཕེལ་རྗོད་པར་བྱེད། དེབ་བདུན་པ། ལོ་རྒྱུས་སྨྲ་བ་པོའི་སེམས་ཁམས་དང་ཐབས་ལམ། <<The mind and method of the historian>> དེབ་དེ་ནི་ཁ་བྱང་གི་ནང་དོན་བཞིན་ལོ་རྒྱུས་སྨྲ་བ་པོ་ཚོས་ངེས་པར་དུ་བལྟ་དགོས་པའི་དཔེ་དེབ་གལ་ཆེན་ཞིག་རེད་འདུག དེས་ལོ་རྒྱུས་སྨྲ་བ་པོ་དག་ལ་ལོ་རྒྱུས་ལ་ལྟ་ཚུལ་དང་དབྱེ་ཞིབ་བྱ་ཚུལ། ལོ་རྒྱུས་འབྲི་བ་དང་བཤད་པའི་སྐབས་ཀྱི་སེམས་ཁམས་ཀྱི་འཁྱེར་སོ་སོགས་ལམ་སྟོན་བྱས་འདུག དེབ་བརྒྱད་པ། ཡར་རྒྱས་ཀྱི་ལམ། <<Paths to progress | Bread and freedom in developing society>> ཡར་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་ནང་གི་བག་ལེབ་དང་རང་དབང་། ཞེས་དཔལ་འབྱོར་གྱི་དབང་བསྒྱུར་འོག་ཡར་རྒྱས་འགྲོ་བཞིན་པའི་དེང་དུས་སྤྱི་ཚོགས་ཀྱི་དོན་ངོ་མའི་བདེ་སྐྱིད་དང་འདུན་པར་ཞིབ་དཔྱད་བྱས་ཏེ་དོན་ངོ་མའི་ཡར་རྒྱས་ཅི་ཞིག་ཡིན་མིན་ཐད་དོགས་སློང་དང་རང་ཉིད་ཀྱི་ལྟ་ཚུལ་བཀོད་པ་ཞིག་རེད་འདུག དེབ་དགུ་པ། ཕྱི་ཡུལ་དུ་བྱ་བར་ཞུགས་པའི་དཀའ་ཉེས་སམ་མཚར་སྣང་། << The adventure of working abroad>> དེ་ནི་རྩོམ་པ་པོ་ཉིད་ཀྱིས་ཕྱི་ཡུལ་དུ་བྱ་བར་ཞུགས་པའི་དཀའ་ཉེས་དང་མཚར་སྣང་འདྲེས་མའི་བརྒྱུད་རིམ་བཤད་ཞོར་དུ་ལུང་པ་གཞན་དང་གཞན་གྱི་གནས་སྟངས་དང་འཚོ་བ་སྐྱེལ་སྟངས་མི་འདྲ་བའི་ཐོག་གསལ་འབྲི་བྱས་ནས་འོང་འགྱུར་ས་གནས་དེར་སྐྱོད་མཁན་རྣམས་ལ་རྒྱུས་མངའི་བག་ཆགས་འཇོག་པར་ཕན་ཐོགས་བསྐྲུན་ཡོད། ང་ཚོའི་སྐད་ཡིག་ནང་གནས་བཤད་ཕུད་གོང་གི་དཔེ་དེབ་འདྲ་བ་རྩོམ་མཁན་རེ་ཟུང་མཐོང་རྒྱུ་ཡོད་པ་ནི་མཁས་དབང་དགེ་ཆོས་ལགས། ཤེས་རབ་དར་རྒྱས་ལགས། མིང་བརྗེད་ཟིན་པའི་སུད་སི་གནས་སྡོད་ངམ་རིང་པའི་རྒན་ལགས་ཞིག་ལས་ཕྱི་ཡུལ་མྱུལ་བའི་རིག་གཞུང་རྒྱུས་ལོན་དང་དབྱེ་ཞིབ་ཀྱི་དཔེ་དེབ་ཧ་ཅང་དཀོན།
དེ་ལྟར་གོང་བཞིན་དཔེ་དེབ་རེ་རེ་ནས་གསལ་བཤད་བྱེད་མི་དགོས་པར་མདོར་ན་བོད་ཡིག་ནང་ཡོད་པ་རྣམས་གཅིག་མཚུངས་སུ་བཏང་སྟེ། དེའི་ཐོག་དབྱིན་སྐད་དུ་ཚན་རིག་གི་དཔེ་དེབ་གང་མང་། མཁའ་དབྱིངས་དང་བར་སྣང་ཚན་རིག་གི་སྐོར། འཆར་ཡན་གྱི་བརྩམས་སྒྲུང་དོན་སྙིང་ལྡན་པ་དུ་མ། སྐད་ཡིག་འདྲ་མིན་གྱི་རང་བཞིན་ལ་དཔྱད་པ། རྒྱལ་ཁབ་འདྲ་མིན་གྱི་རྩོམ་རིག་གཞུང་ལུགས། གནའ་དེང་གཉིས་ཀའི་སེམས་ཁམས་རིག་པ་སོགས་བརྗོད་བྱའི་ཁྱབ་ཁོངས་བློ་ཡུལ་ན་བསྡོམས་རྩིས་རྒྱག་དཀའ་བའི་གནས་ཡིན། དེ་ལྟར་མཐའ་ཡས་པའི་ཤེས་བྱའི་ཚོགས་ཀྱིས་ཅི་ཞིག་ལ་རིན་ཐང་སྤྲོད་ཀྱི་ཡོད་དམ། དེ་ནི་ངེས་པར་དུ་བསམ་དགོས་པའི་གལ་ཆེན་ནང་གི་དོན་ཆེན་གྱི་གནད་དོན་ཞིག་ཡིན།
ད་མཚམས་དཔེ་ཁང་གཉིས་པ་སྟེ་བོད་ཡིག་དཔེ་ཁང་དུ་སོང་བ་ཡིན། དཔེ་ཁང་དེའི་ནང་གོང་ཞུས་བཞིན་སྡེ་ཚན་ཁག་སོ་སོ་ནས་དཔེ་དེབ་སྤུས་ཀ་དག་པ་རྣམས་བཙལ་ནས་ཞིབ་བཤེར་བྱས་པ་ན་ ( ཆོས་གཞུང་དང་སྨན་གཞུང་ཕྱོགས་གཉིས་ཀའི་ཞིབ་བཤེར་ནང་བཅུག་མེད། ) བརྡ་སྤྲོད་སྐོར། སྙན་ངག་གི་སྐོར། མི་སྣའི་ལོ་རྒྱུས། རྩོམ་རིག་གཞུང་ལུགས་སྐོར་ཁྱོན་བསྡོམས་བཅུ་གྲངས་ཤིག བོད་ཡུལ་ངོ་སྤྲོད། བརྩམས་སྒྲུང་། དཔྱད་རྩོམ་ནང་འཁོར་མ་གང་འཚམ་ཞིག རྒྱ་གར་གྱི་བསྟན་བཅོས་རྙིང་པ་སྔོན་མ་བསྒྱུར་བ་འདུག་ཀྱང་དེང་སང་ཧ་ལམ་མེད་པ་ལྟ་བུར་གྱུར་འདུག ཆོས་འབྱུང་། སྔ་མོ་ཉར་བའི་ཡིག་རྙིང་ཕྱོགས་བསྒྲིགས། མགུར། ད་དུང་བོད་པས་དབྱིན་ཡིག་ཏུ་བྲིས་པ་དག་ཀྱང་ཆོས་གཞུང་དང་འབྲེལ་བ་གང་འཚམ་ཞིག་དང་སྙན་ངག་འགའ་རེ་འདུག གང་ལྟར་བརྗོད་བྱའི་ཁྱབ་ཁོངས་གཡས་སྐོར་གཡོན་སྐོར་བྱས་ཀྱང་དེ་ཙམ་རེད་འདུག དེ་འདྲ་བའི་ཉེར་ལེན་གྱིས་ང་ཚོའི་རྗེས་ལུས་ཀྱི་སྤྱི་ཚོགས་འདི་བསྒྲུབས་པ་རེད་ལ། དཔལ་ཡོན་གྱིས་སྟོང་པའི་སྤྱི་ཚོགས་ཤིག་ཏུ་གྱུར་ནས་མཐར་ཡོད་ཚད་གཞན་ལག་ཏུ་ཤོར་བའི་གནད་དོན་ཞིག་རེད། མི་རིགས་འདི་ཁག་གཞན་འགེལ་བྱེད་པར་ཤིན་ཏུ་དགའ་ཞིང་མདུན་སྐྱོད་ཀྱི་གདེང་ཚོད་ལྡན་པའི་མདུན་ལམ་ལ་ནམ་ཡང་བསམ་བློ་གཏོང་མཁན་ཞིག་རེད་མི་འདུག སྤྱིར་ཁག་གཞན་འགེལ་བྱེད་པའི་རང་བཞིན་འདི་སྒྱིད་ལུག་གི་རང་བཞིན་ཞིག་དང་རེ་མེད་སྤོབས་མེད་ཀྱི་སྤྱོད་ཚུལ་ཞིག་ཡིན་པ་ངེས་པར་དུ་ངེས་ཤེས་རྙེད་དགོས་པའི་དུས་ལ་སླེབས་འདུག མ་ཟད། ཕུན་སུམ་ཚོགས་པའི་བརྗོད་བྱས་སྟོང་པའི་ང་ཚོའི་སྐད་ཡིག་འདིར་སེམས་ཁུར་མང་ཙམ་མ་བྱས་ན་རིང་མིན་བེད་མེད་ཀྱི་ཡིག་རྙིང་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་ཅིང་། ཕྱི་རྒྱལ་བའི་མིག་ལ་བོད་ཡིག་འདི་སྔར་བོད་ལ་བླ་མའི་རྒྱལ་ཁབ་ཅེས་པ་བཞིན་བོད་ཡིག་དེ་ཡང་ད་ལྟ་ཆོས་ཡིག་ཁོ་ན་ཞིག་ཏུ་འགྱུར་བཞིན་ཡོད་པའང་རང་མི་རིགས་ཀྱི་སྐད་ཡིག་འདིའི་གཏམ་ངན་ཆེས་སྡུག་ཤོས་ཤིག་ཡིན། དེ་ནི་ང་ཚོའི་སྐད་ཡིག་འདི་འཆི་བཞིན་ཡོད་པ་ར་སྤྲོད་བྱེད་ཀྱི་ཡོད། མདོར་ན་ང་ཚོའི་སྐད་ཡིག་འདི་ལོ་རྒྱུས་ཀྱི་ཁྲོད་ནས་མཛེས་སྡུག་ལྡན་པའི་ལང་ཚོ་དར་དབང་མེད་པར་འཆི་བཞིན་པའི་གནད་དོན་ཞིག་རེད། དེ་ལྟར་གྱུར་ཟིན་པའི་དུས་ང་ཚོའི་སྐད་ཡིག་གི་ངོ་བོ་ཡོངས་སུ་གྱུར་ཟིན་ལ་རང་མི་རིགས་ཀྱི་ངོ་བོ་ཡང་དེ་དང་ལྷན་དུ་འགྱུར་གྱི་རེད།
སྤྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༣༠ ཉིན་བྲིས་པ་དགེའོ།།
བསམ་ཚུལ་ཕྲིས།