མི་ཆོས་རིག་པའི་གླེང་གཞི།
རྩོམ་ཡིག་འདི་ཐེངས་ 1855 བཀླགས་འདུག
རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་གྲུབ།
མི་ཆོས་རིག་པའི་གོ་དོན།
མི་ཆོས་རིག་པ་ནི་དེང་སྐབས་བོད་ཕྱི་ནང་གཉིས་སུ་འགོ་འབུས་ཙམ་གྱི་གླེང་གཞི་ཞིག་ཡིན། སྐུ་ཞབས་ཞོགས་དུང་སོགས་བོད་ནང་གི་རྩོམ་པ་པོ་དག་གིས་གླེང་བཞིན་པའི་མི་ཆོས་རིག་པ་ནི་ནུབ་ཕྱོགས་དང་རྒྱ་ནག་གི་མཁས་པ་ཚོས་གླེང་མྱོང་བའི་མི་ཆོས་རིག་པ་ཡིན་པས་དེ་དག་གིས་ཤན་ཤུགས་ཀྱིས་མི་ཆོས་རིག་པ་ནི་ཆོས་ཀྱི་གཞུང་ལུགས་སུ་མཐོང་མི་སྲིད་པ་དང་། མི་ཆོས་རིག་པ་ནི་ཆོས་གཞུང་གི་བསྟན་དོན་དང་འབྲེལ་བ་ཡེ་ནས་མེད་པར་མི་རང་ཉིད་ཀྱི་ཆོས་སམ་མི་ཚེའི་ལོངས་སྤྱོད་ཀྱི་དངོས་འབྱོར་དང་། སྙན་གྲགས། གོ་ཐོབ་སོགས་དང་འབྲེལ་བའི་འཚོ་གནས་རིན་ཐང་གི་ངོས་ཁོ་ན་ནས་གླེང་དགོས་པའི་བསམ་ཚུལ་བཟུང་ཡོད། ཁོང་ཚོའི་ཞེ་འདོད་ལྟར་ན་མི་ཆོས་རིག་པ་ནི། རྒྱུན་ལྡན་གྱི་བཤད་སྟངས་ལྟར་དགྲ་འདུལ་བ་དང་། གཉེན་སྐྱོང་བ། དཔལ་འབྱོར་འཚོལ་སྒྲུབ། ཉིན་རེའི་འཚོ་བའི་ནང་གི་ཕྱི་དངོས་པོའི་ལོངས་སྤྱོད་དང་དེའི་སྒྲུབ་ཐབས་ཙམ་ཞིག་ལ་གོ་བ་བླངས་འདུགདེ་བས་ཁོ་ཚོ་ལྟར་ན་བོད་ཀྱི་གནའ་རབས་ཀྱི་ཆོས་གཞུང་དག་ཏུ་མི་ཆོས་རིག་པའི་སྐོར་གྱི་འགྲེལ་བཤད་གང་ཡང་མེད་པ་དང་། དམ་པའི་ལྷ་ཆོས་ནི་མི་ཆོས་རིག་པའི་ལྡོག་ཕྱོགས་སུ་ཡོད་པའི་ངོས་འཛིན་དང་ལྷན་དུ་མི་ཆོས་རིག་པ་དོན་གཉེར་བྱེད་མཁན་ཚོས་ལྷ་ཆོས་རིག་པ་སྟེ་བོད་རྒྱུད་ནང་བསྟན་རིག་པ་རྩ་མེད་དུ་གཏོང་དགོས་པའི་བསྒྲགས་གཏམ་ཡང་སྤེལ་ཡོད། དེ་ནི་མི་ཆོས་རིག་པའི་ངོས་འཛིན་གྱི་ཁྱབ་རྒྱ་ཆུང་དྲགས་པ་དང་། མི་ཆོས་རིག་པ་ནི་ཕྱི་དངོས་པོའི་འཚོལ་སྒྲུབ་ཀྱི་ཕྱོགས་ཁོ་ནར་གཞོལ་དྲགས་པའི་བསམ་བློའི་ཐལ་སྐྱོན་ཆེན་པོ་ཤོར་བ་རེད། རྒྱུ་མཚན་ནི་མིའི་འཚོ་གནས་རིན་ཐང་ནི་ཕྱིའི་ལོངས་སྤྱོད་དང་ནང་གི་བརྩེ་སེམས་དང་འབྲེལ་བའི་འདུ་ཤེས་གཉིས་ཚོགས་ནས་ཡོང་བ་ལས། འབྱོར་བ་དང་ཕྱིའི་ལོངས་སྤྱོད་ཁོ་ནས་མི་ཚེའི་བདེ་སྐྱིད་བསྐྲུན་མི་ཐུབ་པས་སོ།། མི་ཆོས་གླེང་སྟངས་འདིས་ཁོང་ཚོས་ནུབ་ཕྱོགས་ཀྱི་མཁས་པ་ཚོའི་དགོངས་པ་ཡང་དག་པ་ཞིག་ཀྱང་ལོན་མེད་པ་སྟེ་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་བསམ་བློ་བ་དེ་ཚོའི་ཁྲོད་ནས་ཀྱང་འོལ་སྤྱི་ཙམ་གྱིས་ནང་བསམ་བློའི་བདེ་སྐྱིད་སྐོར་ལ་གླེང་སློང་བྱས་ཡོད་པའང་ང་ཚོས་མཐོང་ཐུབ་སྟེ། ནུབ་ཕྱོགས་ཀྱི་གྲགས་ཅན་ཚན་རིག་པ་ཨ་ཡིན་སི་ཐན་གྱིས་“འཇིག་རྟེན་འདིའི་ཐོག་རྒྱུ་དངོས་པོ་ཁོ་ནས་འགྲོ་བ་མིའི་རིགས་འཕེལ་རྒྱས་ཡོང་མི་སྲིད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཅེས་དང་། ངའི་ངོས་ནས་གླེང་ན་མི་ཚེའི་སྙིང་བོ་ནི་རང་དཔེ་གཞན་སྟོན་གྱིས་མི་གཞན་ལ་བསམ་ཤེས་ཐུབ་པ་བྱ་རྒྱུ་དང་། མི་གཞན་དང་དཀའ་སྡུག་མཉམ་ཁུར་དང་བདེ་བ་མཉམ་མྱོང་བྱ་རྒྱུ་ཡིན”ཞེས་བསམ་ཤེས་དང་དཀའ་སྡུག་མཉམ་ཁུར་གྱི་འདུ་ཤེས་མི་ཚེའི་སྙིང་པོར་བཤད་ཡོད། ཡང་དག་པའི་མི་ཆོས་རིག་པའི་གྲུབ་ཆ་ཡོངས་སུ་རྫོགས་པ་ལ་ནང་སེམས་ཀྱི་བདེ་སྐྱིད་དང་བདེ་སྐྱིད་དེ་སྒྲུབ་ཐབས་ཀྱི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་འཁྱེར་སོ་གཉིས་ཀ་ངེས་པར་དུ་ཡོད་དགོས། དེ་འདྲའི་མི་ཆོས་ནི་མི་ཆོས་གླེང་མཁན་ཡིན་ཟེར་བའི་བོད་ཕྱི་ནང་གི་དེང་དུས་གྱི་རྩོམ་པ་པོ་དེ་ཚོ་སུས་ཀྱང་བཤད་མི་འདུག བོད་ཀྱི་མི་ཆོས་རིག་པའི་འདས་པའི་བྱུང་རབས་དང་ད་ལྟའི་གནས་བབ་ལ་བསྐྱར་ཞིབ་ཅིག་བྱས་ན། ད་བར་དུ་བོད་གངས་ཅན་གྱི་ལྷ་ཆོས་རིག་པ་སྨྲ་མཁན་ཚོས་ནང་བསམ་བློ་དང་འབྲེལ་བའི་སྒོ་ནས། གྲོགས་པོ་དང་། ཆུང་མ། མཛའ་བོ་སོགས་གང་ཞིག་ལ་བསྟེན་འོས་པ་དང་མི་འོས་པ་སོགས་བཟང་པོའི་ཀུན་སྤྱོད་ཀྱིས་མི་ཚེའི་བདེ་སྐྱིད་སྒྲུབ་ཐབས་ཀྱི་མི་ཆོས་རིག་པའི་སྐོར་རྒྱས་པར་གསུངས་པ་ལས། འབྱོར་བ་འཚོལ་སྒྲུབ་དང་། རྒྱལ་ཁབ་འཛིན་སྐྱོང་། དམག་དོན། འཕྲུལ་ལས་རིག་པ། ཚོང་ལས་། ཕུལ་བྱུང་ལག་རྩལ་དང་ཚན་རིག་སོགས་ལ་ཧ་ཅང་ཞིབ་ཚགས་དང་རྒྱས་བཤད་ཆེར་མ་གནང་བ་དང་། དེང་གི་མི་ཆོས་སྨྲ་མཁན་ཚོས་ནི་ཕྱི་དངོས་པོའི་ལོངས་སྤྱོད་ཁོ་ན་ཨ་འཐས་ཀྱི་ཞེན་པས་ནང་བསྟན་ཆོས་གཞུང་དུ་གསུངས་པའི་ལས་འབྲས་དང་། སྐྱབས་འགྲོ། འདུ་ཤེས་འཛིན་སྟངས་སོགས་ལ་དམོད་པ་བོར་བོར་བ་ལས་ཕྱི་དངོས་པོའི་འབྱོར་བ་སྒྲུབ་སྟངས་དང་། ཚན་རིག་ལག་རྩལ་ནང་འདྲེན། དཔལ་འབྱོར་རིག་པ་དང་། དམག་དོན་རིག་པ་སོགས་གང་ལ་ཡང་རྒྱས་བཤད་དང་། སྦྱོར་བའི་སློབ་སྟོན་གང་ཡང་གནང་ཐུབ་མེད་པས་ད་བར་དུ་ཆ་ལག་ཡོངས་སུ་རྫོགས་པའི་མི་ཆོས་རིག་པའི་གཞུང་ལུགས་དང་། མི་ཆོས་རིག་པའི་འགྲེལ་བཤད་ཡང་དག་པ་ཞིག་བོད་ལ་མེད་པར་སྣང་། རང་ཉིད་ཀྱི་གོ་རྟོགས་གཞིར་བཞག་གིས་མི་ཆོས་རིག་པའི་གོ་དོན་ནི། ལྷ་དང་དག་ཞིང་སོགས་འཇིག་རྟེན་གཞན་དང་འབྲེལ་བ་ཆེར་མེད་པར་འགྲོ་བ་མིའི་འཚོ་གནས་ཀྱི་བདེ་དོན་སྒྲུབ་ཐབས་ཀྱི་ནང་གི་བསམ་བློ་དང་དངོས་པོའི་ལོངས་སྤྱོད་ཅིག་ལ་གོ་བ་བླང་ཆོག་སྙམ། དེ་ཡང་དེ་འདྲ་བའི་མི་ཆོས་སྒྲུབ་ཐབས་ནི་གཉིས་ཏེ་ཕྱི་དངོས་པོའི་འབྱོར་བ་སྒྲུབ་ཐབས་དང་། ནང་བསམ་པའི་འབྱོར་བ་སྒྲུབ་ཐབས་གཉིས་ཡོད་པ་ལས་ཕྱི་དངོས་པོའི་འབྱོར་བ་སྒྲུབ་ཐབས་ནི་དུས་དང་འཚམས་པའི་ཚན་རིག་དང་། དཔལ་འབྱོར་རིག་པ། ཚོང་ལས་རིག་པ། ལག་རྩལ་རིག་པ། གསོ་དཔྱད་རིག་པ། འཕྲུལ་ལས་རིག་པ་སོགས་མང་བ་དང་། ནང་བསམ་པའི་འབྱོར་བ་སྒྲུབ་ཐབས་ནི་དེང་དུས་ཀྱི་སེམས་དོན་རིག་པ་དང་། ནང་བསྟན་ཆོས་གཞུང་ནས་གསུངས་པའི་སེམས་ཀྱི་རྣམ་གཞག་སོགས་ཡིན་ཞིང་། ད་ལྟའི་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་གིས་དེ་དག་ལས་རང་ཉིད་ཀྱིས་གང་ལྕོགས་པ་དེ་བསྒྲུབ་པ་ལ་ཤུགས་དང་ཡུན་གྱིས་གཞོལ་ན་ད་གཟོད་བོད་གངས་ཅན་པའི་མི་ཆོས་རིག་པའི་མཛེས་སྡུག་གི་བཞད་ཁ་ཕྱེ་ངེས་ལགས་ཞེས་བྱ་གཏོང་གི་འབོད་སྒྲ་གྱེར་བ་ཡིན།
རྒྱ་གར་དང་བོད་ཀྱི་མཁས་པས་གསུངས་པའི་གནའ་རབས་ཀྱི་མི་ཆོས་རིག་པ།
ད་སྔོན་བྱོན་ཟིན་པའི་རྒྱ་གར་དང་བོད་ཀྱི་མཁས་པ་ལྷ་ཆོས་རིག་པ་སྨྲ་བ་གྲགས་ཅན་དེ་དག་གིས་ཀྱང་ལྷ་ཆོས་རིག་པའི་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱི་ལེགས་མཛད་ཟླ་མེད་པ་དག་གི་ཞར་དང་ཞོར་ལ་མི་ཆོས་རིག་པའི་འགྲེལ་བཤད་དང་། གཙོ་བོ་ནང་བསམ་བློ་དང་འབྲེལ་བའི་མི་ཆོས་རིག་པའི་སྐོར་གསུངས་པ་ནི་ཉུང་ཉུང་ཞིག་མིན། དེ་ཡང་མི་ཆོས་ཀྱི་ཐ་སྙད་དངོས་སུ་སྦྱར་བ་དང་། མི་ཆོས་ཀྱི་ཐ་སྙད་དངོས་སུ་མ་སྦྱར་ཡང་འཇིག་རྟེན་གྱི་ཐ་སྙད་འོག་ནས་མི་ཆོས་རིག་པའི་སྐོར་འགྲེལ་བཤད་གནང་ཡོད་དེ། རྒྱ་གར་གྱི་མཁས་པ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་༼ཤེས་རབ་བརྒྱ་བ་ལས༽། མི་ཡི་ཆོས་ལུགས་ལེགས་སྤྱད་ན།།ལྷ་ཡུལ་བགྲོད་པ་ཐག་མི་རིང་།།ལྷ་དང་མི་ཡི་ཐེམ་སྐས་ལ།།འཛེགས་ན་ཐར་བའང་གམ་ན་འདུག ། ཅེས་མི་ཡི་ཆོས་ལུགས་ཏེ་མི་ཆོས་རིག་པའི་བཟང་སྤྱོད་ལ་ལེགས་པར་སྤྱད་ན་ཚེ་འདི་ཕྱི་གཉིས་ཀར་ལེགས་པ་དང་། ཆོས་དོན་འདོད་དང་ཐར་བ་ཡི། །འབྱུང་ནས་ཆེན་པོ་རིག་པ་ཡིན། །དེ་ལྟར་དང་པོར་གུས་པ་ཡིས། །ཤེས་རབ་ཡུམ་ཆེན་གཟུང་བར་བྱ། །ཞེས་སྐྱེས་བུའི་འདོད་པ་དང་དེ་སྒྲུབ་བྱེད་ཀྱི་ནོར་སོགས་ཤེས་རབ་ལ་བརྟེན་ནས་བསྒྲུབ་དགོས་པའི་ཚུལ་དང་། ཡང་། རང་དོན་བསྒྲུབ་པར་འདོད་པ་ཡིས། །རྟག་ཏུ་སྐྱབས་ཆེན་བཙལ་བར་བྱ། །ཞེས་སོགས་འཇིག་རྟེན་འདིའི་བདེ་བ་སྒྲུབ་ཐབས་ཀྱི་ཚུལ་གང་མང་གསུངས་སོ། །རྒྱ་གར་གྱི་ལྷ་ཆོས་སྨྲ་བ་གྲགས་ཅན་སློབ་དཔོན་འཕགས་པ་ལྷས་བསྟན་བཅོས་བཞི་བརྒྱ་བར། འཇིག་རྟེན་ཚུལ་ལུགས་གང་དང་གང་།།དེ་དང་དེ་ལ་ཆོས་རྗེས་འཇུག །ཅེས་འཇིག་རྟེན་ཚུལ་ལུགས་གང་དང་གང་ལ་ཡང་ཆོས་ཀྱི་སྒྲ་རྗེས་སུ་འཇུག་པ་དང་། དེ་དག་ལ་ཆོས་ཞེས་པའི་ཐ་སྙད་ཀྱིས་བསྙད་པའང་ཡོད་པར་གསུངས་ཡོད། བོད་གངས་ཅན་གྱི་ལྷ་ཆོས་སྨྲ་བ་གྲགས་ཅན་ས་སྐྱ་པཎྚི་ཏས་ཀྱང་། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།།འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ།།དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག །བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར།།ཞེས་རིགས་པ་ཡང་དག་པས་དཔྱད་ཞིབ་ལེགས་པར་བྱས་ན། དམ་པའི་ཆོས་དང་། སྲིད་ལུགས། འཇིག་རྟེན་གྱི་བྱ་བ་སྟེ་མི་ཆོས་རིག་པ་ལའང་མི་འགལ་བའི་སྤྱོད་ཚུལ་ཞིག་ཡོད་པར་གསུངས་པ་དང་། ལྷ་ཆོས་རིག་པ་སྨྲ་བ་གྲགས་ཅན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཀྱང་། །གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །ཞེས་མི་ཆོས་ནི་གཞན་ལ་བསྟུན་མཁས་དང་ཡ་རབས་ཀྱི་སྤྱོད་པས་བསྒྲུབ་དགོས་ཤིང་དེ་ཡང་ནང་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་རག་ལས་པའི་སྐོར་གྱི་མི་ཆོས་ཤིག་གླེང་སློང་གནང་ཡོད། ཡང་ཁོང་གིས། ཆོས་ལ་མི་ཆོས་ཟབ་པ་འདི་ལྟར་ལེགས། །སུ་ཡི་དོན་དུ་དཀའ་སྤྱད་བྱེད་ན་ཡང་། །བྱ་ཤེས་ཀོ་ལོང་སྡུག་ཡུས་ཆུང་བར་མཛོད། །ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང་། །མཛད་སྤྱོད་ཐམས་ཅད་མི་དང་མཐུན་པར་མཛོད། །རང་ལ་ཡོན་ཏན་ཇི་ཙམ་ཡོད་ན་ཡང་། །གཞན་ལ་ཁྱད་གསོད་བརྙས་པ་ཆུང་བར་མཛོད། །རང་ཉིད་ནོར་ལ་ཆགས་ཞེན་ཆེ་ན་ཡང་། །གཞན་གྱི་ནོར་ལ་ཧབ་ཤ་ཆུང་བར་མཛོད། །རང་ཉིད་ལས་ཐབས་འདུན་མ་མཁས་ན་ཡང་། །སྤྱི་ཡི་ཁྲིམས་ལ་ས་ཆོད་ཆུང་བར་མཛོད། །རང་ཉིད་བསགས་པའི་ནོར་རྫས་ཡིན་ན་ཡང་། །མང་པོའི་གསེབ་ཏུ་ལྐོག་ནོར་ཆུང་བར་མཛོད། །རང་ཉིད་ཀུན་གྱིས་ཚད་མར་ཁུར་ན་ཡང་། །ངའོ་སྙམ་པའི་ང་རྒྱལ་ཆུང་བར་མཛོད། ། ཅེས་སོགས་ཉིན་རེའི་འཚོ་བ་དངོས་དང་འབྲེལ་ཞིང་ཉན་ཤེས་ན་ཕན་རླབས་ཤིན་ཏུ་ཆེ་བའི་མི་ཆོས་རིག་པའི་སློབ་སྟོན་ཞིབ་པར་གནང་འདུག དེ་བཞིན་དུ། མགོན་པོ་ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས། མི་བསྲུན་གྱི་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་ནི་བཀུར་བར་བྱ། །དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། །ཞེས་དགྲ་འདུལ་ལུགས་དང་། གཉེན་སྐྱོང་ལུགས། དྲང་པོའི་སྤྱོད་པ་བསྟེན་ལུགས་སོགས་ཀྱི་མི་ཆོས་རིག་པ་གླེང་བ་དང་། ཡང་། ཆུང་མ་ངན་དང་མཛའ་བོ་ངན། །རྒྱལ་བོ་ངན་དང་ཉེ་དུ་ངན། །ཁྱིམ་མཚེས་ངན་དང་ཡུལ་ངན་རྣམས། །ཐག་རིང་དུ་ནི་སྤང་བར་བྱ། །གྲོགས་པོ་ནོར་དད་ཆེ་བ་སྤོང་། །ཆུང་མ་ལོག་གཡེམ་དད་ཆེ་སྤང་། །བཀུར་དཀའ་གསོ་མི་མཁས་པ་ནི། །དེ་ལྟ་བུ་ཡི་སྨན་པ་སྤང་། ། ཞེས་གྲོགས་ངན་པ་དང་། ཆུང་མ་ངན་པ་སོགས་ཀྱིས་མི་ཚེའི་བདེ་སྐྱིད་རློག་པར་བྱེད་པས་དེ་དག་སྤངས་ཤིང་དེའི་ལྡོག་ཕྱོགས་ཀྱི་མཐུན་ཕྱོགས་བརྟེན་པའི་སྒོ་ནས་མི་ཚེའི་བདེ་སྐྱིད་འཚོལ་ལུགས་ཀྱི་མི་ཆོས་རིག་པའི་སྐོར་གསུངས་ཡོད།ཡང་མགོན་པོ་ཀླུ་སྒྲུབ་ཀྱི༼བཤེས་སྤྲིངས་ལས།༽རྒྱན་པོ་འགྱེད་དང་འདུས་ལ་བལྟ་བ་དང་། །ལེ་ལོ་སྡིག་པའི་གྲོགས་ལ་བརྟེན་པ་དང་། །ཆང་དང་མཚན་མོར་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོངས། །ཞེས་ནོམ་ཆེན་གྱི་རྒྱན་འཛུགས་བྱེད་པ་དང་། ཆང་ཚོད་མེད་འཐུང་བ་སོགས་དེང་སྐབས་འབྱུང་བཞིན་པའི་མི་ཚེའི་བདེ་སྐྱིད་གཏོར་བརླག་བྱེད་མཁན་གྱི་བྱ་སྤྱོད་དེ་ཚོ་སྤང་དགོས་པ་དང་། འདོད་པའི་དོན་ལ་ལེ་ལོ་སྒྱིད་ལུག་མི་བྱེད་པར་འབད་དགོས་པ་སོགས་མི་ཆོས་རིག་པའི་བསམ་བློ་དང་དེས་དྲངས་པའི་ཀུན་སྤྱོད་སོགས་ལས་བརྩམས་ཏེ་མི་ཆོས་རིག་པའི་སློབ་སྟོན་རྒྱ་ཆེར་གནང་ཡོད། མདོར་ན། རྒྱ་གར་གྱི་བྱང་སེམས་ཉམས་ལེན་པ་ཆེན་པོ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འཇིག་རྟེན་མ་དད་གྱུར་བ་ཀུན། །མཐོང་དང་དྲིས་དེ་སྤང་བར་བྱ། །ཞེས་སོགས་གསུངས་པ་ལྟར། ཆོས་པ་ཚོས་ཀྱང་འཇིག་རྟེན་ཁྱིམ་པ་རྣམས་མ་དད་པ་དང་། མི་དགའ་བ་སོགས་སྤོང་བར་བྱེད་དགོས་པ་དང་། ཁྱིམ་པ་རྣམས་ཀྱིས་ཀྱང་དྲང་པོ་དང་། ཚུལ་མཐུན། གཞན་གཅེས། ལེགས་འབྱེད་ཤེས་རབ་སོགས་ཀྱིས་མི་ཆོས་དང་ལྷ་ཆོས་བསྒྲུབ་དགོས་པའི་ལམ་སྟོན་དང་། དེ་ཇི་ལྟར་སྒྲུབ་པའི་ཚུལ་ནང་བསམ་པའི་འདུ་ཤེས་ནས་བཟུང་སྟེ་མི་ཆོས་རིག་པ་རྒྱ་ཆེར་གླེང་འདུག ༸གོང་ས་ལྔ་བ་ཆེན་པོས། བློ་གྲོས་གཟབ་དང་མགོ་འཐོམས་ནོར་ས་ཡོད། །ཀླད་ཆུང་མི་དང་ཕོ་གྲུང་ནོར་ས་ཡོད།། མ་ནུས་ཇོ་བཟང་རྫུ་ཆེ་ནོར་ས་ཡོད། །བླ་ཤེད་དང་དོ་ཐུང་ནོར་ས་ཡོད། །རང་བཞིན་བཟང་དང་འདོ་མེད་ནོར་ས་ཡོད། །དྲང་པོའི་མི་དང་གླེན་པ་ནོར་ས་ཡོད། །ཚུལ་འཆོས་ཅན་དང་བཙུན་པ་ནོར་ས་ཡོད། །ཚེ་བློས་ཐོངས་དང་ཟོག་པོ་ནོར་ས་ཡོད། །བརྫུ་བག་ཅན་དང་མཁས་པ་ནོར་ས་ཡོད། །དེ་ལྟར་ཚེ་འདིའི་འདུན་མ་བསྒྲུབ་པ་ལ། །བླང་དང་དོར་བྱའི་སྐྱོན་ཡོན་ཤེས་བྱས་ནས། །དཔའ་མཛངས་རྟུལ་ཕོད་སྣ་ཚོགས་གཡོ་འཕྲུལ་གྱིས། །རང་ཉིད་རྒྱལ་བའི་སྒྱུ་ཐབས་ལྷུར་ལེན་གཅེས། །ཞེས་ཚེ་འདིའི་འདུན་མ་སྟེ་མི་ཆོས་རིག་པའི་ལམ་སྟོན་གནང་བ་སོགས་མང་ངོ་། །དེ་དག་ཐམས་ཅད་མདོར་བསྡུས་ནས་བཤད་ན། མི་ཚེའི་ནང་སེམས་བཟང་པོ་དང་། དྲང་པོ་དྲང་བཞག་གཞན་ཕན་དང་འབད་བརྩོན། བློ་གྲོས་དང་ཐབས་ཤེས། བཟོད་སྒོམ་དང་སྦྱོར་བ། ངོ་ཚ་ཤེས་པ་དང་བག་ཡོད། བསྟུན་མཁས་དང་ཆོག་ཤེས་སོགས་ལ་གཅིག་ཏུ་བརྟེན་དགོས་པ་དང་། གྲོགས་ངན་དང། འཆལ་སྤྱོད། ཆུང་མ་དང་ཁྱོ་བོ་ངན་པ། འདོད་རྔམ་ཅན་གྱི་གྲོགས། སྡུག་ཡུས་ཆེ་བ། གནོད་སེམས། བྱ་བ་མི་ལྕོགས་པ་རྩོམ་པ། དགྲ་གྲོགས་ཀྱི་དབྱེ་འབྱེད་མི་ཤེས་པ། ཧ་ཅང་འདོད་སྲེད་ཆེ་བ། འཇིགས་པ་ལ་ཞུམ་པ་ལ་སོགས་སྤང་བ་སྟེ་མེད་པ་དང་མ་བརྟེན་པ་སྟེ་བླང་དོར་དེའི་ཐོག་ནས་མི་ཆོས་རིག་པའི་འགྲེལ་བཤད་གནང་ཡོད། དེང་གི་མི་ཆོས་ཀྱི་གླེང་སློང་མཁན་དག་གི་ཁྲོད་ན་ཆོག་ཤེས་དང་། བཟོད་སྒོམ་སོགས་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་རེད་བསམ་མཁན་ཡང་མི་ཉུང་བ་ཞིག་ཡོད་འདུག་ཀྱང་། དེ་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་མ་ཡིན་པར་མི་ཚེའི་བདེ་སྐྱིད་ཀྱི་གནད་དོན་ཞིག་ཡིན་པ་དང་། དེའི་སྒྲུབ་ཐབས་ཀྱང་ཐར་པ་དང་ངེས་འབྱུང་མ་ཡིན་པའི་ལམ་ཕྱོགས་གཞན་ལ་བརྟེན་ནས་བསྒྲུབ་ཆོག་པའི་གནད་ཀ་མ་ཤེས་པས་ནོངས་སོ།། འགྲོ་བ་མི་རྣམས་ཆོག་ཤེས་མེད་པ་དེས་ནི་ད་ལྟའི་འཛམ་གླིང་གི་ཁོར་ཡུག་དང་དབུལ་ཕྱུག་གི་དཀའ་ངལ་ཟད་དུ་མེད་པ་འདི་ལ་གཏུགས་པ་དང་། ཆོག་ཤེས་པ་ནི་རང་གི་མཁོ་ཆས་གསོག་སྒྲུབ་མི་བྱེད་པའི་བསམ་བློ་དེ་མ་ཡིན་པར་ཚད་མེད་པའི་འདོད་རྔམ་ལ་ཚོད་འཛིན་བྱེད་རྒྱུ་དེ་ཡིན། གོང་དུ་དྲངས་པ་དེ་དག་ནི་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་ཐབས་དང་འབྲེལ་བའི་ལམ་སྟོན་མ་ཡིན་པར་ཚེ་འདིའི་འཇིག་རྟེན་མི་ཆོས་ཏེ་མི་ཚེའི་བདེ་སྐྱིད་སྒྲུབ་ཐབས་སུ་གསུངས་ཡོད་པ་དང་།དེ་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་བསམ་བློ་དང་གནས་བབ་ལ་བསྟུན་ནས་རྒྱལ་བོ་དང་། ཁྱིམ་བདག་སོགས་ལ་སློབ་སྟོན་གྱི་ཚུལ་དུ་གསུངས་པ་དང་།དེ་དག་ལས་འགའ་ཞིག་ནི་དུས་དང་སྤྱི་ཚོགས་ཀྱི་གནས་བབ་ཀྱིས་དེང་སྐབས་མི་མཁོ་བ་ཡོད་སྲིད་མོད་སྤྱི་ཡོངས་ཀྱི་ཆ་ནས་ཉིན་རེའི་མི་ཚེའི་ནང་ངེས་པར་དུ་དགོས་པ་དང་། མི་ཚེ་བདེ་སྐྱིད་ངང་སྐྱེལ་བར་གཞོགས་འདེགས་བྱེད་པའི་མཐུན་རྐྱེན་ཤ་སྟག་ལགས་པས་མི་ཆོས་སློབ་མཁན་ཚོར་དགོས་ངེས་ཅན་འབའ་ཞིག་ཡིན། འདིར་ནི་མདོར་བསྡུས་ཙམ་གླེང་བ་ལས་རྒྱས་སྤྲོས་དང་། རྒྱས་འགྲེལ་བྱེད་པའི་དུས་ཚོད་དང་། གོ་སྐབས་མེད་པ་དང་རྗེས་སུ་ཡང་བསྐྱར་འདིའི་སྐོར་ནས་རྒྱས་ཙམ་གླེང་འདོད་ཀྱིས་རེ་ཞིག་འདིས་ཆོག་པར་བྱས་ཡོད། གལ་སྲིད་འདིའི་ཕྱོགས་ནས་ཉམས་ཞིབ་དང་རྒྱུས་ལོན་བྱེད་མཁན་ཡོད་ན། མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཀྱི་བསྟན་བཅོས་༼ཤེས་རབ་སྡོང་བུ༽་དང་། ༼སྐྱེ་བོ་གསོ་ཐིགས།༽ ༼བཤེས་སྤྲིངས།༽སོགས་དང་། འཕགས་པ་ལྷའི་༼བཞི་བརྒྱ་བ།༽ འབྲོམ་སྟོན་པའི་༼མི་ཆོས་གནད་ཀྱི་ཕྲེང་བ་།༽ རྒྱལ་སྲས་ཞི་བ་ལྷའི་༼སྤྱོད་འཇུག་ཆེན་མོ།༽ ས་སྐྱ་པཎྚི་ཏའི་༼ས་སྐྱ་ལེགས་བཤད་༽༸རྒྱལ་དབང་ལྔ་བའི་༼ལུགས་ཟུང་བསླབ་བྱ་མུ་ཐི་ལིའི་འཕྲེང་བ༽ལ་སོགས་པའི་རྒྱ་བོད་ཀྱི་མཁས་པའི་གཞུང་ལ་ཐོས་པ་མང་དུ་བཙལ་ན་ཆོས་དང་འཇིག་རྟེན་གྱི་ངོ་མཚར་བའི་ལེགས་བཤད་དང་། གདམས་ངག་ཅི་ཡང་མཇལ་རྒྱུ་གདའོ།།
ᨊᨵᨕᩏ་᪱ᩚᨕᨵ་གིས་གསུང་བཞིན་པའི་མི་ཆོས་རིག་པ།
འཛམ་གླིང་ཞི་བདེའི་དེད་དཔོན། འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ་༸གོང་ས་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་གིས་སྐྱེ་འགྲོ་ཡོངས་ཀྱི་བསམ་བློའི་བགོ་སྐལ་དུ་གསུང་བཞིན་པའི་མི་ཆོས་རིག་པ་ནི། དེང་གི་སྤྱི་ཚོགས་ལ་འཚམས་པ་དང་། སྐྱེ་བོ་སྤྱི་ཡོངས་ཀྱིས་གོ་བདེ་བའི་ཁྱད་ཆོས་འཛོམས་པ། ཆོས་ཡོད་མེད་དང་། ལྟ་གྲུབ་འདྲ་མིན། འབྱོར་ཕྱུག་དང་མི་རིགས་འདྲ་མིན་སོགས་ཀྱི་ཁྱད་པར་མེད་པར་འབད་བརྩོན་གྱིས་ཞུགས་ན་དང་ལེན་ཞུ་ཐུབ་པའི་ཁྱད་པར་ལྡན་པའི་མི་ཆོས་བླ་ན་མེད་པ་ཞིག་ཡིན། དེ་ཡང་ཁོང་གིས་མི་ཆོས་དེར་ཆོས་དང་མ་འབྲེལ་བའི་ཚུལ་ཁྲིམས་སམ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཅེས་ཐ་སྙད་བེད་སྤྱོད་གནང་ཡོད། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་འདི་ནི་རྟོག་བཏགས་ཀྱི་ཞིང་ཁམས་སམ། བཀའ་ལུང་གང་ཞིག་ལ་བརྟེན་པའི་ཡིད་ཆེས་ཀྱིས་འཇུག་པ་མ་ཡིན་ཞིང་། དག་ཞིང་དང་། ཐར་བ། མཚན་བཟང་། མངོན་ཤེས། རྣམ་མཁྱེན་སོགས་ཀྱི་མཛེས་པ་སྒྲུབ་པའི་ལྐོག་གྱུར་གྱི་འགྲེལ་བཤད་ཅིག་ཀྱང་མ་ཡིན་པར་མྱོང་བ་དང་། དཔྱོད་ཤེས་ཀྱིས་མངོན་མཐོང་། རྗེས་དཔག་གི་རིགས་པ་གང་རུང་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་སྒྲུབ་ཐབས་ཀྱི་ཤེས་རབ་ཅིག་ཡིན། དེ་ཡང་བསམ་པའི་འཁྱེར་སོ་དང་སྦྱོར་བའི་ལག་ལེན་གཉིས་ཀྱི་ཐོག་ནས་བསྒྲུབ་དགོས་པའི་གལ་ཆེའི་རང་བཞིན་དུ་གསལ་སྟོན་གནང་ཡོད། འགྲོ་བ་མིའི་རིགས་ཀྱི་བསམ་པའི་ཁྱད་ཆོས་སམ་ཡོན་ཏན་ཏེ་བྱམས་པ་དང་། སྙིང་རྗེ། བཟོད་བསྲན། དགོངས་ཡངས་སོགས་ནི་རང་གཞན་དང་སྤྱི་ཚོགས་ལ་ཕན་པའི་ཆ་ནས་བླང་བྱར་གསུངས་པ་དང་། མ་རིག་པ་དང་། ཉོན་མོངས་པའི་འདོད་ཆགས། ཁོང་ཁྲོ། ཕྲག་དོག་སོགས་ཀྱིས་རང་གཞན་དང་སྤྱི་ཚོགས་ལ་གནོད་པའི་ཆ་ནས་དོར་བྱར་གསུངས། དེ་ལྟ་བུའི་བླང་དོར་གྱི་སྒྲིག་གཞི་ནི་འགྲོ་བ་མི་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པའི་རྩ་བའི་བདེན་དོན་ལ་གཞི་བཅོལ་ཡོད། འདི་ནི་འཛམ་གླིང་གོ་ལ་ཟླུམ་པོ་འདིའི་ཐོག་ཏུ་ད་བར་དུ་སུས་ཀྱང་མ་ཐོན་པའི་ངོ་མཚར་བའི་ལེགས་བཤད་དང་། མི་ཆོས་རིག་པའི་རླབས་ཆེན་གྱི་མཆོངས་སྐྱོད་ཆེན་མོ་ཞིག་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་གང་ཉིད་ཀྱི་ཕྱག་རྩོམ་གྲགས་ཅན་༼གནའ་བོའི་ཤེས་རབ་དང་། དེང་གི་འཇིག་རྟེན། སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག༽ཅེས་པ་དེ་ལོ་དེའི་འཛམ་གླིང་གི་དཔེ་དེབ་བྲིན་རྒྱུགས་ཆེ་ཤོས་སུ་གྱུར་པ་དང་། ཀློག་མཁན་ཁྲི་སྟོང་མང་པོས་ཆེས་དགའ་བསུ་ཐོབ་ཡོད། ཁོང་གིས་ཕྱག་རྩོམ་གནང་བའི་༼ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད༽དུ། “ངོས་ནི་ཆོས་པ་ཞིག་ཡིན། འོན་ཀྱང་ཆོས་ལུགས་གཅིག་པུས་ང་ཚོའི་དཀའ་ངལ་ཚང་མ་སེལ་མི་ཐུབ”ཅེས་གསུངས་ཡོད། ཆོས་ལུག་དང་། མི་རིགས། ལུང་ཚན། དབུལ་ཕྱུག ཕོ་མོ། རིགས་རུས་སོགས་ཀྱི་རིས་གཅོད་དང་འགྲན་རྩོད་ཀྱིས་རྦ་རླུང་དྲག་ཏུ་འཁྲུག་པའི་འཛམ་གླིང་འདིར་རང་གི་ཆོས་ལུགས་ལ་ཨ་འཐས་ཀྱི་ཞེན་པ་ལས་རིང་དུ་བརྒལ་ཏེ་འགྲོ་བ་མི་སྤྱི་ཡོངས་ལ་དགོངས་བཞེས་ཀྱིས་ཉམས་ལེན་དང་། ལེགས་བཤད་འདི་འདྲ་ཞིག་གནང་ཐུབ་པ་ནི་དངོས་གནས་ངོ་མཚར་ཞིང་ཧ་ལས་དགོས་པ་ཞིག་ཅི་ལ་མིན། ཡང་ཁོང་གིས། “བཟང་སྤྱོད་ནི་ཆོས་ལུགས་ཀྱི་ལྟ་ཚུལ་ལམ་ཡིད་ཆེས་ཐོག་ལ་རྩ་བ་ཚུགས་དགོས་སྐོར་དེར་ངོས་ནས་མོས་མཐུན་བྱེད་ཀྱི་མེད། དེ་ལས་གཞན་དུ། བཟང་སྤྱོད་ནིི་འགྲོ་བ་མིའི་རིགས་དང་། འགྲོ་བ་མིའི་ཐུན་མོང་གི་གནས་བབ་ལ་རང་བཞིན་དང་རྒྱུ་མཚན་ལྡན་པའི་རྣམ་འགྱུར་ཞིག་གི་ངོ་བོར་ཐོན་གྱི་ཡོད་པར་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད”ཅེས་གསུངས་ཡོད།འགྲོ་བ་མི་རྣམས་ནི་རྣམ་འབྱེད་ཤེས་རབ་ཀྱི་ངོས་ནས་དུད་འགྲོ་སོགས་འགྲོ་བ་གཞན་ལས་ཁྱད་དུ་འཕགས་པ་དང་། མིའི་རང་གཤིས་ནི་བྱམས་བརྩེ་དང་། སྙིང་རྗེ། གདུང་སེམས་མཉམ་བསྐྱེད་ཀྱི་ངོ་བོ་ཞིག་ཡིན་པས་གཞན་ལ་འགན་མཉམ་ཁུར་དང་། བྱམས་བརྩེ། སྙིང་རྗེ་སོགས་ཀྱིས་སྐྱོང་ཐུབ། བློའི་ཁྱད་ཆོས་དེ་དག་གི་ནུས་པ་སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་པའི་ཉིན་མོ་ནི་སྙིང་རྗེའི་བདག་ཉིད་ཀྱི་འཛམ་གླིང་ཞིག་ཆགས་པའི་ཉིན་མོ་ཡིན་ཞིང་། ཉིན་མོ་དེ་ནི་འགྲོ་བ་མི་ཚང་མས་མངོན་པར་བསྟོད་པའི་ཉིན་མོ་ཞིག་ཡིན་ངེས། དེ་ལྟ་བུའི་འཛམ་གླིང་ཞིག་སྐྲུན་པའི་སྔོན་འགྲོ་ནི་བླང་དོར་གྱི་སྒྲིག་གཞི་ལ་དང་ལེན་བྱེད་པའི་ཤེས་རབ་ཅིག་འབྱུང་དགོས་ཤིང་། དེ་ནི་ཆོས་ལུགས་ཀྱི་བཀའ་ལུང་དང་ཡིད་ཆེས་ལ་བརྟེན་མི་དགོས་པར་སྤྱིར་བཏང་གི་བློའི་ཁྱད་ཆོས་བཟང་པོ་རྣམས་ངོས་འཛིན་དང་། ངོས་འཛིན་དེས་བསྐྱེད་པའི་བླང་དོར་གྱི་ལག་ལེན་ཞིག་ལ་ཐུག་ཡོད།མདོར་བསྡུས་ན། བློ་ཡི་བཟང་པོའི་ཁྱད་ཆོས་རྣམས་གོང་འཕེལ་དུ་བཏང་ཞིང་། འགྲོ་བ་མི་རྣམས་བདེ་སྡུག་མཉམ་པའི་རྨང་གཞིའི་ཐོག་ནས་གཞན་གཅེས་དང་། བསམ་ཤེས། གུས་བཀུར། སྙིང་རྗེ། གདུང་སེམས་མཉམ་སྐྱེད་སོགས་ཀྱི་ནུས་པ་གོང་དུ་སྤེལ་ཞིང་། ཚེ་ཕྱི་མ་དང་ཐར་བའི་གོ་འཕང་གི་སྒྲུབ་ཐབས་ཀྱི་ཀུན་སློང་མ་ཡིན་པར་མི་ཚེ་དང་སྤྱི་ཚོགས་ལ་གནོད་པའི་མི་དགེ་བའི་ཉོན་མོངས་སོགས་ཆུང་དུ་གཏོང་བའི་བསམ་བློ་དང་ལག་ལེན་ཞིག་ལ་གཞོལ་དགོས་པའི་མི་ཆོས་རིག་པའི་རྣམ་གཞག་ཅིག་བཀྲལ་ཡོད། འདི་དག་ནི་༸གོང་ས་མཆོག་གིས་གསུང་བཞིན་པའི་མི་ཆོས་རིག་པའི་སྙིང་དོན་དག་ཡིན། ད་དུང་ཁོང་གིས་བླ་ན་མེད་པའི་སྡོམ་ཆེན་པོ་ཞིག་བསྐྱོན་ཡོད་པ་ནི། “མི་ཞིག་ལ་མཚོན་ན་ཆོས་ལུགས་ལ་དད་མིན་གནད་འགག་ཆེན་པོ་མ་ཡིན་པར། མི་བཟང་པོ་ཞིག་བྱེད་རྒྱུ་གཙོ་བོ་རེད།”ཅེས་གསུངས་ཡོད།འདི་ལྟ་བུའི་རླབས་ཆེན་དགོངས་ཡངས་ཀྱི་སྡོམ་ཚིག་ནི་ད་བར་དུ་ཆོས་ཀྱི་དབུ་ཁྲིད་སུས་ཀྱང་འཇིག་རྟེན་འདིར་འཇོག་ཐུབ་མེད། ཟླ་མེད་ཀྱི་སྐྱེས་མཆོག་ཁོང་གིས་འདི་དང་འདི་ལྟ་བུའི་སྡོམ་ཚིག་དང་། ལེགས་བཤད། འཇིག་རྟེན་སྤྱི་སྨན་གྱི་དགོངས་གཞི། མི་ཆོས་རིག་པའི་བཤད་པ་སོགས་གོ་དོན་ཟབ་པ། དུས་དང་འཚམ་པ། གནས་ལུགས་ཡོད་པ། གཏན་ཚིགས་ལྡན་པ་སོགས་མཐའ་ཡས་པ་ཞིག་འཛམ་གླིང་འདིའི་ཐོག་ཏུ་བཀྲམ་གནང་མཛད་ཡོད་ཅིང་། དུས་མཚུངས་སུ་ནུབ་ཕྱོགས་པའི་མཁས་དབང་དང་། རྩོམ་པ་པོ་སོགས་ཀྱིས་འདི་དག་གི་དགེ་མཚན་མཁན་རྟོགས་ཏེ་ཧ་ལས་ངོ་མཚར་གྱི་བསྔགས་དབྱངས་འཐེན་བཞིན་པ་དེ་ལྟར་ཡང་། ང་ཚོ་སྟེ་བོད་གངས་ཅན་གྱི་རྩོམ་པོ་པོའི་མིང་འཛིན་དག་གིས་ཕྱི་ཕྱོགས་རྐྱང་རྐྱང་བལྟ་བ་ལས་འདི་ལྟ་བུའི་ལེགས་བཤད་དང་། མི་ཆོས་རིག་པའི་སློབ་སྟོན་དག་ལ་བློ་ཁ་ཡང་ཕྱོགས་ཐུབ་ཀྱི་མེད་པ་ནི་ནོར་བུས་ནོར་ཉམས་མ་ཆོད་པར་ཐལ་རྡུལ་ཁྲོད་དུ་འཕངས་པ་དང་གཉིས་སུ་མ་མཆིས་པས་ཅི་འདྲའི་ཕངས་པ་ལ་ཨང་། རྗེས་ཕྱོགས་སུ་ང་ཚོ་བོད་གངས་ཅན་གྱི་དཔྱོད་ཤེས་བསམ་བློ་བ་དག་གིས་ཀྱང་། མགོན་པོ་ཀླུ་སྒྲུབ་ཀྱིས། ཤེས་རབ་རྩལ་དང་བྲལ་བ་ནི། །གཞན་གྱི་བྲན་བྱེད་ཁོ་ནར་ཟད། །ཅེས་པ་ལྟར་ཤེས་རབ་དང་བྲལ་ཞིང་གཞན་གྱི་ཡང་བྲན་དུ་མ་སོང་བར་ངེས་པར་དུ་རིན་ཐང་ལ་རིན་ཐང་དུ་ངོ་ཤེས་པ་དང་། གནས་ལུགས་ལ་གནས་ལུགས་སུ་གོ་བ་ལོན་པའི་ཐོག་ནས་དཔྱོད་པའི་རྩལ་དང་། བློ་གྲོས་ཀྱི་ཤུགས་ཡོད་ཚད་འདི་ལྟ་བུའི་ལེགས་བཤད་འོ་མ་ལྟ་བུ་དག་ཁ་ཕྱོགས་ནས་སྤྱི་ཚོགས་དང་མི་རིགས་ཀྱི་བདེ་དོན་བསྒྲུབ་པར་གཞོལ་རོགས་ཞེས་ཀྱང་ཐལ་ལོ།།
མཇུག་བསྡུ་བ།
ངས་འདིར་གླེང་བ་ནི་མི་ཆོས་རིག་པའི་སྐོར་གྱི་རགས་བཤད་ཙམ་ཞིག་ཡིན། དེ་ཡང་བསམ་པའི་དཔལ་ཡོན་དང་འབྲེལ་བའི་མི་ཆོས་རིག་པའི་ངོ་སྤྲོད་དང་། གནའ་དེང་གི་མི་ཆོས་རིག་པའི་བྱུང་རིམ། མི་ཆོས་རིག་པའི་རྩ་བའི་སྒྲོམ་གཞི། མི་ཆོས་རིག་པ་ལ་ལྟ་སྟངས། མི་ཆོས་རིག་པའི་ཉམས་ལེན་གྱི་ཚུལ་ལུགས་སོགས་ཀྱི་མགོ་སྨོས་ཙམ་ཞིག་ཡིན།འདི་ལྟར་གླེང་དགོས་དོན་ནི་ང་ཚོ་ལའང་མི་ཆོས་རིག་པ་དགོས་ཤིང་། མི་ཆོས་རིག་པའི་ལག་ལེན་དེ་བས་ཀྱང་དགོས་མོད། འོན་ཀྱང་ད་བར་དུ་གུ་དོག་པའི་ལྟ་ཚུལ་དང་། གཅིག་ཞེན་གྱིས་མ་གློད་པའི་ལྟ་ཚུལ་ཉི་ཚེ་བ་རེས་བློ་མིག་བསྒྲུབས་ནས་མི་ཆོས་རིག་པ་ཕྱོགས་རེ་བ་ཙམ་ལས་མི་ཆོས་རིག་པ་སྤྱིའི་སྐོར་ལ་གླེང་སློང་བྱེད་མཁན་ཕལ་ཆེར་མ་བྱུང་བ་དང་། མི་ཆོས་རིག་པ་གླེང་ན་ང་ཚོར་ཡོད་པའི་གནའ་རབས་ཀྱི་གཞུང་ལུགས་དེ་དག་སྣང་མེད་དུ་བསྐྱུར་དགོས་པ་དང་། ནང་བསམ་བློ་དང་འབྲེལ་བའི་མི་ཆོས་རིག་པ་ཞིག་གླེང་སློང་བྱེད་ཐབས་མེད་པར་སེམས་པའི་འདུ་ཤེས་ཅན་ཚོར་སྐུལ་སློང་ཞིག་གི་ཚོད་དུ་མི་ཆོས་རིག་པའི་སྐོར་གྱི་རྩོམ་ཐུང་འདི་བྲིས་པ་ཡིན།འདིས་མི་ཆོས་རིག་པ་དོན་གཉེར་བྱེད་མཁན་ཚོར་བསམ་བློའི་ས་བོན་དང་། སྐུལ་འདེད་ཀྱི་ནུས་ཤུགས་ཅུང་ཙམ་སྦྱིན་པའི་ཡིད་ཆེས་ཡོད། ༢༠༡༤/༧/༡༢/ལ་བྲིས།
བསམ་ཚུལ་ཕྲིས།