འཚོལ་སྨྱུག་ཚོགས་ཀྱི་འགན་འཛིན་པདྨ་དགོས་འབྱོར་ལ་བཅར་འདྲི་ཞུས་པ།

རྩོམ་ཡིག་འདི་ཐེངས་ 912 བཀླགས་འདུག

 

བཀྲ་ཤིས་བདེ་ལེགས།
དྲི་བ། སྐུ་ཉིད་ཤེས་རིག་ལ་ཁ་ཕྱོགས་ཚུལ་དང་འབྲེལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། པདྨ་དགོས་འབྱོར། ངའི་སྐྱེས་ཡུལ་བལ་ཡུལ་མངའ་ཁོངས་གངས་ཅན་དོལ་པོ་ཡིན། ང་ཕྲུ་གུ་ཆུང་ཆུང་ཡིན་སྐབས་ཡུལ་མི་ཚོ་སློབ་གྲྭར་དེ་ཙམ་དོ་སྣང་མེད་པའི་སྐབས་ཤིག་རེད། དེར་བརྟེན་ངའི་ཨ་ཕས་ང་སློབ་གྲྭར་གཏོང་བའི་འབད་བརྩོན་ཡང་བྱེད་ཐུབ་མེད། ང་ལོ་ན་དགུར་སོན་སྐབས་ཨ་ཕས་བྱང་ཆུབ་དགེ་འཕེལ་དགོན་པར་སློབ་སྦྱོང་ཆེད་དུ་བཏང་སོང་། ཨ་ཕའི་བསླབ་བྱ་བཟང་ཤོས་དེ་སློབ་སྦྱོང་ཤེས་ན་གྲུམ་ཙེའི་སྟེང་སྡོད་རྒྱུ་རག་པ་དང་དངུལ་ཕོར་ནང་ལ་ཇ་ཆང་འཐུང་རྒྱུ། དེ་བཞིན་གྲལ་མགོར་སྡོད་རྒྱུའི་སྐལ་བ་ལྡན་ཚུལ་གླེང་བ་དེས་ངའི་སེམས་ནང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ལོ་ན་བཅུ་བཞི་ནས་བཅོ་བརྒྱད་བར་ཕ་རྒན་ལྷན་འཚོ་བ་སྐྱེལ་སྐབས་ངས་ངལ་རྩོལ་ལས་ཀ་ཧ་ཅང་མང་པོ་བྱས། སྐབས་དེར་གལ་ཏེ་རང་ཉིད་ལ་ཤེས་ཡོན་ཚད་ལྡན་ཞིག་ཡོད་པའི་དབང་དུ་བཏང་ན་ངས་འདི་འདྲའི་ལས་ཀ་བྱེད་ག་ནས་དགོས། མཚམས་རེར་དེ་འདྲའི་བསམ་བློ་ཤུགས་དྲག་འཁོར་སྐབས་ངས་ཁུག་ཀྱོག་ལ་ཕྱིན་ནས་ཐེངས་མང་ངུ་མྱོང་། ད་དུང་སྡེ་བའི་ནང་སློབ་གྲྭའི་དགེ་རྒན་ཚོ་མཐོང་དུས་ཁོང་ཚོར་ཧ་ཅང་ཡིད་སྨོན་ཤོར་མྱོང་ལ། རང་ཉིད་ཀྱང་དེ་ལྟའི་གནས་བབ་ཅིག་ལ་བསླེབས་ཡོད་ན་ཅི་མ་རུང་སྙམ། བྱང་ཆུབ་དགེ་འཕེལ་དགོན་པར་སྡོད་སྐབས་རེས་གཟའ་པ་སངས་དང་སྤེན་པའི་ཉིན་ས་འདང་སློབ་གྲྭའི་རྒན་བཀྲ་ཤིས་དོན་གྲུབ་དང་། རྒན་ཀརྨ་ཁོང་རྣམ་པ་ངེད་ལ་དབྱིན་ཡིག་སོགས་སློབ་དུ་འོང་སྐབས་ང་ཚོའི་ཡིག་གཟུཊ་སོགས་ལ་འགྲིག་རྟགས་ནོར་རྟགས་རྒྱག་པ་དང་། མཚན་རྟགས་འགོད་པ་སོགས་མཐོང་བའི་བག་ཆགས་ཀྱིས་གང་འདོད་དུ་སོ་སོ་ཡང་དགེ་རྒན་ཡིན་ཁུལ་གྱིས་འགྲིག་རྟཊ་རྒྱག་རྒྱུ་དང་། མིང་རྟགས་འགོད་རྒྱུར་དགའ་བས་ཤེས་ཡོན་ལ་དོ་སྣང་གི་འགོ་ཚུགས་སྟངས་དེ་ལྟར་ཡིན། སྤྱི་ལོ་ ༢༠༠༧ ལོར་སྔ་འགྱུར་མཐོ་སློབ་ཆེན་མོར་འཛུལ་ཞུགས་ཀྱིས་ལོ་ངོ་གཉིས་ཀྱི་རིང་བཤད་གྲྭར་སློབ་སྦྱོང་བྱས། སྤྱི་ལོ་ ༢༠༠༩ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གླིང་ལ་འཛུལ་ཞུགས་ཀྱིས་ལོ་ངོ་ལྔ་ཙམ་ཤེས་ཡོན་ལ་གང་ཐུབ་ཀྱིས་བརྩོན། སྤྱི་ལོ་ ༢༠༡༤ དང་ ༢༠༡༥ ལོ་གཉིས་ཀྱི་རིང་ཀ་རང་སློབ་གྲྭར་བོད་ཡིག་དགེ་རྒན་བྱས། སྤྱི་ལོ་ ༢༠༡༤ ནས་ཧི་མ་ལ་ཡའི་གླེང་སྟེགས་ཀྱི་རྩོམ་སྒྲིག་པ་བྱས། སྤྱི་ལོ་ ༢༠༡༥ ལོར་ནས་དོལ་པོ་སྐྱིད་སྡུག་ཚོགས་པའི་འཐུས་མིར་བདམས་ཐོན་ལྟར་ལས་ཁུར་ཞུས། སྤྱི་ལོ་༢༠༡༥ལོ་ནས་ཀ་རང་ཡུལ་དུ་དགུན་སློབ་བཙུགས། སྤྱི་ལོ་༢༠༡༦ལོར་དོལ་པོ་སྤྲུལ་སྐུ་རིན་པོ་ཆེའི་བཀའ་དགོངས་ལྟར་དོལ་པོའི་དགོན་སྡེ་ཁག་གི་ལོ་རྒྱུས་བསྡུ་བསྒྲིག་གིས་ལས་ཀ་བྱས། སྤྱི་ལོ་༢༠༡༦ལོ་ནས་འཚོལ་སྨྱུག་ཚོགས་ཀྱི་འགན་འཛིན་པའི་མིང་ཁུར་བ་བཅས་སོ།།

དྲི་བ། ཉེ་ཆར་སྐུ་ཉིད་གཙོས་པའི་ཕྱག་རོགས་འགས་འཚོལ་སྨྱུག་ཚོགས་ཞེས་པ་ཞིག་གསར་འཛུགས་གནང་འདུག་པས་དེའི་དམིགས་ཡུལ་ཞིག་གསུང་རོགས།

ལན། ངེད་བློ་མཐུན་སྐོར་ཞིག་གིས་རྩོམ་རིག་ཚོགས་པ་ཞིག་འཛུགས་རྒྱུ་ཐག་བཅད་ནས་ཐོག་མར་སྤྱི་ལོ་ ༢༠༡༦ ལོའི་སྤྱི་ཟླ་ ༢ ཚེས་ ༡༢ ཉིན་འཚོགས་འདུ་སྟབས་བདེ་ཞིག་བལ་ཡུལ་དུ་འཚོགས་ནས་ཚོགས་པ་འདི་དབུ་བརྙེས་པ་ཡིན། ཚོགས་པས་གཏན་འབེབས་བྱས་པའི་དམིགས་ཡུལ་དོན་ཚན་གཙོ་བོ་དྲུག་ཡོད་པ་དེ་ངས་ཞུས་ན།
༡༽རྩོམ་རིག་གི་ལམ་ནས་སྤྱིར་གངས་ཅན་པའི་མི་རིགས་སྤྱི་དང་། སྒོས་སུ་བལ་ཡུལ་རྒྱལ་ཁོངས་ཀྱི་ཧི་མ་ལ་ཡའི་མི་རིགས་ལ་གང་ནུས་ཀྱི་ཞབས་འདེགས་སྒྲུབ་རྒྱུ།
༢༽བགྲོ་གླེང་དང་། གཏམ་བཤད་བྱེད་སྒོ་སོགས་ཀྱིས་སྒོ་ནས་བོད་སྐད་ཁྱབ་ཁོངས་སྤྱི་ཚོགས་ནང་གོ་རྟོགས་སྤེལ་བའི་ལས་རིགས་ལ་འཇུག་རྒྱུ།
༣༽དགོན་སྡེ་གྲྭ་ཚང་དང་སློབ་གྲྭ་ཁག་གི་སློབ་མའི་ཚད་ལྡན་བརྩམས་ཆོས་རྣམས་དཔར་བསྐྲུན་དང་འགྲེམས་སྤེལ་གྱི་ཞབས་ཞུ་སྒྲུབ་དགོས་སར་དུས་བསྟུན་གྱིས་ཞབས་འདེཊ་སྒྲུབ་རྒྱུ།
༤༽ཧི་མ་ལ་ཡའི་མི་རིགས་ཀྱི་ངོ་བོ་དང་རྣམ་པ། ལོ་རྒྱུས་སོགས་མཚོན་པའི་གལ་ཆེའི་ཡིག་ཆ་རྙིང་པ་འཚོལ་སྒྲུག་དང་། ཞིབ་འཇུག དཔར་བསྐྲུན་སོགས་བྱ་རྒྱུ།
༥༽ ཧི་མ་ལ་ཡའི་མི་རིགས་ཀྱི་འཚོ་བ་དང་མདུན་སྐྱོད་ལ་སྨན་པའི་གལ་ཆེའི་བརྗོད་བྱ་ཚོགས་མིའི་ནང་བདམས་བགོས་ཀྱི་རྩོམ་ཡིག་སྤེལ་རྒྱུ།
༦༽བལ་ཡུལ་ཧི་མ་ལ་ཡའི་ས་ཁུལ་གྱི་སློབ་གྲྭ་ཁག་ལ་བོད་ཀྱི་སྐད་ཡིག་ཁྱབ་རྒྱ་ཆེ་རུ་གཏོང་བའི་འབད་བརྩོན་ཞུ་རྒྱུ་དང་། གཞོན་སྐྱེས་སློབ་ཕྲུག་ཕོ་མོ་རྣམས་བོད་ཡིག་སློབ་སྦྱོང་བྱེད་པར་ཞེན་སྐུལ་གང་ལ་ཅི་འཚམ་ཞུ་རྒྱུ་བཅས་དམིགས་ཡུལ་གཙོ་བོ་ད་ལྟའི་ཆར་དེ་དག་ཡིན། ལས་འགུལ་དུས་སྐབས་དང་བསྟུན་ནས་མུ་མཐུད་ནས་སྤེལ་འཆར་ཡོད། ལྷག་པར་དུ་མ་འོངས་པར་ཕྱོགས་གང་སའི་ཧི་མ་ལ་ཡའི་མི་རིགས་སྤུན་ཟླ་ཚོ་དང་ལག་སྦྲེལ་གྱིས་ང་ཚོས་དུས་དང་། གནས་སྐབས། འཁོར་ཡུག་ལ་གཞིགས་ནས་ལས་ཀ་བྱ་འདོད་ཡོད།

དྲི་བ། དེང་སང་མཁས་པའི་ནང་བོད་ཀྱི་སྐད་ཡིག་འདི་ད་ནས་ལོ་ངོ་ཉི་ཤུ་ལྷག་ལས་གནས་དཀའ་བའི་དགོངས་ཚུལ་གསུང་མཁན་འདུག་པས་ཧི་མ་ལ་ཡའི་རི་རྒྱུད་ལ་དཔེར་བྱས་ཏེ་སྐུ་ཉིད་ཀྱིས་དགོངས་ཚུལ་གསུང་རོགས།

ལན། ད་ལྟའི་བོད་ཡིག་གི་གནས་བབ་དང་། ཧི་མ་ལ་ཡའི་ས་ཁུལ་ལ་དཔེ་བལྟས་ཏེ་བཤད་ན་ཉེན་ཁ་གང་ཡང་མཐོང་གི་མེད། ལྷག་པར་དུ་བལ་ཡུལ་ནང་ལ་མཚོན་ན་བོད་ཡིག་ལ་ཐོབ་ཐང་ཡང་ལེན་ཐུབ་ཡོད་རེད། གཙོ་བོ་ད་ལྟའི་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཨཱ་ཙརྱ་ཤར་པ་ནོར་བུ་མཆོག་སོགས་ཀྱིས་སྐུ་ངལ་བསྐྱོན་ནས་འཛིན་རིམ་བཅུ་གཅིག་བར་གྱི་བོད་ཡིག་སློབ་ཚན་སྤྱི་ཚོགས་རིག་གནས་དང་། བོད་ཀྱི་སྐད་ཡིག་གཉིས་བལ་གཞུང་ཤེས་རིག་ལས་ཁུངས་ནས་འདོན་སྤེལ་བྱས་དང་བྱེད་མུས་རེད། གྲོང་གསེབ་ས་ཁུལ་གྱི་སློབ་གྲྭ་ཁག་ལ་བོད་ཡིག་སློབ་ཚན་སློབ་པ་སོགས་མང་ཚོགས་རྣམས་དོ་སྣང་བྱེད་མུས་ཡིན། ཡིན་ནའང་ས་ཁུལ་ཁ་ཤས་ལ་སྟོང་ཆ་ཡོད་པའི་ཚོར་སྣང་དང་གོ་ཐོས་བྱུང་། གཙོ་ཆེ་ཤོས་འཛམ་གླིང་ཤར་ནུབ་ཀྱི་དཔེ་དེབ་ཚད་ལྡན་དང་ཀློག་སྤྲོ་བོའི་རིགས་གང་མང་བོད་ཡིག་ཐོག་ལ་སྒྱུར་ཐུབ་ན་བོད་ཡིག་ལ་དོ་སྣང་ཆེ་རུ་གཏོང་བའི་ལག་ཆ་ཞིག་ཏུ་འགྱུར་ངེས་བསམ་གྱི་ཡོད། ད་དུང་མང་ཚོགས་ཚོས་ནང་ཆོས་ལ་དོ་སྣང་དང་འབྲེལ་བོད་ཡིག་ལ་དོ་སྣང་བྱེད་པ་ཡིན། འོན་ཀྱང་འདི་ནས་བརྩིས་པའི་ལོ་ངོ་བཞི་བཅུའི་རྗེས་ལ་མི་གསར་རྙིང་བརྗེ་སྤོ་རྒྱག་གི་རེད། བསམ་བློ་གསར་པ་དང་། ལྟ་བ་གསར་པ། འཁོར་ཡུག་འདྲ་མིན་ནས་འཚར་ལོངས་བྱུང་བ་བཅས་འདྲ་མིན་སྣ་ཚོགས་ཤིག་བསྐྱེད་བསྲིང་བྱས་འོང་གི་རེད། དེར་བརྟེན་མི་རབས་གསར་བ་ཚོའི་སེམས་ནང་ལ་ཡིན་ནའང་ནང་པ་དང་ནང་ཆོས་དེ་ཉིད་རིན་ཐང་དང་དགོས་མཁོ་ཅན་ཞིག་ཏུ་མུ་མཐུད་དེ་བརྩིས་ན་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་ཉེན་ཁ་ཆུང་བར་སེམས། མངོན་གསལ་དོད་པོའི་ཐོག་ནས་ཤེས་ཐུབ་པ་ཞིག་ལ་ཧི་མ་ལ་ཡའི་ས་ཁུལ་གྱི་མི་ཚོས་ནང་ཆོས་དང་འབྲེལ་བའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་གདེང་འཇོག་ཆེན་པོ་བྱེད་པ་ཡིན། འོན་ཀྱང་། ནང་པ་ཚོའི་བྱེད་སྒོ་མང་པོ་ཞིག་གཙང་ཕྱགས་བྱེད་དགོས་པ་མཐོང་གི་འདུག དེའི་སྐོར་ཆོས་རྒྱུད་ཀྱི་བླ་ཆེན་ཚང་མས་ཐུགས་ཁུར་དང་བཀའ་སློབ་ལམ་སྟོན་གནང་ན་འགྱུར་བ་འགྲོ་ངེས་རེད། མདོར་ན་མང་ཚོགས་ཀྱི་སེམས་དང་ནང་ཆོས་ཁ་ཐག་ཉེ་བོ་བཟོ་ཐུབ་ན་བོད་ཀྱི་སྐད་ཡིག་མུ་མཐུད་ནས་གནས་ཐུབ་ཀྱི་རེད།

དྲི་བ། བོད་ཀྱི་སྐད་ཡིག་འདི་ཉམས་ན་བོད་ཙམ་མ་ཚད་བོད་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ལ་མཚོན་ན་གྱོང་གུད་ཅི་ཞིག་ཡོད།

ལན། ནང་ཆོས་དང་། ནང་ཆོས་ནང་གསུངས་པའི་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་དེ་ཉིད་སྤྱི་ཚོགས་ལ་ཧ་ཅང་དགོས་མཁོ་ཆེན་པོ་ཞིག་ཡིན་ལ། བོད་ཀྱི་སྐད་ཡིག་ཉམས་ན་ནང་ཆོས་ཀྱང་ཉམས་པའི་རྒྱུ་བྱེད་ངེས་ཡིན། ཡང་ནང་ཆོས་ཀྱི་རིན་ཐང་དེ་ཉིད་དབུ་འཕང་མཐོར་འདེགས་མ་ནུས་ནའང་བོད་ཀྱི་སྐད་ཡིག་ཉམས་པར་ཤུགས་རྐྱེན་ཐེབས་ངེས། གང་ལྟར་མང་ཚོགས་ཡོད་དོ་ཅོག་ཁྱབ་རྒྱ་ཆེ་བའི་སྐད་ཡིག་རྣམས་སློབ་སྦྱོང་བྱེད་ཐུབ་པའི་ངེས་པའང་མེད་སྟབས་སྐད་ཡིག་གཞན་གྱི་སྟེང་ལ་བསྒྱུར་བའི་ནང་ཆོས་གཞུང་ལུགས་དག་ཧི་མ་ལ་ཡའི་མི་རིགས་ཚང་མས་སྦྱོང་ཐུབ་པའི་ངེས་པའང་མེད། ཕྱོགས་གཞན་ཞིག་ནས་ཕ་མེས་ནས་བརྒྱུད་ཅིང་ཤ་འདྲེས་རུས་འདྲེས་སུ་གྱུར་བའི་ནང་ཆོས་ལ་ཞེན་ཆགས་དེ་ཡང་ལས་སླ་བོའི་ཐོག་འགྱུར་ཐུབ་པ་ཞིག་མ་རེད། ངོས་གཞན་ཞིག་ནས་ཆོས་ལུགས་གཞན་གྱི་ཤན་ཡང་གང་འཚམས་ཐེབས་མུས་སུ་སྣང་བས་མ་འོངས་པར་ཆོས་ལུགས་འཐེན་འཁྱེར་གྱིས་སྤྱི་ཚོགས་ནང་བདེ་སྐྱིད་བརླག་པའི་རྒྱུ་བྱེད་སྲིད། བོད་ཀྱི་སྐད་ཡིག་དང་ནང་ཆོས་གཉིས་ཀྱི་འབྲེལ་བ་དེ་རྟེན་དང་བརྟེན་པའི་འབྲེལ་བ་ལྟ་བུར་སྣང་། རྟེན་བརླགས་ན་དེར་བརྟེན་པའི་དངོས་པོ་ཡང་གནས་དཀའ་བས་བོད་ཀྱི་སྐད་ཡིག་ཉམས་ན་ནང་ཆོས་ཉམས་པའི་རྒྱུར་བྱེད་པ་ཡིན། ནང་ཆོས་ཉམས་ན་སྤྱི་ཚོགས་ནང་གི་ཡ་རབས་བཟང་སྤྱོད་བརླག་ངེས། དེང་སང་སྤྱི་ཚོགས་ནང་ཕྱིའི་ཁྲ་ཁྲ་ཟིང་ཟིང་གི་ཚ་རླབས་འཕྱུར་བཞིན་པའི་སྐབས་འདིར་ང་ཚོས་ཡ་རབས་བཟང་སྤྱོད་བརླག་འགོ་ཚུགས་པ་མཐོང་ཡང་ཐུབ། འོན་ཀྱང་། ད་ལྟ་ང་ཚོར་སྐད་ཡིག་མ་ཉམས་པར་གནས་ཡོད་མོད་ལ། ནང་ཆོས་ཀྱང་དབུ་འཕང་མཐོན་པོར་གནས་ཡོད། དེར་བརྟེན་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་སྐད་ཆ་དེ་ཉིད་ང་ཚོས་ནང་ཆོས་དང་འབྲེལ་ནས་ནུས་ཤུགས་བསྐྲུན་ཐུབ་པ་ཡིན། མ་འོངས་པར་ནང་ཆོས་ཉམས་ན་སྤྱི་ཚོགས་ནང་ཞི་བདེ་མེད་པ་དང་། བརྟན་ལྷིང་མེད་པ། འཆམ་མཐུན་མེད་པ་བཅས་བཟོ་བའི་རྒྱུ་ངན་པ་ཞིག་བྱེད་སྲིད། གོང་དུ་ཞུས་པ་བཞིན་ནང་ཆོས་ཉམས་མིན་ནི་སྐད་ཡིག་ཉམས་ཆག་སོང་མིན་ལ་རག་བརྒྱ་ཆ་གང་འཚམ་ཞིག་ལས་ཡོད་པ་གསལ་པོ་རེད། ཇི་ཙམ་གྱིས་སྐད་ཡིག་ལ་དུང་ཞེན་ཡོད་པ་དེའི་ཚོད་མི་རིགས་དང་། སྤྱི་ཚོགས་ལ་སེམས་ཁུར་ཆེ་བ་མཐོང་ཐུབ། ཇི་ཙམ་གྱིས་སྐད་ཡིག་ལ་དོ་སྣང་མེད་པ་དེའི་ཚོད་ཆོས་དང་། རིག་གཞུང་། སྲོལ་རྒྱུན་གྱི་ཡ་རབས་བཟང་སྤྱོད་ལའང་དོ་སྣང་ཆུང་། ཆོས་ལུགས་གཞན་དག་ཀྱང་རིམ་བཞིན་ཡལ་ནས་ཆོས་མེད་སྨྲ་བ་ཞིག་ཆགས་སོང་ན་ཆོས་ལུགས་འཐེན་འཁྱེར་དང་འབྲེལ་བ་སོགས་ཀྱི་དཀའ་རྙོག་རིགས་འོང་མི་སྲིད་མོད། འོན་ཀྱང་། དེ་ཁག་པོ་རེད། མདོར་ན་བོད་ཀྱི་སྐད་ཡིག་ཉམས་ན་ནང་ཆོས་དང་། ཡ་རབས་བཟང་སྤྱོད་སོགས་བརླགས་ནས་དགོས་མེད་ཀྱིས་འཐེན་ཁྱེར་དར། ཞི་བདེ། བརྟན་ལྷིང་སོགས་སྤྱི་ཚོགས་ཀྱི་བདེ་སྐྱིད་བརླག་ངེས་པས་བདེ་དྲོད་མེད་པའི་ཁྱིམ་གཞིས་ལྟ་བུར་འགྱུར་སྲིད།
དེ་ནི་འགྲོ་བ་མིའི་སྤྱི་ཚོགས་ཤིག་ལ་མཚོན་ན་དེ་ནི་ཧ་ཅང་གྱོང་གུད་ཆེན་པོ་ཞིག་ཡིན། གང་ལྟར་ང་ཚོའི་ཕ་མེས་ཚོའི་ཁ་དཔེ་ལ། ད་ལྟ་སྣམ་བུ་དཀར་པོའི་བཟོ་ཟེར་བ་ཞིག་ཡོད། སྣམ་བུ་དཀར་བོ་ཚོས་གཞི་གང་ལ་སྒྱུར་ཡང་རུང་བ་རེད། དེ་བཞིན་ད་ལྟ་ང་ཚོའི་སྤྱི་ཚོགས་ཀྱི་མདུན་ལམ་དང་འབྲེལ་གང་འདྲ་ཞིག་བཟོ་མིན་གྱི་དུས་ཀྱི་དཀྱོག་མཚམས་ཤིག་ལ་སླེབས་ཡོད་པའི་ཚོར་སྣང་ཡོད། དེར་བརྟེན་དུས་ཚོད་འདི་ང་ཚོས་དམ་འཛིན་མ་ཐུབ་ཚེ་ཕམ་ཁ་ཆེན་པོ་ཉོ་ཡང་སྲིད་པས་ཚང་མས་ཐུགས་ཁུར་བཞེས་དགོས་ས་ཧ་ཅང་མང་།

དྲི་བ། དེང་སང་ཧི་མ་ལ་ཡའི་མི་རིགས་གསར་པ་ཚོས་རང་གི་རིག་གཞུང་ལ་དོ་སྣང་བྱེད་མཁན་གྱི་ཚད་གང་འདྲ་ཞིག་ལ་སླེབས་ཡོད།

ལན། ཧི་མ་ལ་ཡའི་མི་རིགས་གསར་པ་ཚོས་སྔར་ལས་ལྷག་རང་གི་རིག་གཞུང་ལ་དོ་སྣང་ཡོད་པ་གསལ་པོ་རེད། ལག་ལེན་བྱེད་ཐུབ་མིན་ནི་རིམ་པ་གཉིས་པའི་སྐད་ཆ་རེད། མེས་པོ་གོང་མ་ཚོའི་ཁྲོད་དུའང་དཀའ་ངལ་ཆེན་པོ་མྱངས་ནས་ནང་ཆོས་སློབ་སྦྱོང་གནང་བ་སོགས་ཀྱི་ལོ་རྒྱུས་ཡོད། མང་ཚོགས་ཁྲོད་ནའང་སྐད་ཡིག་དང་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་བྱུང་ཡོད། འོན་ཀྱང་། དེང་སྐབས་ནི་སྔོན་དང་མི་འདྲ། རྒྱུ་མཚན་ལྡན་པ། དགོས་མཁོ་དང་ལྡན་པའི་ཐོག་ནས་རང་གི་རིག་གཞུང་དང་སྐད་ཡིག་ལ་དོ་སྣང་བྱེད་པ་ཡིན། ཧི་མ་ལ་ཡའི་ས་ཁུལ་མང་ཆེ་བའི་ནང་བོད་ཡིག་དང་། ནང་ཆོས་སློབ་པ་ཡིན། སློབ་གྲྭའི་ནང་རིག་གཞུང་གི་ཆས་གོས་དང་གླུ་གཞས་སོགས་ལ་དོ་སྣང་དང་སེམས་ཁུར་གྱི་འདུ་ཤེས་བསྐྲུན་ཐུབ་ཡོད་པ་རེད། རང་རང་གི་མི་རིགས་ཀྱི་འདུ་ཤེས་དང་། སྤྱི་ཚོགས་ལ་སེམས་ཁུར་ཡོད་མཁན་སློབ་ཕྲུག་དང་གཞོན་སྐྱེས་ཧ་ཅང་མང་པོ་ཞིག་ཡོད་པ་གསལ་གསལ་དག་དག་རེད། ལྷག་པར་དུ་ལོ་འདི་གའི་ནང་བལ་ཡུལ་གཞུང་གི་ཆབ་སྲིད་འགྱུར་འགྲོས་ཀྱིས་ས་གནས་མང་ཚོགས་ཀྱི་ཐོབ་ཐང་དང་འབྲེལ་བའི་ལས་དོན་མང་པོ་ཞིག་ཚ་ཚ་འུར་འུར་གྱིས་འགྲོ་བཞིན་པ་དེས་མང་ཚོགས་རྣམས་རྨོངས་གཉིད་སད་པའི་རྒྱུ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། གཞོན་སྐྱེས་ཚོར་མི་རིགས་སྤྱི་ཚོགས་ཀྱི་འདུ་ཤེས་ཀྱང་སྔར་ལས་ལྷག་པ་བསྐྲུན་ཡོད་པ་རེད། མི་རིགས་སྤྱི་ཚོགས་ལ་འགན་ཁུར་འདུ་ཤེས་སླེབས་སོང་ན་སྐད་ཡིག་རིག་གཞུང་ལ་དོ་སྣང་དང་རིན་ཐང་ལྟ་ཚུལ་ཇེ་ལེགས་སུ་འགྲོ་བའི་རེ་བ་དང་ཡིད་ཆེས་ཡོད།

དྲི་བ། བོད་ཀྱི་རིག་གཞུང་འདི་ཧི་མ་ལ་ཡའི་རི་རྒྱུད་དུ་མ་ཉམས་པར་གནས་ཚེ་ཁེ་ཕན་གང་ཡོད།

ལན། ཧི་མ་ལ་ཡའི་མི་རིགས་ཚོར་མཚོན་ན་ཕ་ཁྱིམ་བོད་ནས་ཡིན་སྟབས་བོད་ཀྱི་རིག་གཞུང་ཇི་ཙམ་མ་ཉམས་པར་གནས་ཐུབ་པ་དེའི་ཚོད་ཧི་མ་ལ་ཡའི་མི་རིགས་དག་ཀྱང་གསོན་ཉམས་དོད་པོའི་ངང་གནས་ཐུབ་ངེས། མི་རིགས་ཤིག་ལ་མཚོན་ན་སོ་སོའི་ཐུན་མིན་གྱི་སྐད་ཡིག་རིག་གཞུང་མ་ཉམས་པར་གཅེས་འཛིན་བྱ་རྒྱུ་ནི་མི་རིགས་དེ་ས་སྒང་འདིར་ཇི་ཙམ་རྒྱུན་གནས་ཐུབ་མིན་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རེད། མང་ཚོགས་རྣམས་སོ་སོའི་ཕ་མེས་ཀྱི་ཤུལ་བཞག་སྐད་ཡིག་དང་། རིག་གཞུང་སོགས་ལ་གདུང་བ་ཡོད་སྟབས་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་། ལྷག་པར་དུ་དངོས་ཡོད་གནས་ཚུལ་ལ་ཞིབ་མཇུག་བྱས་ནས་མདུན་བསྐྱོད་བྱ་རྒྱུ་ནི་དེ་བས་གལ་ཆེན་པོ་རེད། སྐད་ཡིག་རིག་གཞུང་དེའི་རིན་ཐང་དང་དགོས་མཁོ་སོགས་འདིར་གླེང་དགོས་པ་མི་འདུག་མོད། གང་ལྟར་བོད་ཀྱི་སྐད་ཡིག་རིག་གཞུང་མ་ཉམས་པར་གནས་ཐུབ་ཚེ་ཧི་མ་ལ་ཡའི་མི་རིགས་སྤྱི་ཚོགས་སྡེ་ཚན་དེ་ཉིད་མཛའ་བརྩེ་ལྡན་པའི་ཐོག་ནས་གནས་ཐུབ་པའི་རམ་འདེགས་ཤིག་ཏུ་འགྱུར་ངེས། ཕན་ཚུན་མི་རིགས་གཅིག་པ་ཡིན་སྐོར་ཁས་ཤོད་མི་དགོས་མིག་གིས་མཐོང་རྒྱུ་ཡོད་པའི་ཐུན་མོང་གི་རིག་གཞུང་། ཆ་ལུགས། གོམས་སྲོལ་སོགས་བདག་གཅེས་བྱེད་ཐུབ་ན་སྙམ་པའི་རེ་བ་ཧ་ཅང་ཆེན་པོ་ཡོད། ཕ་མེས་ཀྱི་རིག་གཞུང་ལ་དོ་སྣང་བྱས་ནས་སྤྱི་ཚོགས་གསར་བར་གོམ་པ་སྤོ་མི་ཐུབ་རྒྱུ་དེ་འདྲའང་གང་ཡང་མཐོང་གི་མི་འདུག སྐབས་རེར་སྤྱི་ཚོགས་ནང་དེའི་སྐོར་ལ་བསམ་ཚུལ་འདོན་མཁན་འདུག ཕྱོགས་གཞན་ཞིག་ནས་དཔལ་འབྱོར་ཁེ་ཕན་ཐད་ལ་བསམ་ནའང་ཧི་མ་ལ་ཡའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཡིད་དབང་འཕྲོག་ནས་ཡུལ་སྐོར་སྤྲོ་འཁྱམ་པའང་ཧ་ཅང་མང་པོ་ཞིག་འཚང་ག་ཤིག་ཤིག་བྱེད་པ་ལ་སོགས་ཀྱི་རྒྱབ་ལྗོངས་དངོས་ཤུགས་རྒྱུད་གསུམ་ལ་བསམ་གཞིག་བྱེད་དགོས་པ་དང་། གནས་ཚུལ་ཤེས་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག

དྲི་བ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྤུན་ཟླ་ཚོས་རིག་གཞུང་འདི་ཡུན་རིང་གནས་ཕྱིར་ཤུགས་རྒྱག་རྩིས་ཡོད་དམ།

ལན། ཡོད་དང་ཡོད། ཤུགས་རྒྱག་རྩིས་ཡོད་མེད་ཀྱི་སྐད་ཆ་དེ་ནི་མ་འོངས་པའི་བྱེད་སྒོ་ལྟ་བུ་ཞིག་ཏུ་བརྩི་མིན་ལ་གོ་བ་ལྟ་བུར་སྣང་། དོན་དངོས་སུ་ཧི་མ་ལ་ཡའི་ས་ཁུལ་གང་ས་ནས་ཤུགས་བརྒྱབས་དང་རྒྱག་མུས་རེད། ས་གནས་ཁག་གི་སློབ་གྲྭར་ནང་ཆོས་དང་བོད་ཀྱི་སྐད་ཡིག་སློབ་རྒྱུར་འབད་བརྩོན་བྱེད་པ་དང་། ལྷག་པར་དུ་དེང་སྐབས་ཆབ་སྲིད་འགྱུར་འགྲོས་ཀྱི་དབང་གིས་ས་གནས་ས་ཐོག་ལ་ལས་ཁུངས་ལྟེ་གནས་འཛུགས་གཏན་ཁེལ་བ་རེད། ལས་ཁུངས་ནང་གི་ཡི་གེ་དེ་དག་གང་ཐུབ་བོད་ཡིག་བཀོལ་རྒྱུའི་ཐད་ལ་འཆར་གཞི་དང་གླེང་སློང་བྱེད་མུས་ཡིན། སྤྱིར་ན་བོད་སྐད་བོད་ཡིག་ཟེར་བ་དེ་བོད་མི་རིགས་ཀྱི་སྐད་ཡིག་ལ་གོ་བ་ལེན་དགོས་པ་ལས་བོད་པ་ཁོ་ནར་དབང་བའི་སྐད་ཡིག་ཅིག་ཏུ་ངོས་འཛིན་བྱས་ན་སྐད་ཡིག་ཁྱབ་ཁོངས་ཆུང་དུ་འགྲོ་བའི་འགལ་རྐྱེན་བྱེད་ཀྱི་རེད། དེ་ལྟའི་ལྟ་ཚུལ་ཐོག་ལ་རང་གཞན་ཚང་མས་བསམ་བློ་གུ་ཡངས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤེས་རྒྱུ་ཡང་གནད་འགག་ཅིག་ཏུ་བརྩི་གི་ཡོད།

དྲི་བ། གཞིས་བྱེས་བོད་པའི་ངོས་ནས་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་བར་བྱ་དགོས་པའི་ལས་ཀ་གང་ཞིག་མཐོང་སོང་།

ལན། སློབ་ཕྲུག་ཅིག་སློབ་སྦྱོང་བྱེད་པའི་གོ་རིམ་ལ་མཚོན་ན་དང་པོ་ཡི་གེ་འབྲི་ཀློག་ཚད་ལྡན་སྦྱངས། དེ་རྗེས་ནང་དོན་ལ་བསམ་བློ་གཏོང་རྒྱུ་དེ་རིམ་པ་གཉིས་པ་ཞིག་རེད། དེ་བཞིན་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་བར་དང་པོ་སོ་སོས་བོད་སྐད་ཡག་པོ་རྒྱག་ཐུབ་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་རེད། དེའི་ཐད་ལ་ཕྱི་སྡོད་བོད་མི་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་དཀའ་ངལ་ཞིག་མཐོང་གི་འདུག ང་ཚོས་གང་ཐུབ་ཡིག་སྐད་དང་བསྟུན་ན་སྐད་ཡིག་གཉིས་གཅིག་ཕན་གཅིག་གྲོགས་ཀྱིས་རྒྱུན་རིང་གནས་པར་ཕན་ཐོགས་ངེས་ཡིན། ད་ལྟ་བོད་ཀྱི་སྐད་ཡིག་ལ་མཚོན་ན་སྟོང་ཆ་ཆེ་ཤོས་ཤིག་དེ་རེད། སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས་རྒྱུ་དེ་གལ་ཆེ་ཤོས་ཤིག་རེད། དེ་མིན་མང་པོ་ཞུ་བའི་སྤོབས་པ་ང་ལ་མེད།

དྲི་བ། གདང་ལ་རི་བོའི་སྟེགས་བུ་འདི་བརྒྱུད་ནས་བོད་དང་ཧི་མ་ལ་ཡའི་སྤུན་ཟླ་ཚོ་ལ་སྐུ་ཉིད་ཀྱིས་བཤད་འདོད་པའི་སྐད་ཆ་གང་ཡོད།

ལན། དང་པོ་དེ་ཆོས་རྒྱུད་ཁག་གི་བླ་ཆེན་ཚོར་རེ་སྐུལ་ཞིག་ཞུ་རྒྱུ་ཡོད། ༧གོང་ས་མཆོག་གི་གཙོས་བླ་ཆེན་ཚོའི་བཀའ་དྲིན་ལས་རྒྱ་གར་གཞིས་ཆགས་བོད་པ་སྐྱ་བོ་ཚོར་ཡང་ལྟོས་ཕྱོགས་ཀྱི་ནང་ཆོས་གོ་རྟོགས་ཡག་པོ་འདུག འོན་ཀྱང་། བལ་ཡུལ་ཁོངས་ཀྱི་ཧི་མ་ལ་ཡའི་མི་དམངས་རྣམས་སྤྱིའི་ཆ་ནས་ནང་ཆོས་ལ་གོ་རྟོགས་དམན་ཙམ་རེད། དེ་བཞིན་ནང་བསྟན་སྤྱི་ལ་བསམ་ནས་སྙིགས་དོར་བཅུད་ལེན་བྱེད་དགོས་ས་ཧ་ཅང་མང་པོ་ཞིག་མཐོང་གི་ཡོད། དེའི་ཐད་ལ་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་བླང་དོར་བཀའ་སློབ་གནང་རོགས་ཞེས་རེ་སྐུལ་ཞུ། གལ་ཆེ་ཤོས་དེ་ས་གནས་སོ་སོའི་མཁན་པོ་སློབ་དཔོན། དགེ་བཤེས་སོགས་ཤེས་ལྡན་རྣམ་པར་སྤྱི་ཚོགས་ཁ་ལོ་སྒྱུར་བར་འགན་ཆེན་པོ་ཞིག་ཡོད་རེད་ལ་འགན་ཁུར་གནང་དགོས་པ་རེད། དེ་མ་གཏོགས་ནང་པའི་མི་རིགས་གནས་སྡོད་བྱེད་ས་མང་པོ་ཞིག་གི་སྐོར་ལ་བསམ་བློ་གཏིང་ཟབ་བཏང་ན་མཐའ་འཁོབ་ཀླ་ཀློའི་ཡུལ་གྱི་ཟླ་བོར་ཡང་འགྱུར་ལ་ཉེ་བས་ཧ་ཅང་བློ་ཕམ་གྱི་གནས་སུ་གྱུར་འདུག སྟོང་ཆ་དེ་དག་འགེང་བར་གོང་དུ་ཞུས་མ་ཐག་པ་བཞིན་ས་གནས་སོ་སོའི་བླ་སྤྲུལ་ཤེས་ལྡན་རྣམ་པས་ཐུགས་འགན་ཆེར་བཞེས་གནང་རོགས། མ་འོངས་པར་ཧི་མ་ལ་ཡའི་མི་རིགས་རྣམས་ཡང་ནས་བསྐྱར་དུ་ལྷན་འཛོམས་དང་ཕན་ཚུན་མི་རིགས་གཅིག་པའི་འདུ་ཤེས་ཐོག་རྡོག་རྩ་གཅིག་བསྒྲིལ་གྱིས་མདུན་བསྐྱོད་བྱ་ཐུབ་པའི་རེ་སྨོན་ཡོད། བཀའ་དྲིན་ཆེ།
གདང་ལ་རི་བོ་རྩོམ་སྒྲིག་ལྷན་ཚོགས་ཀྱིས་བཅར་འདྲི་ཞུས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *