ལྡི་ལི་བུད་མེད་མཐོ་སློབ་ཀྱི་སློབ་མ་དོན་གྲུབ་སྒྲོལ་མར་བཅར་འདྲི་ཞུས་པ།

རྩོམ་ཡིག་འདི་ཐེངས་ 873 བཀླགས་འདུག

དྲི་བ། བཀྲ་ཤིས་བདེ་ལེགས། སློབ་སྦྱོང་གི་སེམས་ཁམས་དང་པོ་རྙེད་ཚུལ་དང་འབྲེལ་ཁྱེད་ཀྱི་ངོ་སྤྲོད་གནད་བསྡུས་ཤིག་གསུང་རོགས།

ལན། ང་ནི་བོད་ཁམས་སྡེ་དགེ་སྨན་ཤོད་ལུང་པ་ནས་ཡིན་པ་དང་། མིང་ལ་དོན་འགྲུབ་སྒྲོལ་མ་ཟེར། བདུན་འདིའི་ནང་རྒྱ་གར་རྒྱལ་ས་ལྡི་ལིའི་བུད་མེད་མཐོ་སློབ་ཅིག་ནས་དབྱིན་ཡིག་རྩོམ་རིག་ཆེད་སྦྱོང་ཐོག་སློབ་མཐར་ཕྱིན་ཡིན། ང་ཆུང་དུས་ནས་སློབ་སྦྱོང་ལ་དགའ་སྣང་ཡོད། འདི་ནི་ངའི་ལྷན་སྐྱེས་ཤིག་ཡིན་ལབ་ནའང་ཆོག ལོ་དགུའི་སྐབས་སུ་རྒྱ་གཞུང་བོད་ཁུལ་གྲོང་བརྡལ་ཁག་ཏུ་སློབ་ཕྲུག་བསྡུ་རུ་སླེབས་པ་རེད། སྐབས་དེར། ཕྲུ་གུ་བྱིངས་ལ་སློབ་གྲྭར་བསྐྱོད་པའི་དགའ་སྣང་མེད། དེ་ནི། རྒྱ་མི་ཞིག་རེད་ལབ་པ་ཙམ་གྱིས། ང་ཚོའི་ལུས་ནས་གློ་མཆིན་བཏོན་ནས་ཁྱེར་འགྲོ་ཡི་རེད་ཅེས་དང་། མིག་གིས་རྒྱ་མི་མཐོང་དུས་སེམས་ཀྱིས་མེ་མདའ་བསམས་ཡོང་བའི་སེམས་ལ་ཞེད་སྣང་རང་བཞིན་གྱི་བག་ཆགས་ཤིག་ཡོད། དེ་བས། ང་ཚོའི་གྲོང་བརྡལ་ནས་རང་འགུལ་གྱིས་སློབ་གྲྭར་སྐྱོད་མཁན་ཞིག་ང་རེད། སློབ་གྲྭ་ནས་ཕྱིར་འཁོར་རྗེས་ཕ་མས་མངགས་པའི་ལས་ཀ་དེ་དག་ལས་ཞོར་དུ། དཔེ་དེབ་ཅིག་ལག་ཏུ་བཟུང་ནས་སྡོད་ཀྱི་ཡོད། ཕ་མ་གཉིས་ཀ་འབྲི་ཀློག་མི་ཤེས་པའི་ཡིག་རྨོངས་ཡིན་པས། སློབ་སྦྱོང་ལས་ལས་ཀ་གལ་ཆེ་བརྩི་བ་དང་། ང་ཕྲུ་གུ་བརྒྱད་ནས་ལེ་ལོ་ཆེ་ཤོས་དེ་ཡིན་པས། དེའི་དོན་ལ་གཤེ་གཤེ་རག་མྱོང་། ངའི་རྨི་ལམ་ནི་མུ་མཐུད་དུ་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་ཡང་། ལོ་རིམ་གསུམ་པ་ཚར་རྗེས་ང་སློབ་གྲྭ་ནས་ཕྱིར་འཐེན་པ་རེད། གལ་ཏེ་སློབ་སྦྱོང་མུ་མཐུད་ན་རྫོང་ཐོག་ལ་འགྲོ་དགོས་དུས་ཕ་མའི་བློ་དང་མཐུན་མ་བྱུང་། རྫོང་ཐོག་ལ་བྲོས་ནས་ཉིན་ཕྱེད་སློབ་སྦྱོང་དང་ཉིན་ཕྱེད་ལས་ཀ་བྱེད་ས་རག་ན་དྲན་པའི་འཆར་སྒོ་ཞིག་ལ་ཡུན་རིང་བསྐྱོད་མྱོང་།
འོན་ཏེ། སྐབས་དེའི་ང་ནི་ཧ་ཅང་ཆུང་བས་བློ་ཁོག་གིས་མ་འདེང་པ་རེད། ལོ་གཉིས་ཀྱི་རིང་རྫོང་སར་བོད་སྨན་ཁང་དུ་ལས་ཀ་བྱས་ནས་ལུས། ལོ་གཉིས་ཀྱི་རིང་དུ་ང་ལ་གནས་ཚུལ་མང་པོ་ཞིག་རག་པ་དང་། རང་ཉིད་ཀྱི་རྨི་ལམ་དེར་ཧུར་སྐྱེད་ཀྱིས་མདུན་བསྐྱོད་དགོས་པའི་བློ་སྟོབས་སྤྲོད་མཁན་བྱུང་། མ་ཟད་ཤེས་ཡོན་ཅན་དང་ཡིག་རྨོངས་བ་གཉིས་ཀྱི་བར་ལ་ལས་རིགས་ཆེ་ས་ཙམ་མ་ཡིན་པར། ཉིན་རེའི་འགྲོ་འདུག་གི་འཚོ་བའི་ཐོག་ཁྱད་པར་ཆེན་པོ་ཞིག་ཡོད་པའང་གསལ་དུ་ཕྱིན། དེ་ནས་ང་སླར་དུ་ལོ་བཅོ་བརྒྱད་སྐབས་སློབ་སྦྱོང་གི་གོམ་ཁ་སྤོ་འགོ་བརྩམས་པ་ཡིན། གུས་མོ་ལོ་ན་བཅོ་བརྒྱད་སྐབས་སུ་སློབ་སྦྱོང་དངོས་དེ་འགོ་འཛུགས་བྱས་པ་བརྗོད་ཆོག

དྲི་བ། ཁྱེད་རང་ཁོར་ཡུག་མི་གཅིག་པར་སློབ་སྦྱོང་བྱེད་མཁན་ཞིག་ཡིན་པས། བོད་དང་རྒྱ་གར་གཉིས་ཀྱི་སློབ་སྦྱོང་ཁོར་ཡུག་ལ་ཁྱད་པར་ག་རེ་མཐོང་བྱུང་།

ལན། འདས་པའི་མཐོ་སློབ་ལོ་གསུམ་གྱི་རིང་དུ་བོད་ཁྱིམ་སློབ་གྲྭ་དང་མི་གཅིག་པའི་ཁོར་ཡུག་ཅིག་ཏུ་སློབ་སྦྱོང་བྱས་པ་རེད། ངའི་སློབ་གྲྭའི་ནང་དུ་བོད་པ་གཉིས་ལས་མེད་པ་དང་འཛིན་གྲྭའི་ནང་དུ་ང་གཅིག་པུ་ཡིན། དགེ་རྒན་ཐོག་ལ་བརྗོད་ན་དུས་ཚོད་དམ་འཛིན་ཧ་ལས་པ་རེད། གལ་ཏེ་ཁྱེད་འཛིན་གྲྭ་ལ་འཛུལ་ཚར་སོང་ན། གཙུག་ལག་སློབ་གྲྭས་གཏན་འབེབས་བྱས་པའི་ང་ཚོའི་སྦྱོང་གཞིའི་སློབ་ཚན་ཁོ་ན་ལས། འབྲེལ་མེད་གང་བྱུང་ལ་འཕྲོས་བཤད་བྱས་ཏེ་འཛིན་གྲྭ་གཅིག་གི་སྐར་མ་བཞི་བཅུ་ཞེ་ལྔ་ལས་སྐར་མ་གསུམ་ཙམ་ཡང་འཕྲོ་བརླག་གཏོང་མཁན་མཐོང་མ་བྱུང་། གལ་ཆེ་ཤོས་ཤིག་ནི་དགེ་རྒན་གྱི་ཤེས་ཚད་ཧ་ཅང་མཐོན་པོ་རེད། འདས་པའི་ལོ་གསུམ་གྱི་རིང་དུ་འཛིན་གྲྭའི་ནང་དུ་གཉིད་ཡུར་མཁན་གྱི་སློབ་མ་རྐང་ཞིག་མ་མཐོང་། དེ་དག་ང་ཚོས་ལེན་དགོས་པ་ཞིག་མཐོང་།

དྲི་བ། བོད་པའི་སློབ་གཉེར་བ་ཚོས་སློབ་སྦྱོང་བྱེད་སྟངས་དང་རྒྱ་གར་བ་རྣམས་ཀྱིས་སློབ་སྦྱོང་བྱེད་སྟངས་ལ་ཁྱད་པར་འདུག་གམ། ཁོང་ཚོའི་སར་ནས་ང་ཚོས་ལེཊ་ཆ་ལེན་དགོས་པ་གང་མཐོང་བྱུང་།

ལན། རྒྱ་གར་སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་སྐབས་དཔེ་དེབ་ནང་དུ་ཟུག་སོང་བ་ལྟ་བུའི་བློ་རྩེ་གཅིག་སྒྲིལ་བྱེད་ཐུབ་པ་ཞིག་སྣང་། བརྒྱ་ཆ་མང་ཆེ་བ་ཞིག་སློབ་སྦྱོང་རང་ལ་སྣང་བ་གཏོང་པ་ལས་ཕྱིའི་རྣམ་པ་དང་གོས་ལོག་སོགས་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པ་ཞིག་ཚོར། མ་ཟད་སློབ་ཕྲུག་བརྒྱ་ཆ་དགུ་བཅུ་ཙམ་ལ་མཚོན་ན་དཔལ་འབྱོར་དང་འཚོ་བ་གཞན་གྱི་གནས་སྟངས་མི་ལེགས་པ་ཇི་ལྟར་ཞིག་འཕྲད་ཀྱང་།
སློབ་སྦྱོང་ལ་མཐའ་འཁྱོལ་བ་བྱས་ཏེ་སོ་སོའི་རྒྱུད་དུ་མ་མཐའ་ནས་རང་ཉིད་ཀྱི་འདུན་ལམ་བཟོ་ཐུབ་པའི་ཤེས་ཚད་ཅིག་འཇགས་སུ་འཇུག་པ་དེ་དམིགས་ཡུལ་དང་པོ་དེ་རེད། ཁོང་ཚོས་སྒོར་མོ་མང་ཆེ་བ་ཞིག་ཟུར་སྦྱོང་དང་འཛིན་གྲྭ་ལྷག་མ་ལེན་དུ་གཏོང་གི་འདུག

དྲི་བ། དེ་སྔོན་ཁྱེད་ཀྱིས་ཇ་ཁང་རིག་གནས་ཞེས་པ་ཞིག་གཉེར་ཡོད་པས་དེའི་དམིགས་ཡུལ་གང་ཡིན་མུ་མཐུད་གཉེར་རྩིས་ཡོད་དམ།

ལན། སྤྱིར་ངས་གཉེར་བཞིན་པའི་ཇ་ཁང་རིག་གནས་ཞེས་དྲ་ཐོག་གི་བཅར་འདྲིའི་ལས་གཞི་འདི་སློབ་ཕྲུག་ཞིག་གི་ངོ་བོ་ཐོག་རྨི་ལམ་ཆུང་ཆུང་ཞིག་དང་མཉམ་དུ་འགོ་འཛུགས་བྱས་པ་ཞིག་ཡིན། འདི་ནི་གཙུག་ལག་སློབ་གྲྭའི་ནང་དུ་སློབ་གཉེར་ཞོར་གྱི་བྱ་བ་ཞིག་ཡིན་དུས། ཕྱོགས་མང་པོ་ཞིག་ནས་སྤུས་ཚད་ཀྱིས་མ་འདང་བ་ཞིག་ཚོར་ཡོད་ཀྱང་། གདན་ཞུ་བྱས་པའི་མི་སྣ་མང་པོའི་ལོ་རྒྱུས་དེ་དག་རྣ་བའི་བདུད་རྩི་བཞིན་ཐོས་ཡོང་དུས་སྒེར་ཞིག་གི་ཐོག་ནས་བརྗོད་ན། ཤེས་རྒྱ་ཆེ་རུ་གཏོང་སའི་སྡིངས་ཆ་གནད་དུ་འཁེལ་པ་ཞིག་ཆགས་ཡོད་པ་དང་། སྤྱི་ཚོགས་ཤིག་གི་ཐོག་ནས་བརྗོད་ན་སྤྱི་ཕན་དོན་གཉེར་མཁན་གྱི་མི་སྣ་མང་དག་ཞིག་སྤྱི་ཚོགས་དེ་ཉིད་ཀྱིས་ངོ་མི་ཤེས་པའི་དུས་རབས་ཤིག་གི་སྣང་བརྙན་ཤར་ཡོང་དུས། ཁོང་རྣམ་པའི་སེམས་ཀྱི་རླབས་སྒྲའི་གླིང་བུ་སྙན་མོ་དེ་དཀྲོལ་སའི་སྡིངས་ཆ་ཞིག་ཀྱང་ཡིན་ཆོག མ་འོངས་བར་ཁོར་ཡུག་དང་གནས་སྟངས་ཀྱི་རྐྱེན་པས། འདིའི་ཁ་ཕྱོགས་འགྱུར་བ་གཏང་དགོས་སྲིད་ཀྱང་། ཇ་ཁང་རིག་གནས་འདི་བརྒྱུད་ནས་ཐོག་མའི་དམིགས་ཡུལ་བཞིན། ཤེས་ཡོན་དང་རིག་གཞུང་གཙིགས་སུ་བཟུང་ནས་ལས་དོན་གཉེར་བའི་དབུགས་ཐག་བརྟན་པོ་ཞིག་ཡོད།
དྲི་བ། ན་ནིང་ཁྱེད་ཀྱིས་བྲིས་པའི་(ཡུལ་གྱར་བུ་མོའི་སེམས་པ་)ཞེས་པའི་དེབ་གཅིག་མཐོང་བྱུང་། སླད་ཕྱིན་དེབ་གཞན་པ་འདྲ་འདོན་འཆར་ཡོད་དམ།

ལན། མཐོ་སློབ་སྐབས་སུ་ངས་དབྱིན་ཡིག་དཔེ་དེབ་ཁྱེད་འཆི་ན་སུ་ངུ་སྲིད’ཅེས་པ་ཞིག་བོད་སྒྱུར་བྱས་པ་ཡིན། ད་དུང་དཔར་བསྐྲུན་ཚར་མེད། མི་འགྱང་བར་བོད་ནང་དུ་པར་དུ་བསྐྲུན་འཆར་ཡོད།

དྲི་བ། དེང་གི་བོད་ཀྱི་བུ་མོ་ཚོ་ལ་མཚོན་ན་སློབ་སྦྱོང་དང་སྤོབས་པ་སོགས་རྒྱལ་ཁབ་གཞན་གྱི་བུ་མོ་དང་བསྡུར་ན་མ་འདང་བའི་ཆ་ག་རེ་མཐོང་བྱུང་། ཤུགས་རྒྱག་དགོས་པ་ག་རེ་འདུག

ལན། འཛམ་གླིང་ནང་དུ་གླིང་ཕྲན་བདུན་ནས་ཨེ་ཤ་ཡ་སྔོན་ཐོན་ཅན་གྱི་ཨང་རིམ་བཞི་པ་ཆགས་ཡོད། བོད་ཀྱི་བུད་མེད་ཚོ་ཨང་རིམ་བཞི་པའི་གླིང་ཕྲན་དུ་ཚུད་ཡོད་པ་དང་། ཆེས་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཡུ་རོབ་ནང་དུ་དུས་རབས་བཅོ་བརྒྱད་ཀྱི་མཇུག་ནས་གསར་བརྗེ་ཡི་འགོ་བརྩམས། འཛམ་གླིང་ཁྱོན་ཡོངས་ལ་གསར་བརྗེ་ཡོང་བཞིན་པའི་དུས་རབས་ཉི་ཤུའི་སྐབས་དེར་བོད་ནི་རྙིང་ཞེན་གྱི་ལྟ་བས་བསྒྲིབས་ཡོད་ལབ་ན་ཆོག་མོད། སྲོལ་རྒྱུན་རིག་གཞུང་ཐོག་ནས་བོད་འདི་རྗེས་ལུས་མིན། འོན་ཀྱང་བོད་ཞེན་གྱི་བསམ་ཕྱོགས་ནས་མ་ཡིན་པར་གློ་གཟུ་བོར་གནས་པའི་ཞིབ་མཇུག་པའམ་ལོ་རྒྱུས་སྨྲ་བ་ཞིག་གི་ངོས་ནས་བརྗོད་ན་བོད་དེ་ད་དུང་ཆབ་སྲིད་དང་དཔའ་འབྱོར་དེང་དུས་ཤེས་ཡོན་གསུམ་གྱི་ཐོག་ལ་རྗེས་ལུས་ཐེབས་བསྡད་པ་ཞིག་སྣང་། དུས་རབས་ཉེར་གཅིག་པ་འདི་ནའང་བོད་ནང་དུ་ཡིག་རྨོངས་པའི་གྲངས་ཀ་ཧ་ཅང་མང་པོ་རེད།
ལྷག་པར་དུ་གལ་ཏེ་ཁྱིམ་ཚང་ཞིག་གི་ནང་དུ་འབྲི་ཀློག་མ་ཤེས་མཁན་གཅིག་ལས་མེད་ན། དེ་ནི་ཁྱིམ་ཚང་དེའི་ཨ་མ་དང་བུ་མོ་གཉིས་གང་རུང་ཞིག་ཡིན་པར་ངེས། རྒྱུ་མཚན་ནི་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་གཞིར་བཞག་ནས་བརྗོད་དགོས་པ་དང་། གལ་ཏེ་འདི་ལ་ཁ་ཕྱོགས་ནས་བཤད་ན་བུ་མོ་ཞིག་གི་ཡོད་ཚད་ཀྱི་འཛམ་གླིང་ནི་ཐབ་ཚང་དང་དེར་བཤམས་པའི་ཡོ་བྱད་ཕྱི་བདར་བྱ་རྒྱུ་དང་འབྲོག་ལས་སོགས་ཡིན་དུས། འདི་ནི་གཞི་རྩའི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ལུགས་སྲོལ་ལས་བལྟམས་པའི་བོད་ཀྱི་བུད་མེད་ཀྱི་ལས་དབང་ཞིག་ལ་བརྩི་ཆོག འདི་ལས་ཐར་བར་ཐབས་ལམ་གཉིས་ལས་མེད་པ་ནི། གཅིག་ནས་བོད་ཀྱི་འཚོ་བའི་ཁ་ཕྱོགས་དེ་འགྱུར་བ་འགྲོ་ཐུབ་དགོས་པ་ཞིག་དང་། གཉིས་ནས་བོད་ཀྱི་ཤེས་ཡོན་པའི་སྡེ་དེ་ཕྱི་གླིང་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཁག་ཏུ་འདུར་རྒྱུགས་བྱ་རྒྱུ་དེ་ཉུང་རུ་བཏང་ནས། བོད་ཀྱི་སྲོག་ཤིང་བཞིན་རིག་གཞུང་གི་མཁར་རྫོང་ལྟ་བུའི་ཞིང་འབྲོག་མང་ཚོགས་ཀྱི་ས་ཁུལ་ཁག་ལ་ཁ་ཕྱོགས་ཏེ་ཕོ་མོ་དབྱེར་མེད་ཐོག་ཤེས་ཡོན་དར་སྤེལ་གྱི་ལས་འགུལ་སྤེལ་ཐུབ་དགོས་པ་དེ་རེད།
ཤེས་ཡོན་གྱི་གོ་སྐབས་རག་བཞིན་པའི་བོད་པའི་བུད་མེད་ཚོ་ལ་མཚོན་ནའང་། རྒྱལ་ཁབ་གཞན་གྱི་བུད་མེད་བཞིན་སློབ་སྦྱོང་ཐོག་ཧུར་བརྩོན་དང་རྒྱུན་སྲིང་གི་བློ་སྟོབས་ཡོད་མཁན་ཉུང་ཉུང་རེད། དཔེར་ན་དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་ནང་དུ་འཛམ་གླིང་ཕྱོགས་ཡོངས་ན་བུད་མེད་དམའ་ས་བཟུང་བའི་ཕོ་མོ་དབྱེ་འབྱེད་ཀྱི་ལྟ་བ་ཞིག་བཀོལ་བཞིན་པ་དང་། དམིགས་བསལ་བུད་མེད་རྣམས་ཀྱིས་བྲིས་པའི་དཔེ་དེབ་པར་དུ་བསྐྲུན་མི་ཆོག་པའི་དུས་དེར། བུད་མེད་རང་ཉིད་ཀྱི་མིང་བཀོལ་དབང་མེད་ཀྱང་སྐྱེས་པའི་མིང་རྫུན་ཐོག་སྤྱི་ཚོགས་ཀྱིས་སྤྱི་ཚོགས་ཀྱི་ངོ་གདོང་དངོས་དེ་སྣང་བརྙན་ཤར་ཐུབ་པའི་དཔེ་དེབ་སྐད་གྲགས་ཅན་འབྲི་མཁན་བྱུང་ཡོད།
ང་ཚོའི་སྤྱི་ཚོགས་ནང་དུ་དེ་ལྟ་བུའི་བཀག་སྡོམ་ཚབས་ཆེན་མེད་ཀྱང་། སྐབས་དེར་དཔེ་དེབ་འབྲི་བ་སོགས་ཤེས་ཡོན་ཐོག་བྱ་འགུལ་སྤེལ་མཁན་ཉིན་གྱི་སྐར་མ་ལྟ་བུ་རེད། གཞན་ཡང་བོད་ཀྱི་བུད་མེད་ཚོའི་ནོར་འཕྲུལ་ཆེ་ཤོས་ཤིག་ནི། ཁྱིམ་ཚང་ཞིག་བཟུང་ཚར་ན་དཔེ་ཀློག་དང་སློབ་སྦྱོང་གོང་འཕེལ་གཏང་རྒྱུ་དེ་གྲི་ཡིས་ཐག་པ་གཏུབས་པ་བཞིན། མཚམས་འཇོག་བྱེད་དགོས་ཀྱི་ཡོད་པ་ཚོར་ཡོད། ལོ་རྒྱུས་ཐོག་བུད་མེད་དམའ་སར་འཇོག་པའི་ལུགས་སྲོལ་ཤུགས་ཆེ་ཤོས་དེ་རྒྱ་གར་ལ་བྱུང་ཡོད་ཀྱང་ད་ཆ་རྒྱ་གར་བུད་མེད་མང་ཆེ་བ་ཞིག་གིས་གཉེན་སྒྲིག་གི་རྗེས་སུ་ཞིབ་འཇུག་སློབ་མ་དང་འབུམ་རམས་པ་སོགས་ཀྱི་སློབ་སྦྱོང་བྱེད་ཀྱི་ཡོད་རེད།
དུས་རབས་ཉི་ཤུ་པའི་ནང་དུ་རྒྱ་མིའི་ནང་རྩོམ་པ་པོ་ཞིག་གིས་བྲིས་པའི་འཁྲབ་གཞུང་ཞིག་གི་ནང་དུ་བརྗོད་དོན།“གལ་ཏེ་མིས་བཟོས་པའི་ལམ་ལུགས་དེ་མི་རང་གིས་འགྱུར་བ་མ་བཏང་ན། ལྷ་ཡུལ་ནས་ལྷ་བབས་ནས་འགྱུར་བ་གཏང་མི་སྲིད”་ཅེས་བརྗོད་ཡོད། བུད་མེད་རང་ཉིད་ཀྱིས་འགོ་བརྩམས་ནས་གོམ་པ་ཞིག་སྤོ་དགོས་པ་དང་། འཕོ་འགྱུར་ཞིག་གཏོང་དགོས་པ་ནི་ཆེས་ཐོག་མའི་མདུན་བསྐྱོད་ཀྱི་སྒོ་ཆེན་ལྟ་བུ་རེད་སྙམ་ཡོད།
གདང་ལ་རི་བོ་རྩོམ་སྒྲིག་ལྷན་ཚོགས་ཀྱིས་བཅར་འདྲི་ཞུས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *