སྙན་ངག་མེ་ལོང་ལ་ཁ་གསབ་གང་མང་ཞིག་བྱེད་དགོས།
རྩོམ་ཡིག་འདི་ཐེངས་ 1042 བཀླགས་འདུག
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཆབ་བྲག་ལྷ་མོ་སྐྱབས་ལ་གདང་ལ་རི་བོ་རྩོམ་སྒྲིག་པས་བཅར་འདྲི་ཞུས་པ།
དྲི་བ། བཀྲ་ཤིས་བདེ་ལེགས། ཁྱེད་དང་རྩོམ་རིག་གི་འབྲེལ་བའི་བརྒྱུད་རིམ་དང་གྲུབ་འབྲས་ཐད་ནས་ཅུང་གསུང་རོགས།
ལན། འདིའི་འགོ་བྱིས་དུས་ནས་གླེང་འོས། ངའི་བྱིས་དུས་ནི་ཡུལ་མི་ཆེ་ཆུང་ཚང་མ་གཏམ་དཔེ་དང་ཁེད། གནའ་བཤད། གླུ་དང་ལ་གཞས་སོགས་ངག་རྒྱུན་གྱི་རྩོམ་རིགས་ཕུན་སུམ་ཚོགས་པའི་དུས་ཤིག་རེད།
དེ་བས་ང་ཡང་ཆུང་དུས་ནས་དེ་རིགས་ལ་ཧ་ཅང་དགའ་ཞིང་གང་མང་ཞིག་ཤེས་ཐུབ་ཡོད་པས། སློབ་ཆུང་ལོ་རིམ་ལྔ་བའི་དུས་ནས་ཚིགས་བཅད་སོགས་རྩོམ་ཐུང་འགའ་རེ་འབྲི་རྒྱུར་དགའ་ཞིང་སློབ་འབྲིང་ནས་སྙན་ངག་མེ་ལོང་མའི་དཔེ་རྒྱན་དང་གཟུགས་རྒྱན་འགའ་རེ་བསླབས་པ་དང་།
རྗེས་སུ་རེབ་གོང་དུ་དགེ་འོས་འཛིན་གྲྭ་ཞིག་བསྡུས་པའི་ནང་དུ་སོང་ནས་སྙན་ངག་མེ་ལོང་ཆ་ཚང་ཞིག་རྩེ་གཞུང་ཨ་ཁུ་ལྷ་མོ་སྐྱབས་ལགས་ཀྱི་མདུན་ནས་སྦྱོང་སྐལ་ལྡན་པ་དེས་ཚིགས་བཅད་སྙན་ངག་འབྲི་རྒྱུ་གཙོས་རྩོམ་རིག་གི་རྨང་གཞི་ཡག་པོ་ཚུགས་ཐུབ་སོང་། སྐབས་དེ་དུས་རྩོམ་རིག་གི་དུས་དེབ་གསར་བ་རིགས་ཀྱང་དཔར་འགྲེམས་བྱེད་ཀྱིན་པས་རང་མོས་སྙན་ངག་དང་བརྩམས་སྒྲུང་སོགས་ལ་ལ་དོ་སྣང་ཆེ་རུ་གྱུར་སོང་། ༡༩༨༩ ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་ནས་ལྗང་གཞོན་དུས་དེབ་སོགས་སུ་སྙན་ངག་དང་བརྩམས་སྒྲུང་འགའ་སྤེལ། ལྷག་པར་སྐབས་དེར་ས་ར་བོད་ཀྱི་མཐོ་སློབ་ཁང་གསར་འཛུགས་བྱས་ཏེ་ང་རྩོམ་རིག་གི་དགེ་རྒན་བྱེད་དགོས་བྱུང་ནས་སྙན་ངག་མེ་ལོང་དང་དེང་རབས་རྩོམ་རིགས་གཞན་དག་སྐོར་ནས་ཀྱང་སློབ་ཁྲིད་བྱེད་དགོས་བྱུང་ཞིང་། <<རྩམ་པ>>དུས་དེབ་རྩོམ་སྒྲིག་དང། གཞན་ཡང་རྩོམ་སྒྲིག་པ་མི་ཉུང་བ་ཞིག་གིས་རྩོམ་བསྐུལ་ལྟར་དུ་རྩོམ་ཡིག་ཀྱང་མི་ཉུང་བ་ཞིག་བྲིས་ཡོད་ལ། རིམ་པས་དེ་དག་<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་པ་དེབ་བརྒྱད་དང་<<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>>ཞེས་པའི་བོད་ཡིག་གི་དྲ་ཚིགས་ཤིག་ཀྱང་བཟོས་ཡོད། ད་དུང་མུ་མཐུད་རྩོམ་འབྲིའི་ལས་ལ་འཇུག་གིན་ཡོད་པ་བཅས་དེ་ཙམ་གྱིས་ལན་འདི་འཐུས་པར་བྱེད།
དྲི་བ། སྙན་ངག་མེ་ལོང་མ་ཚད་ལྡན་ཞིག་ཤེས་དགོས་ན་རྒྱ་གར་གྱི་སྐད་ཡིག་གི་གནས་ཚད་ཆེན་པོ་དགོས་པར་གླེང་མཁན་འདུག་ན་འདིའི་ཐད་རྒན་ལགས་ཀྱི་མྱོང་ཚུལ་གང་འདྲ་ཡོད།
ལན། རྒྱ་གར་གྱི་སྐད་ཡིག་ཤེས་ན་སྙན་ངག་མེ་ལོང་འཆད་ཁྲིད་སྐབས་སུ་ཕན་ཐོགས་ཅུང་རེ་ཡོད་ངེས། ལྷག་པར་སྒྲ་རྒྱན་སྐབས་སུ་ཕན་ཐོགས་ཡོད་སྙམ། ཡིན་ཡང་ང་ཚོས་བོད་ཡིག་གི་རྩོམ་འབྲི་རྒྱུའི་ཆེད་དུ་གཞུང་དེ་སློབ་སྦྱོང་བྱེད་ཀྱིན་ཡོད་པས་རྒྱ་གར་སྐད་དུ་དེ་དག་ཅི་དང་གང་ཡིན་ཤེས་དགོས་པ་གལ་ཆེན་པོ་མ་རེད་འདོད།
དྲི་བ། གནས་དུས་དང་ང་ཚོའི་མི་རིགས་འདིར་མཚོན་ན་མེ་ལོང་མ་འདི་རྩོམ་རིག་སྤྱི་དང་སྙན་ངག་ཕུལ་དུ་བྱུང་བ་ཞིག་གི་སྦྱང་གཞི་ཚད་ལྡན་ཞིག་ཡིན་ནམ།
ལན། ཤེས་དགོས་པ་ནི་སྙན་ངག་མེ་ལོང་འདི་གནའ་བོའི་རྒྱ་གར་གྱི་མཁས་པ་ཞིག་གིས་སྐབས་དེའི་རྒྱ་གར་གྱི་སྙན་ངག་གམ་རྩོམ་རིག་གི་གནད་བརྒྱ་བསྡུས་པའི་གཞུང་ལུགས་ཤིག་ཡིན་པས་ད་ལྟའི་དུས་སྐབས་འདི་འདྲར་རྩོམ་ལུགས་དེས་ད་དུང་ཆོག་ཤེས་པར་བྱེད་ཐབས་མེད། གཞུང་ལུགས་གང་ཞིག་ཡིན་ཡང་མཁས་པ་རིམ་བྱོན་གྱིས་ཁ་ཇེ་གསལ་དང་དོན་རྒྱས་པར་བཏང་དང་གཏོང་བཞིན་པས་འུ་ཚོས་ཀྱང་སྙན་ངག་མེ་ལོང་ལ་ཁ་གསབ་གང་མང་ཞིག་བྱེད་དགོས། ཡང་གཅིག་བཤད་ན། སྦྱང་གཞི་ཚད་ལྡན་ཡིན་མིན་ཇི་ལྟར་ཡང་། ད་བར་དུ་སྙན་ངག་གི་སློབ་དེབ་འདི་མ་གཏོགས་མེད་སོང་བ་རེད།
དྲི་བ། ལག་ལེན་དང་འཚོ་བ་གཉིས་ཐད་ནས་གླེང་ན་རྩོམ་གཞུང་མེ་ལོང་མ་འདི་ང་ཚོར་འོས་འཚམས་ཡིན་ནམ།
ལན། གཞུང་འདི་མི་ལོ་བརྒྱ་ཕྲག་དུ་མར་བོད་ཀྱི་མཁས་པ་རིམ་བྱོན་གྱི་རྣམ་དཔྱོད་དང་བསྡོངས་ཏེ་གནས་པ་རེད་ལ། དེང་སང་ད་དུང་དེ་ལུགས་ཀྱི་སྙན་ངག་མཚན་མོའི་རྒྱུ་སྐར་བཞིན་དུ་རྣམ་པར་བཀྲ་བ་འདིས་ལག་ལེན་གྱི་རིན་ཐང་ཡོད་ལ་སྤྱོད་སྒོ་ཆེ་བ་མཚོན་ཡོད།
དྲི་བ། བཙན་བྱོལ་སྤྱི་ཚོགས་འདིར་ལེའུ་བར་པ་ཙམ་ལས་ཐོག་མཐའ་གཉིས་འཆད་ཁྲིད་བྱེད་མཁན་ཧ་ལམ་མེད་པ་ལྟ་བུར་འདུག་ན་རྒྱུ་རྐྱེན་གང་ཞིག་ཡིན་ནམ།
ལན། དེ་གཅིག་བྱས་ན་དགེ་རྒན་ཚོས་གནད་འགག་གཙོ་བོ་ཞིག་གཟིགས་མ་ཐུབ་པ་འདྲ། ཡང་མིན་ན་ཚིག་རྒྱན་ཁ་གཞུང་འདིར་མཐོང་ཆུང་བྱས་པ་ཡིན་སྲིད། ཡང་ལ་ལས་ཚིག་རྒྱན་འགའ་ཞིག་ཤེས་སོང་ན་སྙན་ངག་ཤེས་པར་རློམ་པ་མིན་ནམ། ཡང་ལ་ལས་སློབ་མའི་ཤེས་ཚད་དང་སློབ་སྦྱོང་གི་དགོས་འདུན་ལའང་བལྟས་པ་ཡིན་སྲིད། གལ་ཏེ་ཆེད་དུ་སྙན་ངག་དང་རྩོམ་རིག་ལ་སྦྱོང་མཁན་ཞིག་ཡིན་ན་གཞུང་ཆ་ཚང་སློབ་གཉེར་མཐར་ཕྱིན་པ་བྱས་ན་ཕན་ཐོགས་ཆེ་བ་ཡོད།
དྲི་བ། མེ་ལོང་མའི་དཀའ་གནད་བཅུ་གསུང་རོགས།
ལན། དཀའ་གནད་ཡིན་མིན་ཇི་ལྟར་ཡང་བཅུ་ཐམ་པ་བརྩི་དགོས་ན། གཅིག་སྙན་ངག་གི་མཚན་ཉིད། གཉིས་མཆོད་བརྗོད་སོགས་ཀྱི་བསྟན་དོན་གཙོ་བོ། གསུམ་ཚིགས་བཅད་སྡེབ་སྦྱོར་གྱི་རྣམ་གྲངས། བཞི་ཡོན་ཏན་བཅུ་ཐམ་པའི་ཞིབ་ཆ། ལྔ་ལྷུག་མ་དང་སྤེལ་མའི་རྩོམ་ལུས་སྐོར། དྲུག་སྒྲ་རྒྱན་དང་དོན་རྒྱན་གྱི་གཞི་མཐུན། བདུན་དགོངས་པ་རྒྱན་གྱི་གོ་དོན། བརྒྱད་སྙན་ངག་ཆེན་པོའི་རྩོམ་ལུས། དགུ་སྐྱོན་བཅུ་སེལ་ཐབས། བཅུ་སྙན་ངག་མེ་ལོང་གི་དཔེར་བརྗོད་གང་མང་ཞིག་གིས་མཚོན་ཐབས་སྐོར་བཅས་ནི་ངེས་པར་གསལ་རྟོགས་ཐུབ་དགོས་པའི་ཆ་དག་ཡིན་ལ་མེ་ལོང་མ་སྦྱངས་ཏེ་བྱང་ཆུབ་པ་ཞིག་ཤེས་ཡོད་མེད་ཀྱི་ཚད་གཞི་ཡང་བྱེད་ཆོག་སྙམ་མོ།
དྲི་བ། བོད་དུ་མེ་ལོང་མའི་ཁྲིད་རྒྱུན་འཕེལ་རིམ་དང་ཤུགས་རྐྱེན་ཐད་ནས་ཞིབ་ཙམ་གསུང་རོགས།
ལན། ཐོག་མར་ས་པཎ་གྱིས་མཁས་པ་འཇུག་པའི་སྒོ་ཞེས་པའི་ནང་དུ་མེ་ལོང་མའི་ལེའུ་བར་བའི་རྒྱན་འགའ་ཞིག་བསྒྱུར་བཀོད་བྱས་པ་དང་དེ་རྗེས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མེ་ལོང་མ་ཆ་ཚང་བསྒྱུར་ཅིང་དཔང་ལོ་ཙ་བ་ནས་འཆད་ཉན་གྱི་དབུ་བརྩམས་པར་བཤད། ཁོང་གིས་རཏྣ་ཤྲིའི་རྒྱ་འགྲེལ་གྱི་ཚིག་སྣ་བསྡུས་པའི་གཞུང་བཤད་དཔང་ཊཱིཀ་ཅེས་པ་ཡང་མཛད་འདུག དེ་ནས་རིམ་བཞིན་སྡེ་བ་རིན་སྤུངས་བའི་སྙན་ངག་འགྲེལ་བ 《མི་འཇིགས་སེང་གེ་ང་རོ》 དང་༸གོང་ས་ལྔ་པ་ཆེན་མོའི་སྙན་ངག་གི་དཀའ་འགྲེལ 《དབྱངས་ཅན་དགྱེས་གླུ》 དེའི་རྗེས་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་སྙན་ངག་གི་བཤད་སྦྱར 《དཎྡིའི་དགོངས་རྒྱན》 དེའི་རྗེས་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི《དབྱངས་ཅན་ངག་གི་རོལ་མཚོ་》 དེའི་རྗེས་འཇུ་མི་ཕམ་ཚང་གི 《དབྱངས་ཅན་དགྱེས་པའི་རོལ་མཚོ》 བརྩམས་པ་དང་དེ་དག་གིས་རང་རང་གི་དངོས་སུ་འཆད་ཁྲིད་ཀྱང་གནང་འདུག་ལ་སློབ་མ་ཡང་གང་མང་བསྐྱངས་ཚོད། དུས་རབས་ཉི་ཤུ་བའི་དུས་མཇུག་ལ་ཨ་ལགས་་དུང་དཀར་བློ་བཟང་འཕྲིན་ལས་ཚང་གི 《ཚིག་རྒྱན་རིག་པའི་སྒོ་འབྱེད》 དང་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི 《སྙན་ངག་མེ་ལོང་གི་སྤྱི་དོན་སྡེབ་ལེགས་རིག་པའི་འཆར་སྒོ》 ཨ་ལགས་དམུ་དགེ་ཚང་གི 《ཡང་གསལ་སྣང་མཛོད》 ཨ་ལགས་བསེ་ཙང་གི་ <<ཚངས་སྲས་བཞད་པའི་སྒྲ་དབྱངས། >> རྡོ་རྗེ་རྒྱལ་པོའི་སྙན་འགྲེལ་ལ་སོགས་པ་དཔེར་བརྗོད་གསར་བའི་རྣམ་པ་ཅན་ཡང་མང་དུ་བྱུང་ཡོད་པར་མ་ཟད་མཁས་དབང་དེ་དག་གིས་རང་རང་གི་ཁྲིད་རྒྱུན་མ་ཉམས་རྒྱུན་འཛིན་དང་དར་སྤེལ་བཏང་བའི་སློབ་མ་བོད་ཁུལ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་རེད། ད་དུང་ཡིན་ན་ཡང་མཐོ་སློབ་དང་གྲྭ་ས་ཁག་ཏུ་སྙན་ངག་མེ་ལོང་མའི་ཁྲིད་རྒྱུན་མ་ཉམས་པར་ཡོད། དེ་དག་ལས་གཙོ་བོ་བོད་མཁས་སྙན་འགྲེལ་དང་རྒྱལ་དབང་ལྔ་པའི་དབྱངས་ཅན་དགྱེས་གླུ་གཉིས་དར་ཁྱབ་ཆེ་ཤོས་ཆགས་འདུག དུས་རབས་བདུན་པའི་ནང་ནས་རྒྱ་གར་གྱི་ནང་དོན་རིག་པས་གཙོས་སྙན་ངག་སོགས་རིག་གནས་དང་སྒྱུ་རྩལ་རིགས་སྣ་ཚོགས་ཤིག་བོད་བསྒྱུར་དང་ལག་ལེན་དར་སྤེལ་གནང་ཡོད། བོད་ཀྱི་མཁས་པ་རིམ་བྱོན་གྱི་བརྩམས་ཆོས་གང་ཞིག་གི་ནང་དུ་ཡང་མེ་ལོང་མའི་ཚིག་རྒྱན་གྱིས་མ་སྤྲས་པ་ཞིག་དཀོན། ད་དུང་ཡིན་ན་ཡང་བོད་ཀྱི་དགོན་སྡེ་ཁག་གཙོས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་དུ་ཡང་མེ་ལོང་མ་ནི་མཛེས་མའི་མེ་ལོང་བཞིན་དུ་འདང་རྩིས་ཅན་ཞིག་ཆགས་འདུག ཁྱེད་ཀྱི་གཞེན་སྐུལ་ལ་མཐོང་ཆེན་དང་བཅས་ལན་མདོར་བསྡུས་རེ་བཏབ་པའོ༎
བསམ་ཚུལ་ཕྲིས།