ཝཱར་ཎ་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལ་བཅར་འདྲི་ཞུས་པ།
རྩོམ་ཡིག་འདི་ཐེངས་ 1045 བཀླགས་འདུག
དྲི་བ། བཀྲ་ཤིས་བདེ་ལེགས།
གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་རྩོམ་རིག་གི་ཤེས་བྱ་ཡར་རྒྱས་གཏོང་བར་ཐབས་ལམ་གང་ཞིག་ལ་གཙོ་བོར་འབད་དགོས།
ལན། ཐབས་ལམ་གཙོ་བོ་དེ་རྒན་རབས་པ་ཞིག་ལ་དྲིས་ན། ཁྱེད་ཀྱིས་འཇམ་པའི་དབྱངས་ཀྱི་བསྙེན་མཚམས་ལོ་གཅིག་དབྱངས་ཅན་མའི་བསྙེན་མཚམས་ལོ་གཅིག་གནང་ན་ཤེས་རབ་ཕུན་སུམ་ཚོགས་པ་གྲུབ་ཅིང་། དེའི་སྒང་ལ་བར་ཆད་སེལ་ཞིང་འཕྲིན་ལས་རྒྱས་པའི་ཆེད་སྒྲོལ་མའི་བསྙེན་མཚམས་ལོ་གཅིག་བཞུགས་ན་ད་བཟོད་ཁྱེད་རང་གནའ་དེང་གཉིས་ཀའི་རྩོམ་རིག་ལ་འགྲན་ཟླ་མེད་པའི་མཁས་པ་ཆགས་ཞེས་གསུངས་སྲིད། གལ་ཏེ་ཁྱེད་ཀྱིས་གཞུང་ལུགས་རིང་ལུགས་པ་ཞིག་ལ་སྐད་ཆ་འདི་དྲིས་ན། ཁོང་གིས་ཁྱེད་ལ་ལོ་ཁ་ཤས་དཔེ་མཚམས་བསྡད་ནས་སུམ་རྟགས་ཀྱི་རྩ་འགྲེལ་ཁ་ཤས་དང་། བརྡ་དག་གི་གཞུང་ཁ་ཤས། རྙན་ངག་མེ་ལོང་མ་དང་དེའི་འགྲེལ་བ་ཁ་ཤས་བློ་ཐོག་ལ་ཆུ་རྒྱུག་རྒྱུག་སྐྱོར་ཐུབ་པ་ཞིག་བཟུང་། དེ་ནས་བླ་རྒན་ལག་པས་ལྕོག་ཚད་གཅིག་གི་དྲུང་ནས་དེ་དག་གི་ཁྲིད་རྒྱུན་ལུང་རྒྱུན་ཡོངས་རྫོགས་ཟླ་བ་ཁ་ཤས་རིང་ལ་ཞུས། དེ་རྗེས་ཁང་པའི་སྒོ་དང་སྒེའུ་ཁུངས་ཡོངས་རྫོགས་མར་བརྒྱབ་ནས། མཆུ་ནི་དམར་ཞིང་གུག་པ་དང་།། ཞེས་པ་ནས་མགོ་གཙུགས་ཏེ་སྲོལ་རྒྱུན་གྱི་དཔེ་བརྗོད་ཆ་ཚང་ཞིག་སྦྱངས་ཐུབ་ན་ད་བཟོད་ཁྱེད་རང་འགྲན་ཟླ་མེད་པའི་རྩོམ་པ་པོའི་གོ་འཕང་ལ་སླེབས་འགྲོ་གསུངས་ངེས། འོན་ཀྱང་ཁྱེད་ཀྱིས་ང་ལྟ་བུའི་རྟོག་གེ་བ་མགོ་མཁྲེགས་པ་དང་ཁ་གྱོང་པོ་ཞིག་ལ་སྐད་ཆ་འདི་འདྲི་ན། གོང་གི་མཁས་པ་དེ་ཚོའི་བཀའ་ལན་ནང་བཞིན་འབུལ་མི་སྲིད། དེ་བས་ཁྱེད་ཀྱིས་དང་པོར་སུམ་རྟགས་དག་གསུམ་གྱི་མ་རྐང་བརྟན་པོ་ཞིག་ཆགས་དགོས་པས་དེའི་ཆེད་དུ་ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་། བྱིས་པ་དག་ཡིག་གསུམ་ལ་ཡག་པོ་སློབས། དེ་རྗེས་ཐ་སྙད་མིང་གི་རྣམ་བཞག་ལ་བྱང་ཆ་དང་ངེས་ཆ་དགོས་པས་དེའི་ཆེད་དུ་བརྡ་གསར་རྙིང་དང་། གྲངས་དང་མིང་གི་མངོན་བརྗོད། དུས་རབས་ཀྱི་མིང་གསར་ཚིག་མཛོད་སོགས་ལ་ཞིབ་ཆ་སློབས། དེ་རྗེས་ཚིག་སྦྱོར་གྱི་རྨང་གཞི་བརྟན་པོ་ཆགས་དགོས་པས་དེའི་ཆེད་དུ། བྱ་སྒྲུང་བྱེའུ་སྒྲུང་དང་། ལྷ་སྒྲུང་ཀླུ་སྒྲུང་། ཨ་ཁུའི་མཚར་སྒྲུང་དང་འབྲུག་པའི་བཙོག་སྒྲུང་། སྣང་སའི་ལྷ་སྒྲུང་དང་གེ་སར་ཇག་སྒྲུང་སོགས། བོད་རང་གི་ཁ་གོར་གོར་དང་ལྕེ་ནར་ནར་ལ་གོམས་པའི་བཅད་ལྷུག་སྤེལ་བའི་སྡེབ་སྦྱོར་ལ་གོམས་པ་གནང་དགོས། དེ་རྗེས་མེ་ལོང་མའི་གཞུང་དང་དཔག་བསམ་འཁྲི་ཤིང་། སྐྱེས་རབས་སོ་བཞི། སྤྲིན་གྱི་ཕོ་ཉ་སོགས། ཚིག་སྦྱོར་གྱི་སྒྱུ་རྩལ་ཤེས་པའི་ཆེད་དུ་བསླབ་དགོས་ལ། དགེ་རྒན་མཁས་པའི་མན་ངག་ལ་བསྟེན་དགོས།
དེ་རྗེས་རྩོམ་རིག་གམ་སྒྱུ་རྩལ་རྩོམ་རིག་ངོ་མ་ཞིག་འབྲི་ན་སྤྱི་ཚོགས་ཚོར་བའི་ཉམས་མྱོང་དགོས་པས། དེའི་ཆེད་དུ་ཁྱེད་ཀྱིས་མཐོ་ས་ནས་དཔོན་པོའི་གྲོས་ཚོགས་དང་བླ་མའི་ཆོས་ཚོགས། དམའ་ས་ནས་ཞིང་པའི་སོ་ནམ་དང་། འབྲོག་པའི་རྩྭ་ས། སྙིང་རྗེ་དང་ལྷག་བསམ། ཞེན་ཆགས་དང་བརྩེ་དུང་། རྙོགས་ས་ནས་རྐུན་མའི་དཔུང་སྡེ་དང་ཇག་པའི་ཚོགས་སྡེ། ད་དུང་ཁྲིམས་ར་དང་བཙོན་ར་ཚུན་ཆད་ཀྱི་སྤྱི་ཚོགས་ཚོར་བའི་གནས་སྟངས་རེ་རེ་བཞིན་རྒྱུས་ལོན་བྱེད་དགོས། རྒྱུ་ཚོགས་དེ་དག་སྔོན་ལ་སོང་ན་འབྲས་བུ་གནའ་དེང་ཟུང་གི་རྩོམ་ཡིག་གང་ཞིག་འབྲི་ནའང་དཀའ་ཚེགས་མེད་པའི་ཐོག་ནས་འབྲི་ཐུབ། རྒྱུ་ཚོགས་དེ་དག་སྔོན་དུ་མ་སོང་ན། བརྗོད་དོན་གྱི་རིན་ཐང་དེ་ཙམ་མི་ལྡན་པའི་ཚིག་རིས་དང་། ཡང་ན་བརྗོད་དོན་ཟབ་ཀྱང་ཚིག་སྦྱོར་གྱི་སྙན་ཆ་མི་ལྡན་པའི་གྲོང་སྐད་ཙམ་ལས་མི་འོང་བས། ཅིས་ཀྱང་གོང་གི་རྒྱུ་ཚོགས་དེ་དག་སྔོན་དུ་འགྲོ་ཐབས་ལ་འབད་དགོས།
དྲི་བ། དཔྱད་རྩོམ་དང་སྒྲུང་རྩོམ་གཉིས་ཀྱི་བར་ལ་བསམ་བློའི་འཆར་གཞི་དང་རྒྱུ་ཆ་འདེམས་སྒྲུག་བྱེད་ཕྱོགས་བཅས་ལ་ཁྱད་པར་ཆེ་ཤོས་གང་དང་གང་ཡིན།
ལན། དཔྱད་རྩོམ་དང་སྒྲུང་རྩོམ་བར་གྱི་བསམ་བློའི་འཆར་གཞི་གདིང་སྟངས་ཐད་དཔྱད་རྩོམ་ཚད་ལྡན་ཞིག་འབྲི་ན། དེའི་བསམ་བློའི་འཆར་གཞི་གདིང་སྟངས་ཐད། དཔྱད་རྩོམ་དེའི་བརྗོད་གཞི་འམ་ཡང་ན་དཔྱད་གཞི་གང་ཞིག་བཟུང་བ་དེའི་གནས་ལུགས་འཚོལ་བ་དང་། གནས་ལུགས་དངོས་དེ་གཏན་དབབ་པའི་ཆེད་དུ་བརྗོད་གཞི་དེར་སྒྲོ་སྐུར་དང་འཁྱོག་བརྗོད་ཀྱི་རྣམ་པས་ནམ་ཡང་མི་གོས་པའི་བསམ་བློའི་འཆར་གཞི་གདིང་དགོས། སྒྲུང་རྩོམ་གྱི་ཐོག་མའི་བསམ་བློའི་འཆར་གཞི་ནི། སྤྱི་ཚོགས་དང་མི་རིགས་གང་ཞིག་གི་ངན་སྲོལ་ཐེར་དོན་དང་། སྐྱོན་ཡོན་ཡོ་སྲང། གོ་སྐོར་ར་སྤྲོད་བྱེད་རྒྱུ་དེ་ཡིན་ཞིང་། དེའི་ཆེད་དུ་སྒྲོ་བཏགས་དང་བསྐུར་འདེབས། ཆུང་ཆུང་ཆེན་པོ་བཟོ་བ་དང། ཆེན་པོ་ཆུང་ཆུང་བཟོ་བ་སོགས་ཀྱི་འཁྲུག་ཆ་དོད་པའི་སྒྱུ་རྩལ་གྱི་ངག་གི་རང་བཞིན་ལ་བརྟེན་དགོས་པ་ཡིན། དཔྱད་རྩོམ་གྱི་རྒྱུ་ཆ་འདེམས་སྒྲུག་ཞུ་སྟངས་ནི། དཔྱད་གཞི་དེ་དང་འབྲེལ་བའི་དེབ་དང་། མི་སྣ། ས་གནས་སོགས་ལ་རང་ཉིད་དངོས་ཀྱིས་དཔྱད་ཞིབ་ནན་པོའི་ལུགས་སུ་བྱེད་དགོས་ལ། སྒྲུང་གི་རྒྱུ་ཆ་འདེམས་སྒྲུགས་བྱེད་སྟངས་ནི་ཧང་སང་དགོས་པ་དང་ཡ་མཚན་དགོས་པའི་རྟོག་བཟོའི་གཏམ་རྒྱུད་དང་། རྟོག་འཆར་གྱི་ཚོར་སྣང་གང་མང་ལ་བརྟེན་རྒྱུ་གཙོ་བོ་བྱེད་རྒྱུ་ལས་དངོས་ཡོད་རྒྱུ་ཆ་འཚོལ་སྒྲུག་བྱེད་རྒྱུ་གལ་མི་ཆེ། གནས་ལུགས་འདི་གཉིས་དཔྱད་རྩོམ་དང་སྒྲུང་རྩོམ་འབྲི་མཁན་སུ་ཞིག་ཡིན་ནའང་མ་ཤེས་ཐབས་མེད་ཀྱི་གནད་དོན་གལ་ཆེ་ཞིག་ཡིན།
དྲི་བ། སྙན་རྩོམ་འབྲི་བའི་ཚེ་རྗོད་བྱེད་ཀྱི་ཚིག་མཛེས་པ་གཙོ་བོར་འཛིན་དགོས་སམ་བརྗོད་བྱའི་དོན་གསལ་བ་གཙོ་བོར་འཛིན་དགོས།
ལན། སྙན་རྩོམ་ལའང་དམིགས་ཡུལ་དང་མི་འདྲ་བ་དུ་མ་ཡོད་པའི་ནང་ནས་། དངོས་ཡོད་བརྗོད་དོན་གང་ཞིག་གསལ་བར་བྱེད་པའི་ཆེད་དུ་བྲིས་པའི་སྙན་ངག་ཡིན་ན་རྗོད་ཚིག་མཛེས་པ་ཙམ་གྱིས་མི་ཆོག་པར། བརྗོད་དོན་གསལ་པོར་མཚོན་ཐབས་ལ་རྩ་འཛིན་ནན་པོ་བྱེད་དགོས། དེ་ལས་གཞན་ཨ་རི་ལྟ་བུའི་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་ཚོའི་ནང་དུ་རྩོམ་པ་པོའི་འགན་གཙོ་བོ་དེ། ཆབ་སྲིད། དཔལ་འབྱོར། དམག་དོན། ཚོང་འབྲེལ་སོགས་མ་ཡིན་པར། ཁོང་ཚོའི་ལས་འགན་གཙོ་བོ་དེ་ངག་གི་སྒྱུ་རྩལ་གྱི་རིན་ཐང་ཁོ་ན་གཙོ་བོ་ཡིན་པས། གནད་དོན་གཞན་དང་གཞན་ལ་དོ་ཕོག་འགྲོ་མིན་ཇི་ལྟར་ཡང་། ཀློག་པ་པོ་ཚོ་དགའ་དྲགས་པ་དང་སྐྱོ་དྲགས་པས་ངུ་དགོས་པ་དང་དགོད་དགོས་པའི་ཧ་ལས་དགོས་པ་དང་ཧོན་འཐོར་དགོས་པ་ཞིག་སུས་བཟོ་ཐུབ་ན་དེ་སྒྱུ་རྩལ་གྱི་ཚད་གཞི་མཐོན་པོར་སླེབས་པའི་རྩོམ་པ་པོར་ངོས་འཛིན་བྱེད། འོན་ཀྱང་རང་རེ་བོད་པ་ལྟ་བུ་ནི་སྤྱི་ཚོགས་ཀྱི་སྲིད་འབྱོར་རིགས་གསུམ་དང་། ཚེ་བླ་སྲོག་གསུམ་གྱི་གནས་བབས་ཉམ་ང་ཉག་ཕྲའི་མི་རིགས་དང་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན། ངག་གི་སྒྱུ་རྩལ་ཇི་ཙམ་གལ་ཆེ་ནའང་དེ་དང་ཆབས་ཅིག་ཏུ་སྲིད་འབྱོར་རིགས་གསུམ་གྱི་རྩ་དོན་ལ་དོ་ཕོག་མི་འགྲོ་བ་མ་ཟད། དེ་དག་དང་འབྲེལ་བའི་མི་རིགས་རང་གི་ཆོས་རིགས་གང་ཞིག་བརྗོད་གཞིར་བཟུང་ནའང་དེ་དོན་གསལ་པོར་འཆར་པའི་སྙན་ཚིག་ངག་གི་མེ་ལོང་གཤམ་རྒྱུ་ནི་ཅི་བས་གལ་ཆེ་བས་ཅིས་ཀྱང་དོ་སྣང་བྱེད་དགོས་ངེས་ཡིན།
དྲི་བ། མངོན་བརྗོད་སོགས་ཀྱིས་མཛེས་པར་བྱེད་པའི་སྙན་ཚིག་དང་ཕལ་པའི་ངག་བཞིན་གོ་བདེའི་ལམ་ནས་བྲིས་པ་གཉིས་གང་ཞིག་རིག་པའི་གཞུང་ལུགས་དང་མཐུན་ཤས་ཆེ་བ་ཡོད་པ་དང་། སྤྱིར་རྩོམ་རིག་གི་རིག་པའི་གཞུང་ལུགས་ཟེར་ན་ག་འདྲ་ཞིག་ལ་ངོས་འཛིན་དགོས།
ལན། དེ་གཉིས་གང་གི་ཐོག་ནས་བྲིས་ནའང་རྩོམ་རིག་རིག་པའི་གཞུང་ལུགས་དང་མཐུན་མིན་གྱི་ཁྱད་པར་དམིགས་བསལ་འབྱེད་རྒྱུ་གང་ཡང་མེད། ཡིན་ནའང་དུས་རབས་ཀྱི་དབྱེ་མཚམས་ཐོག་ནས་བཤད་ན། དུས་རབས་སྔ་མའི་མཁས་པ་ཚོས་སྙན་ངག་ལ་མངོན་བརྗོད་དང་བརྡ་རྙིང་གི་ཐ་སྙད་མང་པོ་མི་ལྡན་པར་གྲོང་ཚིག་ཕལ་སྐད་ཀྱི་ལམ་ནས་བྲིས་ན། སྙན་ངག་གི་གྲས་ལ་མི་རྩི་བའི་འདོད་ཚུལ་འཆང་མཁན་ཡོད་ལ། དུས་རབས་ཕྱི་མའི་མཁས་པ་ཚོས་བརྡ་རྙིང་དང་མངོན་བརྗོད་ཀྱི་སྒྲིགས་གཡོག་མི་དགོས་པར་སྡེབ་སྦྱོར་ལྷུར་སྒྲིག་སྟངས་འགྲིགས་པའི་ཐོགས་ནས་བརྗོད་དོན་གསལ་བར་བྱེད་ཐུབ་ན་སྙན་ངག་ཡིན་པར་མ་ཟད། གོ་སླ་ཞིང་ཉན་བདེ་བ་དང་། འགྲེལ་བརྗོད་སྟབས་བདེ་ལ་ཚིག་ཚོགས་ཀྱི་ཁུར་པོ་མེད་པའི་ཁྱད་ཆོས་ལྡན་པར་བཤད། འོ་ན་ཁྱེད་རང་སུའི་རྗེས་སུ་འབྲངས་ནས་རྩོམ་ཡིག་འབྲི་རྒྱུ་ཡིན་ཞེ་ན། ཕྱི་མའི་ལྟ་ཚུལ་ལ་རྩ་འཛིན་ཞུས་ནས་འབྲི་ན་དགེ་མཚན་ཆེ་བ་མཐོང་།
འོ་ན་བརྡ་རྙིང་དང་། མངོན་བརྗོད། ཚིག་རྒྱན་མང་པོའི་རིགས་དེ་ཚོ་སྦྱོང་མི་དགོས་སོ་ཞེ་ན། མ་ཡིན་ཏེ་སྔོན་བྱོན་མཁས་པའི་གསུང་རྩོམ་མང་པོ་ཞིག་གི་གོ་དོན་ཤེས་པའི་ཆེད་དུ་ངེས་པར་དུ་བསླབ་དགོས་པ་ཡིན། སྤྱིར་རྩོམ་རིག་གི་རིགས་པའི་གཞུང་ལུགས་ཟེར་ན། རྩོམ་རིག་གི་གོ་དོན་དང་དབྱེ་བ། ལུས་རྒྱན་སྲོག་གསུམ་གྱི་ངོ་སྤྲོད་དང་ཁྱད་ཆོས། འབྲི་སྟངས་དང་དཔེ་མཚོན་བཅས་གསལ་བའི་གླེགས་བམ་དེ་རིགས་ལ་རྩོམ་རིག་གྱི་རིག་པའི་གཞུང་ལུགས་ཟེར། རྩོམ་རིག་ཟེར་བ་ནི་ཁྱབ་ཆེ་བའི་དབང་དུ་བཏང་ན་ཤོག་ཐོག་བྲིས་པའི་ཡི་གེ་ཡོངས་རྫོགས་རྩོམ་རིག་ཡིན། དེ་ལ་ལོ་རྒྱུས་རྩོམ་རིག རྒྱ་རབས། ཆོས་འབྱུང་། དེབ་ཐེར། གདུང་རབས། གདན་རབས། འཁྲུང་རབས། སྐྱེས་རབས། ཁྲི་རབས། བླ་རབས། ཆབ་སྲིད་དཔལ་འབྱོར། དམག་དོན། འཛུགས་སྐྲུན། སྒྱུ་རྩལ། ལས་རྩལ། ཨང་རྩིས། ས་ཁམས། སེམས་ཁམས། དངོས་ཁམས། རྫས་འགྱུར་སོགས་ཀྱི་རྩོམ་དེབ་ཡོད་ཚད་རྩོམ་རིག་ཡིན། ཁྱབ་ཆུང་བའི་དབང་དུ་བཏང་ན། སྙན་ངག་དང་སྒྲུང་། འཁྲབ་གཞུང་ལྟ་བུ་རྣམས་ལ་རྩོམ་རིག་ཟེར་ཡང་། དེ་ལས་གཞན་པ་རྣམས་ལ་རྩོམ་རིག་མི་ཟེར། དཔེར་ན་དཔེ་མཛོད་ཁང་ཞིག་ཏུ་ཕྱིན་ན། རྩོམ་རིག་ཞེས་པའི་མིང་བྱང་འོག་གི་རྩོམ་དེབ་རེ་རེ་བཞིན་ཀློག་ན་སྙན་ངག་དང་སྒྲུང་། འཁྲབ་གཞུང་ལྟ་བུ་ལས་གཞན་ལོ་རྒྱུས་སོགས་ཀྱི་དེབ་གཅིག་ཀྱང་མཐོང་རྒྱུ་མེད། དེ་ནི་རྩོམ་རིག་ཅེས་པ་དེ་ཁྱབ་ཆུང་པའི་ངོས་འཛིན་བྱེད་སྟངས་ཀྱི་དཔེ་མཚོན་ཞིག་ཡིན། མདོར་བསྡུས་ན་རྩོམ་རིག་དང་རྩོམ་རིག་གི་རིག་པའི་གཞུང་ལུགས་གཉིས་ལ་མུ་བཞི་གཞག་ཆོག།
དྲི་བ། རྩོམ་རིག་དང་འབྲེལ་བའི་ཞིབ་འཇུག་གི་རིམ་པ་གང་ལ་འཇུག་ན་ནུས་པའམ་ཡར་རྒྱས་ཆེ་བ་ཡོད་རྒན་རང་གི་ཉམས་མྱོང་གི་སྒོ་ནས་གསུང་རོགས།
ལན། རྩོམ་རིག་དང་འབྲེལ་བའི་ཞིབ་འཇུག་ཅེས་པ་འདི་རྩོམ་རིག་གི་ལོ་རྒྱུས་སམ་ཡང་ན་རྩོམ་རིག་གི་ལྟ་གྲུབ། རྩོམ་རིག་གྱི་དབྱེ་སྒོ། རྩོམ་རིག་གི་ལག་ལས་གང་ཞིག་དང་འབྲེལ་བའི་ཞིབ་འཇུག་གི་རིམ་པར་གསུངས་པ་ཤེས་མ་བྱུང་ཡང་། རྩོམ་རིག་ཡར་རྒྱས་གཏོང་རྒྱུའི་ནུས་པ་འཕེལ་སླད་དུ་གསུངས་པ་ཡིན་ན་ནི། དང་པོ་རྩོམ་རིག་གི་ལག་ལས་རང་གལ་ཆེ་བས། སྨྱུ་གུ་ཤོག་ཐོག་དངོས་སུ་བཙུགས་ཏེ་བཅད་ལྷུག་སྤེལ་མས་བསྡུས་པའི་རྩོམ་ཐུང་འདྲ་མིན་མུ་འཐུད་ནས་འབྲི་རྒྱུ་དེ་རྩོམ་ཡིག་ཡར་རྒྱས་གཏོང་རྒྱུའི་ཐད་ཉམས་མྱོང་གྱི་ཐོག་ནས་ཞུ་ན་ཕན་ཐོགས་ཆེ་ཤོས་དེ་ཡིན། སྤྱིར་སྤྱི་ཚོགས་ནང་རྩོམ་རིག་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་གསུངས་པ་ཡིན་ན་རྩོམ་རིག་དང་འབྲེལ་བའི་ལོ་རྒྱུས་དང་། ལྟ་གྲུབ། དབྱེ་སྒོ་སོགས་ལའང་དོ་སྣང་དགོས་པ་དེ་གལ་ཆེ། དེ་དག་གི་སྐོར་གྲ་རྒྱས་ཤོས་དང་སྤུས་དག་ཤོས་ནི་དབྱིན་ཡིག་ཐོག་ཏུ་བཀོད་པའི་འཛམ་གླིང་རྩོམ་རིག་ལོ་རྒྱུས་དང་དཔྱད་བརྗོད་ཁག་ཡིན། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་སྤྱི་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ནི། རྒྱ་གར་ལེགས་སྦྱར་རྩོམ་རིག་ལོ་རྒྱུས་དང་། རྒྱ་གར་རྩོམ་རིག་ལོ་རྒྱུས། རྒྱ་གར་ནང་པའི་རྩོམ་རིག་ལོ་རྒྱུས་སོགས་སུ་གསལ་ཞིང་། དེ་དག་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཐོག་ཧ་ཅང་གལ་ཆེན་རང་བཞིན་ལྡན་པ་ཡིན། བོད་རང་ཁོངས་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་དགེ་རྒན་ཚོས་བསྒྲིགས་པའི་རྩོམ་རིག་ལོ་རྒྱུས་དང། རྩོམ་རིག་དཔྱད་བརྗོད་ཁག་རྣམས་ཀྱང་གལ་ཆེ་རང་བཞིན་ལྡན་པ་ཡིན། ཁོང་རྣམ་པ་ཆེད་ལས་རྩོམ་རིག་ཡིན་པའི་ཐོག་མི་གཤིས་སམ་ཡང་ན་མི་གཞི་བརྟན་ལྷིང་ལྡན་པས་བབ་ཆགས་ལ་ཐལ་མི་དྲགས་པའི་ཁྱད་ཆོས་ལྡན།
དྲི་བ། འབྲི་རྩོམ་ལ་སྤྲོ་བའི་ལས་དང་པོ་བ་ཞིག་ལ་མཚོན་ན་ཐོག་མར་སྙན་ངག་མེ་ལོང་མའི་གཞུང་ལ་སྦྱང་བརྩོན་བྱས་ཏེ་འགོ་འཛུགས་དགོས་སམ། རྒན་ལགས་ཀྱིས་རྩོམ་དང་པོ་འབྲི་མཁན་རྣམས་ལ་ནམ་རྒྱུན་ལམ་སྟོན་གང་འདྲ་གནང་གིན་ཡོད།
ལན། འབྲི་རྩོམ་ལ་སྤྲོ་བའི་ལས་དང་པོ་པ་ཞིག་ཡིན་ན་རྩོམ་རིག་བསླབ་པ་དང་། མེ་ལོང་མ་ལ་འཇུག་དགོས་པའི་ངེས་པ་མེད། གཙོ་བོ་སྡེབ་སྦྱོར་བཅད་ལྷུག་གཉིས་ཀྱི་ཐོག་ལ་བྱང་ཆུབ་པ་ཞིག་བྱེད་དགོས། དེ་རྗེས་མེ་ལོང་མ་ལ་འཇུག་ན་རྩོམ་རིག་གི་རྨང་གཞི་ཕུན་སུམ་ཚོགས་པ་དང་། བརྟན་ལྷིང་ཡོང་པའི་ཕན་ཐོགས་ཡོད། དེས་ན་བོད་རིགས་རྩོམ་ཡིག་ལ་སློབ་མཁན་ཞིག་ཡིན་ན་མེ་ལོང་མ་ལ་འཇུག་ན་ཤིན་ཏུ་ལེགས། གལ་ཏེ་མེ་ལོང་མར་མ་འཇུག་ན་རྩོམ་པ་པོ་ཆགས་མི་ཐུབ་བམ་ཞེ་ན། དེ་འདྲ་མིན་ཡང་། རྩོམ་རིག་གི་གཞི་རྐང་བརྟན་པོ་ཆགས་ཐུབ་མིན་ཐོག་ཁྱད་པར་ཤིན་ཏུ་ཆེ། རྐྱལ་སྟོང་འགའ་ཞིག་གིས་མེ་ལོང་མ་ལ་འཇུག་ན་རྩོམ་རིག་ཡར་རྒྱས་འགྲོ་ཐབས་མེད་རབས་བཤད་པ་དེ་དག་ལ་སྙིང་པོ་གང་ཡང་མེད། དེས་ན་བོད་ཀྱི་རྩོམ་རིག་ལ་སློབ་མཁན་ཚོ་མེ་ལོང་མར་འཇུག་ན་དགེ་མཚན་མང་པོ་ལྡན།
དྲི་བ། བརྩམས་ཆོས་དང་རྩོམ་རིག་གཉིས་ལ་ཁྱད་པར་གང་ཡོད། མཁས་པ་ལ་ལས་སྔོན་ཆད་བོད་ལ་བརྩམས་ཆོས་ལས་རྩོམ་རིག་ཡོད་མ་མྱོང་བར་གསུངས་པ་ཐོས་ན་དེ་ལྟར་ཡིན་ནམ།
ལན། བརྩམས་ཆོས་དང་རྩོམ་རིག་གཉིས་ཀྱི་ཁྱད་པར་ནི། མཁས་པས་མཛད་པའི་གླེགས་བམ་ཡོད་ཚད་བརྩམས་ཆོས་ཡིན་ཡང་རྩོམ་རིག་ཡིན་མིན་ལ་ཁྱད་པར་ཡོད། རྩོམ་རིག་ལ་ཁྱབ་ཆུང་བའི་དབང་དུ་བཏང་ནས་ཞུས་ན། བརྩམས་ཆོས་ཡོངས་རྫོགས་རྩོམ་རིག་མིན། རྩོམ་རིག་ནི་ཁྱབ་ཆུང་བའི་དབང་དུ་བཏང་ན་སྙན་ངག་དང་སྒྲུང་རྩོམ་ལྟ་བུར་གོ་རྒྱུ་ཡིན་པས། བརྩམས་ཆོས་མཐའ་དག་དེའི་ཁོངས་སུ་མི་འདུ། སྔོན་ཆད་བོད་ལ་བརྩམས་ཆོས་མ་གཏོགས་རྩོམ་རིག་ཡོད་པ་མ་རེད་ཟེར་མཁན་དེ་ཚོས། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་རཱ་མ་ཎའི་རྟོགས་བརྗོད་དང་། འཇམ་མགོན་ས་པཎ་གྱི་མཁས་པ་ལ་འཇུག་པའི་སྒོ། ཀརྨ་པ་རང་བྱུང་རྡོ་རྗེའི་སངས་རྒྱས་ཀྱི་སྐྱེས་རབས་བརྒྱ་པ། ཤོང་སྟོན་གྱིས་བསྒྱུར་བའི་དཔག་བསམ་འཁྲི་ཤིང། ཡར་ལུང་པ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་སྤྲིན་གྱི་ཕོ་ཉ། རྟ་དབྱངས་ཀྱི་བསྟོད་པ་བརྒྱ་ལྔ་བཅུ་པ། དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པ། ཀུན་མཁྱེན་ཀློང་ཆེན་པའི་པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ། རྗེ་ཙོང་ཁ་པའི་རྟག་ཏུ་ངུའི་རྟོགས་བརྗོད་སོགས་ཀྱི་མིང་ཙམ་ཡང་གོ་མ་མྱོང་ཞིང་། ཁ་བྱང་ཙམ་ཡང་མཐོང་མ་མྱོང་བའི་རྟགས་ཡིན་པས། དེ་དག་ལ་ཁྱོད་ཀྱིས་མཁས་པ་ཞེེས་མིང་བཏགས་ན། ཁྱོད་རང་ཡང་དེ་ཚོ་ནང་བཞིན་མཐོང་རྒྱ་དང་ཐོས་རྒྱ་མེད་པའི་བྱིས་པ་ཆུང་ཆུང་རང་སྣང་དག་མཁན་ཞིག་ཡིན་པའི་རྣམ་པ་ཐོན་སྲིད་པས། དེ་དག་ལ་མཁས་པ་ཞེས་ནམ་ཡང་འདོགས་པར་མི་བྱའོ། མདོར་ན་སྔོན་བྱོན་མཁས་པའི་དུས་རབས་དེ་དག་ཏུ་ནུབ་ཕྱོགས་པ་ཚོ་ནང་བཞིན་རྩོམ་རིག་དཔྱད་བརྗོད་དང་རྩོམ་རིག་དར་སྲོལ་ཆེན་པོ་བྱུང་མིན་ཇི་ལྟར་ཡང་རྩོམ་རིག་འདི་ལོ་རྒྱུས་ཁྲོད། ཆེས་གསོན་ཉམས་ལྡན་པའི་སྒྱུ་རྩལ་རྩོམ་རིག་གི་མགོ་འཛུགས་ཡོད་པར་མ་ཟད། འཕེལ་རྒྱས་ཀྱི་ཁྱབ་བརྡལ་ཡང་ངེས་ཅན་དུ་ཕྱིན་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ་པ་ཞིག་ཡིན།
དྲི་བ། དེང་སང་དུས་དེབ་དང་འཕྲིན་སྟེགས་ད་དུང་ངོ་དེབ་སོགས་ལས་རྩོམ་ཡག་སྡུག་འདྲ་མིན་སྣ་ཚོགས་ཤིག་ཆར་རྗེས་ཤ་མོ་རྡོལ་བའི་དཔེ་ལྟར་འདུག་པས་འདིས་བོད་ཀྱི་རྩོམ་རིག་གི་སྤུས་ཀ་སོགས་སྤྱི་ཡོངས་ནས་ཡར་རྒྱས་འགྲོ་བར་གཟིགས་ཀྱིན་འདུག་གམ།
ལན། འདིས་བོད་ཀྱི་རྩོམ་རིག་ཡར་རྒྱས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ལྡན་ཡོད། བོད་ཀྱི་རྩོམ་རིག་གི་སྤུས་ཚད་ཀྱི་ཆ་ནས་བཤད་ན། སྤུས་ཚད་དག་པའི་རྩོམ་ཡིག་རེ་གཉིས་ལ་བསམས་ནས། རྩོམ་རིག་གཞན་ལ་བདག་སྤྲོད་དང་དོ་སྣང་མ་བྱས་ན། བོད་སྤྱིའི་རྩོམ་རིག་ཡར་རྒྱས་ལ་ཕན་ཐོགས་དེ་ཙམ་ཆེན་པོ་ཡོང་མི་ཐུབ། དེ་བས་སྤུས་དག་མིན་ཇི་ལྟར་ཡང་ག་ཚད་འབྲི་མཁན་མང་ན། སྤུས་དག་པོ་ཡང་དེ་ཙམ་གྱིས་མང་པོ་རང་བཞིན་གྱིས་འཕེལ་ཡོང་བ་ཆོས་ཉིད་ཡིན་པས། སྤུས་དག་མིན་ལ་གཙོ་བོ་མི་ལྟ་བར་འབྲི་མཁན་ག་ཚོད་མང་བ་ཞིག་གསོ་སྐྱོང་དང་རྒྱུད་བསྐུལ་གནང་ཐུབ་པ། དེ་ཙམ་གྱིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ཕན་ཐོགས་ཆེ།
དྲི་བ། གདང་ལ་རི་བོའི་སྟེགས་བུ་འདི་བརྒྱུད་ནས་རྩོམ་རིག་ལ་སྤྲོ་བའི་རང་རེའི་གཞོན་སྐྱེས་ཚོར་ཅི་ཞིག་གསུང་རྒྱུ་ཡོད།
ལན། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་སོ་དྲུག་ཙམ་ལ་ཁ་འཐོར་ཡ་འཐོར་དུ་གནས་པའི་བོད་རིགས་སུ་ཞིག་ཡིན་ཡང་། སྐྱིད་སྡུག་གནས་བབ་གང་གནས་སུ་གྱར་ན་ཡང་། རང་གི་ཕ་མེས་ཡང་མེས་ནས་ཆད་པའི་སྐད་ཡིག་རིག་གཞུང་འདི་ཉིད། གསོན་པོར་གནས་ཐབས་ཀྱི་འགན་འཁྲི་དེ་མི་རེ་ངོ་རེ་ནས་ཡོད་པས། མི་རེ་ངོ་རེ་ནས་འགན་ཁུར་དགོས་པར་མ་ཟད། ལྷག་དོན་མི་རིགས་འདིའི་ཤེས་ཡོན་པ་དང་། ཡང་སྒོས་རྩོམ་པ་པོ་ཚོས་འགན་ཁུར་གཙོ་བོ་གནང་སྟེ། མིང་ཚིག་གི་ཐ་སྙད་དང་།
ཚིག་སྦྱོར་གྱི་སྒྱུ་རྩལ། མདོར་ན་སྐད་ཐོག་ཙམ་མ་ཡིན་པར། རྩོམ་རིག་གི་ལམ་ནས་ཡིག་ཐོག་ལུས་པའི་མི་རིགས་འདིའི་སྐད་ཡིག་གི་བྱ་བཞག་ལ། ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ཀྱི་དཔེར་ལྟར་འགྱུར་རྒྱུ་ལས། རང་གི་ཕ་སྐད་མ་ཡིག་གཙང་མའི་ངོས་ལ་ལོ་རྒྱུས་ཀྱི་ནག་ཐིག་ནམ་ཡང་ཕབ་མི་ཉན་ཞེས་པ་དེ་ཡིན། ཐུགས་རྗེ་ཆེ། བོད་རྒྱལ་ལོ།།
གདང་ལ་རི་བོ་རྩོམ་སྒྲིག་ལྷན་ཚོགས་ཀྱིས་བཅར་འདྲི་ཞུས།
བསམ་ཚུལ་ཕྲིས།