ཆོས་ལུགས་ཀྱིས་སྤྱི་ཚོགས་ཡར་རྒྱས་ཀྱི་བཀག་རྡོ་བྱེད་ཟེར་བ་དེ་ཡང་བསམ་བློ་ཞིབ་ཏུ་གཏོང་དགོས།
རྩོམ་ཡིག་འདི་ཐེངས་ 840 བཀླགས་འདུག
མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལ་གདང་ལ་རི་བོ་རྩོམ་སྒྲིག་པས་བཅར་འདྲི་ཞུས་པ།
དྲི་བ། བཀྲ་ཤིས་བདེ་ལེགས། སྐུ་ཉིད་དང་ནང་ཆོས་བར་ཐོག་མའི་འབྲེལ་བ་བྱུང་ཚུལ་ནས་ད་བར་གྱི་བརྒྱུད་རིམ་གནད་བསྡུས་ཤིག་གསུང་རོགས།
ལན། ང་སྐྱེ་ས་དེ་ཁམས་རྫ་ཆུ་ཁ་པ་རེད། རང་ཉིད་ནང་ཆོས་དང་འབྲེལ་བ་བྱུང་བ་དེ་སྐྱེས་ཙམ་ཉིད་ནས་བྱུང་བ་ཞིག་གམ། ཡང་ན་ཨ་མའི་མངལ་དུ་ཞུགས་པ་ནས་བྱུང་བ་ཞིག་རེད་ལབ་ན་མ་འགྲིགས་པ་མེད་པ་ཞིག་རེད། ང་ཐོག་མར་སྐྱེས་པའི་སྐབས་དེར་བོད་ནང་ཆོས་སྒོ་དངོས་སུ་ཕྱེས་མེད་ན་ཡང་། ངའི་ཨ་མ་ལགས་དང་ནང་མི། གཡས་གཡོན་གྱི་མི་ཚང་མ་ཆོས་དད་ཆེ་བའི་འབྲོག་པ་རྐྱང་རྐྱང་རེད། ངའི་ཨ་མས་ང་དགུའི་ལོ་ནས་ལོ་ངོ་ཉི་ཤུ་རྩ་གྲངས་ནང་བརྒྱད་སྟོང་པ་དང་གསེར་འོད་ས་བཅུ་མ། གུ་རུའི་སྟོང་ཐང་ཞིག་བཅས་སྲོག་འབེན་དུ་བཙུགས་ནས་རྩིག་གྱང་གི་བར་ལ་བསྐུངས་ནས་ཡོང་བ་རེད། མོས་ཀ་ཁ་ཙམ་ཡང་མི་ཤེས་ན་ཡང་ཆོས་དད་ཀྱི་ཆེད་དུ་སྲོག་གཏོང་ཐུབ་མཁན་གྱི་ཨ་མ་ཞིག་རེད་ལབ་ན་ཆོག་པ་ཡོད། པཱ་ལགས་ཀྱང་དེ་དང་འདྲ་པོ་རེད། དེ་ཚོའི་ཤུགས་རྐྱེན་གྱིས་ཆུང་ཆུང་ནས་ནང་ཆོས་ལ་དད་པ་ཡོད་མཁན་ཞིག་ཏུ་གྱུར་པ་རེད། ང་ཆུང་དུས་ནས་གཤིས་རྒྱུད་ཡག་པོ་ཟེར་ན་འདྲ། བོད་པའི་སྲོལ་རྒྱུན་གྱིས་ཡག་པོར་རྩི་བའི་ཡ་རབས་དང་ཉམ་ཆུང་དེ་འདྲ་ཞིག་ཡོད་པ་རེད། ངལ་རྩོལ་ལས་ས་དང་ཟོག་རྫིར་སོང་ན་ཡང་གཞན་གྱིས་བརྙས་བཅོས་མྱོང་བ་མ་གཏོགས། ཕར་གཞན་ལ་འཛིང་མོ་དང་ཚིག་ངན་སོགས་ཕལ་ཆེར་བསམ་ཡང་མི་ཕོད་མཁན་ཞིག་ཡོད་པ་རེད། རྒྱུ་མཚན་དེས། ང་ལ་མ་རྒན་གྱིས་གྲྭ་པ་བྱེད་རྒྱུར་དམིགས་བསལ་གྱིས་རེ་བ་བྱས་པ་དང་། རང་ལོ་དགུ་ནས་བོད་ཡིག་བསླབས་ཤིང་དེ་ཡང་རང་སྦྱོང་བྱས་པ་རེད། དེ་ནས་རིམ་གྱིས་རང་དགོན་རྫ་དྲེལ་དཀར་དགོན་དུ་གྲྭ་པ་བྱས་པ་རེད། རང་ལོ་བཅུ་བདུན་ཙམ་ནས་དངོས་སུ་བཤད་གྲྭར་སློབ་གཉེར་བྱས་པ་དང་། སྔ་ཕྱིར་བོད་ནང་དུ་ཡོད་སྐབས་ཨ་རིག་མཁན་ཆེན་པདྨ་ཚེ་དབང་དང་གསེར་རྟ་མཁན་པོ་ཆོས་ཁྱབ་སོགས་དང་། རྒྱ་གར་དུ་བསླེབས་རྗེས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བླ་མ་ཚད་ལྡན་མང་པོ་ཞིག་གི་འདུན་ནས་བཀའ་ཆོས་ཡག་པོ་ཞུ་རྒྱུའི་གོ་སྐབས་བྱུང་བ་རེད་ལ། ཆོས་ལུགས་རིས་སུ་མ་ཆད་པ་ལ་སེམས་ཀྱི་གཏིང་ནས་དད་པ་དག་སྣང་ཨེ་ཐུབ་ལྟ་མཁན་ཞིག་ཡིན། དེ་ལས་རང་ངོས་ནས་དམིགས་བསལ་གྱི་ཁྱད་ཆོས་ཟེར་ན་གང་ཡང་ཡོད་མ་རེད།
དྲི་བ། ནང་ཆོས་འདི་འཛམ་གླིང་གི་ཆོས་ལུགས་ཀྱི་ནང་ནས་གལ་ཆེ་ཤོས་ཅི་ཙམ་གཟིགས་ཀྱིན་ཡོད། ད་ལྟ་འཕེལ་འགྲིབ་ཀྱི་ཚད་གང་འདྲར་སླེབས་ཡོད།
ལན། ནང་ཆོས་འདི་འཛམ་གླིང་གི་ཆོས་ལུགས་ཀྱི་ནང་ནས་གལ་ཆེ་ཆུང་ཟེར་བ་དེ་ཕྱོགས་གཅིག་ནས་དྲི་བ་འདྲི་ཡུལ་གྱི་བསམ་བློ་དང་ངོས་འཛིན་ལ་ལྟོས་པ་ཞིག་རེད། ང་ལ་མཚོན་ན། རང་ཉིད་མི་ཚེ་འདིར་ནང་པའི་རྗེས་འབྲངས་ཤིག་ཡིན་པའི་ཆ་ནས་གལ་ཆེན་པོ་ཡིན་པ་དེ་བཤད་མ་དགོས་པ་ཞིག་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། རྒྱུ་མཚན་གཉིས་ཀྱི་ཐོག་ནས་ནང་པའི་ཆོས་ལུགས་འདི་དུས་རབས་འདིར་ཆོས་ལུགས་གཞན་ལས་གལ་ཆེ་བ་ཆགས་ཀྱི་ཡོད་པ་རེད་ཅེས་བརྗོད་ན་ཡང་ཧམ་བཤད་རང་ཆགས་ས་མ་རེད་བསམ་གི དེ་ཡང་དང་པོ་ནི་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་བསམ་བློ་གཏོང་སྟངས་དེ་ཚོར་མཚན་ཉིད་རིག་པའི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ཤུགས་ཆེན་པོ་ཡོད་པ་རེད། དེང་སང་རིགས་པས་འཇུག་ལྡོག་བྱེད་མཁན་ཡིན་ཟེར་བ་དང་། ཚན་རིག་གི་གྲུབ་དོན་དང་མ་འགལ་བའི་ཆ་རྐྱེན་འདོན་མཁན་གྱི་རྟོག་གེ་བ་མང་པོ་ཞིག་གིས་ཀྱང་ནང་ཆོས་འདི་ཆོས་ལུགས་གཞན་དང་མི་འདྲ་བར་རྣམ་དཔྱོད་ལ་བརྟེན་ནས་འཇུག་མཁན་གྱི་རིགས་པའི་ཆོས་ཤིག་རེད་ཅེས་ལབ་ཀྱི་ཡོད་པ་དེ་དངོས་ཡོད་རེད། ནུབ་ཕྱོགས་པ་ནང་པར་ཞུགས་མཁན་དེ་ཚོར་ཁ་བརྡ་བྱས་པའི་སྐབས་སུ་ཡང་། ཁོང་ཚོའི་རྒྱུ་མཚན་གཙོ་བོ་ནང་པས་མི་སྒེར་གྱི་རྣམ་དཔྱོད་བེད་སྤྱོད་བཏང་ནས་དཔྱད་པ་ཞིབ་ཚགས་གཏོང་བ་དང་། འཐད་དང་མི་འཐད་ཀྱི་ཕྱོགས་ལ་རིགས་པ་ཁས་ལེན་པར་ཡ་མཚན་ཆེན་པོ་བྱེད་ཀྱི་འདུག ང་སྒེར་ལ་ཡང་ཡེ་ཤུའི་ཆོས་ལུགས་པ་བྱས་པ་དང་ཡེ་ཤུའི་ཆོས་ཁང་ནང་ལ་འགྲོ་འདུག་མཁན་དེ་འདྲ་ཕྱིས་ནས་སྐྱབས་སྡོམ་ཞུ་མཁན་འགའ་རེ་བྱུང་སོང་།
དེ་ཚོས་ཀྱང་གལ་ཆེ་ཤོས་དེ་ནང་པས་རྒྱུ་མཚན་གྱི་ལམ་ནས་སངས་རྒྱས་ཀྱི་གསུང་ཁས་ལེན་དུ་འཇུག་གི་འདུག དེ་ཁྱད་པར་ཆེན་པོ་ཞིག་རེད་ཟེར་གྱི་འདུག འདིར་ཕལ་ཆེར་བཤད་ན་འགྲིག་རྒྱུ་རེད།
ཉེ་ཆར་རང་ལ་ངའི་སར་སྐྱབས་སྡོམ་ཞུ་མཁན་རྒྱ་རིགས་ཤིག་བྱུང་། རྒྱ་རིགས་དེ་དབྱིན་ཇིའི་གནས་ཚད་ཡག་པོ་ཡོད་པ་དང་ཤེས་ཡོན་པ་ཞིག་རེད། ཐོག་མར་ཨོ་གླིང་དུ་བསླེབས་རྗེས་ཡེ་ཤུའི་ཆོས་ཚོགས་ཤིག་ལ་དུས་ཡུན་གང་འཚམས་སོང་འདུག ཁོ་ཚོ་དང་འབྲེལ་བ་ཡག་པོ་ཡོད་པར་མ་ཟད། ཡེ་ཤུའི་ཆོས་ཁང་གིས་གོ་སྒྲིག་བྱས་པའི་དབྱིན་ཇིའི་འཛིན་གྲྭའི་རང་འདུན་གྱི་དགེ་རྒན་བྱ་རྒྱུར་ཡང་མོས་མཐུན་བྱས་འདུག འོན་ཀྱང་ཡེ་ཤུའི་ཆོས་སྒོར་གཞུག་པའི་ཆོ་ག་དངོས་སུ་བྱས་མི་འདུག འོན་ཀྱང་། རྗེས་མ་ང་དང་ངོ་ཤེས་ཤིང་། དུས་ཡུན་གང་འཚམས་རིང་སློབ་ཁྲིད་མཉན་པ་རེད། རྒྱབ་ལྗོངས་དམིགས་བསལ་ཡིན་པའི་ཆ་ནས་ངས་ཀྱང་མུ་སྟེགས་ཅན་གནས་པ་སྦྱིན་པའི་ལུགས་ལྟར་རང་དབང་ཆེ་ཙམ་སྤྲད་པ་ཡིན། རང་དབང་སྤྲད་ཟེར་ན་སྐྱབས་སྡོམ་ཞུ་མིན་དང་། ཡེ་ཤུའི་ཆོས་སྒོར་དངོས་སུ་ཞུགས་རྒྱུ་གང་ཡིན་གདམ་ཀ་ཆ་ཚང་རྒྱ་རིགས་དེར་སྤྲད་པ་ཡིན། མཐར་ཆོས་ཁང་ལ་ཡང་ནང་ཆོས་ལ་སློབ་སྦྱོང་བྱེད་འདོད་ཡོད་པའི་རྒྱུ་མཚན་ལབ་འདུག་ལ། ཆོས་ཁང་གི་ངོས་ནས་དམིགས་བསལ་སློབ་ཁྲིད་གོ་སྒྲིག་གིས་ཚོད་ལྟ་བྱ་རྒྱུ་ཡིན། དེ་ནས་སོ་སོའི་ཐག་གཅོད་གྱིས་ཞེས་ལབ་ནས་ཆེད་དུ་ཆོས་དཔོན་གྱིས་ཡེ་ཤུའི་ཆོས་ལུགས་ཀྱི་སློབ་གསོ་དངོས་སུ་སྤྲོད་པའི་ནང་མའི་འཛིན་གྲྭ་ཞིག་གོ་སྒྲིག་བྱས་འདུག ངའི་ངོས་ནས་འཛིན་གྲྭ྄་དེར་ཡང་རང་འདོད་ལྟར་འགྲོ་བཅུག་པ་ཡིན། མཐར་སློབ་གསོའི་གཙོ་བོ་དེ་ཕྲུ་གུ་གཏན་ནས་མི་འཁོར་བའི་བུད་མེད་ཅིག་ལ་ཆོས་ཁང་ཞིག་གི་སློབ་མ་ཚོས་མཉམ་དུ་གསོལ་འདེབས་བྱས་པས་ཕྲུ་གུ་འཁོར་ཡོད་པ་དང་། དེ་ནི་གཙོ་བོ་ཡེ་ཤུའི་བཀོད་འདོམས་གནང་བའི་འབྲས་བུ་རེད་ཅེས་ལབ་འདུག དེར་གསར་ཞུགས་གཞན་ཞིག་གིས་འོ་ན་དང་པོ་ནས་དཀོན་མཆོག་གིས་ཁ་ཆག་སྣ་རལ་དེ་ཚོ་མ་བཟོས་ན་ག་འདྲ་འདུག་ཅེས་དྲིས་པར་ལན་སེམས་ཁ་གང་བ་ཞིག་བྱུང་མི་འདུག རྒྱུ་མཚན་དེ་འདྲ་ཁ་ཤས་ཤིག་གིས་ནང་པའི་ཆོས་འདི་དེ་བས་ཀྱང་རིགས་པ་དང་མཐུན་པའི་ཆོས་ཤིག་རེད་བསམ་པའི་བསམ་བློ་ཤུགས་ཆེར་བྱུང་འདུག་ལ། མཐར་དངོས་སུ་ནང་པའི་ཆོས་སྒོར་ཞུགས་པ་རེད། དེའི་བརྒྱུད་རིམ་ཁྲོད་དུ་ངས་ཀྱང་སྤྱིར་བཏང་གི་སློབ་ཚན་དེ་ཚོར་མཉམ་ཞུགས་ཀྱི་གོ་སྐབས་སྤྲད་པས་ནང་པ་བྱེད་དགོས་པའི་ཨུ་ཚུགས་གཏན་ནས་བྱས་མེད། དེ་ཡང་དཔེ་མཚོན་ཞིག་རེད་ལབ་ན་མ་ཆོག་པ་མི་འདུག་དྲན།
དོན་དག་གཞན་ཞིག་ནི། སྤྱིར་བཏང་དེང་སང་གི་དུས་འདིར་འཛམ་བུ་གླིང་གི་མི་མང་པོ་ཞིག་གི་ཆོས་ལུགས་ལ་དབྱིངས་བརླག་བཞིན་ཡོད་པའི་དུས་ཚོད་ཅིག་རེད། དེ་ཡང་ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་དང་། ཆོས་ལུགས་པས་ལོ་རྒྱུས་ཐོག་དང་ཡང་ན་ད་ལྟའང་འཐབ་འཁྲུགས་སོགས་ཀྱི་རྒྱུ་རྐྱེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རེད། སྡུག་ས་ནས་བཤད་ན་ཆོས་ལུགས་ཀྱི་དཀའ་ངལ་ནི་འཛམ་གླིང་གི་དཀའ་ངལ་ཆེན་པོ་ཞིག་རེད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་མི་ཚོར་འགྲན་རྩོད་ཀྱི་འདུ་ཤེས་དང་། ལུས་སེམས་ཀྱི་གནོན་ཤུགས་སྔར་ལས་ཆེ་བ་ཡོང་གི་ཡོད་སྟབས་སེམས་ཁམས་ལ་ཕན་པའི་ཆོས་ལུགས་དགོས་མཁོ་ཆེན་པོ་ཡོད་པ་དང་། ཁོང་ཚོས་དོ་སྣང་བྱེད་སའི་ཆོས་ལུགས་ཤིག་ཡོད་པའི་དབང་དུ་བཏང་ན་དེ་ནི་སེམས་ཞི་བར་གནས་པ་དང་འབྲེལ་བའི་ཆོས་ལུགས་དང་། ཞི་བདེ་དང་འཆམ་མཐུན་གྱི་ཕྱོགས་ལ་མཐོང་སྣང་ཡག་པོ་ཡོད་པའི་ཆོས་ལུགས་ལ་དོ་སྣང་བྱེད་ཀྱི་རེད། འདིའི་ཐད་ནང་པའི་ཆོས་ལུགས་ཀྱི་འཚེ་མེད་སྙིང་རྗེའི་སྤྱོད་པ་དང་། བསྒོམ་སྒྲུབ་ཉམས་ལེན་གྱི་རིགས་འདི་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད་པ་རེད། དེ་ཡང་ང་ཚོ་རང་གིས་གལ་ཆེན་ཆགས་ཀྱི་ཡོད་པ་རེད་ལབ་པ་ཙམ་མིན་པར་འདི་ལ་འཇུག་མཁན་ཧ་ཅང་མང་པོ་རེད། དབྱིན་ཡུལ་དང་ཨ་རིའི་སློབ་ཆུང་གི་ནང་དུ་ཡང་ནང་པའི་སྒོམ་ཁྲིད་ཚོད་ལྟ་བྱེད་ཀྱི་ཡོད་པ་དང་། ཁེ་ལས་ཚོགས་ཁག་དང་། ཉེན་རྟོག་སྡེ་ཚན་སོགས་ཀྱིས་ཀྱང་སྒོམ་ཁྲིད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ། འཇར་པན་གྱི་ཛེན་དང་། ལྷོ་བརྒྱུད་ནང་པའི་དྲན་པ་ཉེར་བཞག་སོགས་ལ་འཛམ་གླིང་དུ་སྐད་གྲགས་ཆེན་པོ་ཡོད་པ་དང་། བོད་ཀྱི་སྙིང་རྗེའི་སྒོམ་སོགས་ལ་ཉེ་ཆར་ཞིབ་འཇུག་གི་གྲུབ་དོན་དམིགས་བསལ་དེ་འདྲ་བཏོན་ནས་སྔ་མ་དག་ལས་ཀྱང་ལྷག་པའི་ཁྱད་ཆོས་ཡོད་པའི་ར་སྤྲོད་དེ་འདྲ་དངོས་སུ་མཐོང་སོང་།
ལྟ་གྲུབ་ཀྱི་ཆ་ནས་ཡིན་ནའང་ནང་པའི་གཞུང་ལུགས་ཀྱི་ལྟ་གྲུབ་འདི་ཚན་རིག་པ་དང་དེང་རབས་ཞིབ་འཇུག་པས་དམིགས་བསལ་དོ་སྣང་བྱ་ཡུལ་ཞིག་ཡིན་ངེས་པ་རེད། ༧གོང་ས་མཆོག་གིས་གཙོ་སྐྱོང་གནང་བཞིན་པའི་སེམས་དང་སྲོག་གི་ཚན་རིག་གི་བགྲོ་གླེང་ལས་གཞི་ལྟ་བུ་ཚན་རིག་དང་ནང་ཆོས་ཀྱི་ཐུན་མོང་གི་གླེང་སྟེགས་ཀྱང་ཡོད་པ་རེད་ལ། ད་ལྟའི་ཚན་རིག་གི་གྲུབ་དོན་མཐོ་ཤོས་ཚད་རྡུལ་ནུས་ཤུགས་རིག་པ་དང་ནང་པའི་ཆོས་ཐམས་ཅད་རྟེན་འབྲེལ་དང་རྒྱུ་མ་ལྟ་བུའི་ལྟ་ཚུལ་བར་ལ་དམིགས་བསལ་གྱི་མཐུན་ཆ་ཡོད་པའི་བཤད་སྲོལ་ཁག་ཅིག་ཀྱང་ཡོངས་གྲགས་ཡིན་ཞིང་། ང་ཉེ་ཆར་འགྲོ་བཞིན་པའི་སློབ་གྲྭའི་ནང་དུ་དེ་འདྲའི་རིགས་ལ་དོ་སྣང་ཆེན་པོ་ཡོད་པའི་དབྱི་ཏྲ་ལའི་མི་ཞིག་ཡོད་ཅིང་། ཁོ་ནང་པའི་ཆོས་པ་དེ་འདྲ་གང་ཡང་མིན་ན་ཡང་། ནང་པའི་གཞུང་དང་ཚད་རྡུལ་ནུས་རིག་བར་མཐུན་ཆ་ཡོད་ཚུལ་སོགས་མང་པོ་ཞིག་ཕར་ལ་མ་དྲིས་ཀྱང་བཤད་ཀྱི་འདུག གང་ལྟར་ནང་པའི་ཆོས་ལུགས་འདི་རྗེས་འཇུག་གི་གྲངས་ཀའི་ཆ་ནས་མང་ཤོས་མིན་ན་ཡང་། འཛམ་གླིང་གི་ཆོས་ལུགས་ཀྱི་ནང་ནས་མི་རྣམས་ཀྱིས་ངོས་འཛིན་ཞུ་སྟངས་དང་། དུས་རབས་འདིའི་སྤྱི་ཚོགས་ཀྱི་གནས་བབ་གང་གི་ངོས་ནས་བསམ་ན་ཡང་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།
དྲི་བ། ཆོས་ལུགས་ཀྱིས་སྤྱི་ཚོགས་ཡར་རྒྱས་འགྲོ་བར་བཀག་རྡོ་བྱེད་ཀྱིན་ཡོད་སྐོར་ཤོད་མཁན་མང་པོ་འདུག དེའི་ཐད་ཁྱེད་ཀྱིས་དགོངས་ཚུལ་ཞིག་གསུང་རོགས།
ལན། ཆོས་ལུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཀྱི་བཀག་རྡོ་བྱེད་ཟེར་བ་དེ་ཡང་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་རེད། དེ་ཡང་ཕྱོགས་གཉིས་ནས་བསམ་བློ་གཏོང་དགོས་པ་འདྲ།
གཅིག་སྟེ། དེ་ལྟར་ལབ་མཁན་དེ་ཚོའི་རིག་གནས་དང་འཚར་ལོངས་ཀྱི་ཁོར་ཡུག་དང་འབྲེལ་བ་འདུག དཔེར་ན། བོད་ནང་གི་དོན་གྲུབ་རྒྱལ་དང་ཞོགས་དུང་སོགས་ཀྱི་ལྟ་ཚུལ་དེ་ཚོར་ཁོར་ཡུག་གི་ཤུགས་རྐྱེན་ཆེན་པོ་ཡོད་པ་མཐོང་གི་འདུག འདི་འདྲ་ལབ་ན་འགའ་ཞིག་གི་སེམས་ལ་འགྲོ་གི་ཡོད་མེད་མ་ཤེས་ཀྱང་ང་སྒེར་ངོས་ནས་དེ་འདྲ་རང་བསམ་གྱི་འདུག
དེ་ཡང་སྤྱི་ཚོགས་མ་འདྲ་བ་དང་། རིག་གནས་ཀྱི་ཁོར་ཡུག་མ་འདྲ་བ། དེ་བཞིན་ཁོང་ཚོའི་དུས་ཀྱི་སློབ་གསོའི་གནས་བབ་གཅིག་པའི་རྒྱ་རིགས་དང་། ཡང་རྒྱ་རིགས་ཡིན་ཡང་སློབ་གསོའི་གནས་བབ་མི་འདྲ་བ་ནས་འཚར་ལོངས་བྱུང་བ་སོགས་མང་པོ་ཞིག་དང་ངོ་ཤེས་དང་རྒྱུས་ལོན་གྱི་གོ་སྐབས་ཐོབ་པ་བརྒྱུད་ནས་ཁོང་ཚོའི་སྐབས་དེའི་བསམ་བློའི་དང་སློབ་གསོའི་རྒྱབ་ལྗོངས་དང་དེའི་ཤུགས་རྐྱེན་སོགས་ལ་ང་ལ་གོ་རྟོགས་ཆ་ཚང་བསླེབས་ཡོད་ལབ་ན་མ་འགྲིགས་པ་མེད། ཡང་ཕྱོགས་གཞན་ཞིག་ནས་ཡར་རྒྱས་ཀྱི་ངོས་འཛིན་ལ་ལྟ་དགོས་ཀྱི་ཡོད་པ་རེད། དེ་ཡང་རིག་གསར་སྐབས་ཀྱི་མི་ཚོའི་ལྟ་སྟངས་ལྟར། ལས་རྒྱུ་འབྲས་དང་ཀུན་སྤྱོད་སོགས་གང་ལ་བསམ་བློ་མ་བཏང་བར་སྒོར་མོ་དང་དཔལ་འབྱོར་ཁོ་ནའི་འཕར་ཚད་ཀྱི་ཐོག་ནས་ཡར་རྒྱས་ཀྱི་ཚད་འཇོག་མཁན་རིགས་གཅིག་ཡོད་པ་རེད། དེ་ཡང་གྲངས་ཀ་ཉུང་ཉུང་ཡིན་རྒྱུ་མ་རེད། གང་ལྟར་བསམ་བློ་དེ་གཞིར་བཞག་བྱས་ན་ནང་ཆོས་ཀྱི་བསམ་བློ་དང་ཀུན་སྤྱོད་ཁག་ཅིག་གིས་དེ་རང་བཙོ་བོར་འཛིན་གྱི་མེད་པ་དངོས་ཡོད་རེད། ཡིན་ན་ཡང་། ད་ཆ་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་ཡར་རྒྱས་ཀྱི་འགྲོས་མགྱོགས་དྲགས་པའི་བཀའ་ངལ་འཕྲད་ཀྱི་ཡོད་རེད། ཡར་རྒྱས་ཀྱི་འགྲོས་དལ་དུ་མ་བཏང་ན་མིའི་སྤུས་ཚད་དང་སྤྱི་ཚོགས་ཀྱི་རྩ་བའི་སྒྲོམ་གཞི། ཐོན་ཁུངས་དང་ཁོར་ཡུག་གི་གནས་བབ་སོགས་དང་མ་མཐུན་པའི་དཀའ་ངལ་མཐོལ་པ་མང་པོ་འཕྲད་ཀྱི་ཡོད་པ་རེད། དེ་ནི་ད་ལྟ་འཛམ་གླིང་ཡོངས་གྲགས་ཀྱི་གནད་དོན་ཞིག་རེད། མཁས་པ་ཁག་ཅིག་གིས་རྒྱ་ནག་གིས་ལོ་སུམ་ཅུའི་འཛུགས་སྐྲུན་ཡར་རྒྱས་དེ་ནུབ་ཕྱོགས་པས་ལོ་སུམ་བརྒྱའི་དུས་ཡུན་སྤྱད་དེ་བྱུང་བའི་གྲུབ་འབྲས་དང་འདྲ་མཚུངས་ཆགས་ཡོད་ཅེས་ལབ་ཡོད་རེད། འོན་ཀྱང་། རྒྱ་ནག་གི་མགྱོགས་ཚད་མྱུར་བའི་ཡར་རྒྱས་དེས་རིན་དོད་དུ་བཏང་བའི་ཁོར་ཡུག་འབག་རྩོག་སོགས་ཀྱི་གྱོང་གུད་དེ་ལོ་བརྒྱའི་རིང་ལ་ཡང་གསབ་ཐུབ་ཀྱི་མིན་པའི་སྐོར་བཤད་འདུག དེ་བཤད་མཁན་ཡང་རྒྱ་ནག་རང་གི་མཁས་པ་རེད།
རྒྱ་གར་ལ་མཚོན་ན་དཔལ་འབྱོར་ཡར་རྒྱས་ཀྱི་འགྲོས་ཅུང་དལ་པོ་རེད། ཕྱིའི་འཛུགས་སྐྲུན་སོགས་ལ་ལོ་བདུན་ཅུ་བརྒྱད་ཅུའི་སྔོན་ནས་དེང་རབས་དཔལ་ཡོན་གྱི་སྐྱོན་ཆ་ལ་བདག་ཉིད་ཆེན་པོ་གྷན་དྷིའིི་མི་ཚོའི་སེམས་ལ་འཁོར་མི་ཐུབ་པའི་སྐྱོན་བརྗོད་དེ་འདྲ་གནང་ཡོད་རེད། ཁོང་གིས་རྒྱ་གར་རང་སྲིད་རང་སྐྱོང་གི་དེབ་ཏུ། མེ་འཁོར་དང་ཁྲིམས་རྩོད་པ་སྨན་པ་གསུམ་ནི་དཔལ་ཡོན་གྱི་དུག་ཡིན་པའི་ཚུལ་གྱི་བཀའ་མོལ་ཛ་དྲག་པོ་དེ་འདྲ་གསུང་ཡོད་རེད། གང་ལྟར་ད་ལྟ་སྤྱིའི་ཆ་ནས་རྒྱ་གར་གྱི་དཔལ་འབྱོར་གྱི་འགྲོས་དལ་བ་དེ་ཡང་ཕྱོགས་མང་པོ་ཞིག་ནས་ཕུགས་རྒྱང་རིང་པོའི་དགེ་མཚན་ཞིག་ཆགས་ཀྱི་ཡོད་པ་རེད། བདག་ཉིད་ཆེན་པོ་གྷན་དྷིའིི་ཡི་ལྟ་གྲུབ་དེ་ཚོ་ཡང་ཕུགས་གཏུགས་ས་ཤར་ཕྱོགས་ལྟ་གྲུབ་ཀྱི་ཆ་ཤས་གལ་ཆེན་ཡིན་པའི་ནང་པའི་སྟོན་པ་སངས་རྒྱས་ཀྱི་ལྟ་གྲུབ་དང་འབྲེལ་བ་ཆེན་པོ་ཡོད་རེད་བསམ་གྱི། ད་ལྟའི་གནས་སྟངས་ཀྱི་ཆ་ནས་ཕལ་ཆེར་དུས་རབས་ཉི་ཤུ་པའི་ནང་དུ་འཛམ་བུ་གླིང་འདི་ཨེ་ཤ་ཡར་དབང་བ་དང་དེའི་ནང་ནས་རྒྱ་དཀར་ནག་གཉིས་ལ་དབང་གི་ཡོད་པ་འདྲ་ཞིག་བཤད་ཀྱི་ཡོད་རེད། རྒྱལ་ཁབ་འདི་གཉིས་ཀྱིས་ཕྱི་འབྲེལ་སྲིད་ཅུས་དང་། སློབ་གསོའི་སྟོབས་ཤུགས་གཉིས་ཆར་ནས་ནང་ཆོས་ལ་ཧ་ཅང་གོ་གནས་མཐོན་པོ་སྤྲོད་ཀྱི་ཡོད་པའི་རྟགས་མཚན་མཐོང་གི་ཡོད་རེད། རྒྱ་ནག་ལྟ་བུར་མཚོན་ན་གཞུང་དམར་ཤོག་ཡིན་མིན་ལ་མ་ལྟོས་པར་ལྟོས་བཅས་ཀྱི་ཆ་ནས་ཡོངས་གྲགས་ཐོག་ནང་ཆོས་ལ་སྐུལ་འདེད་གང་ལེགས་བྱེད་ཀྱི་ཡོད་པ་ལྟར་མཐོང་གི་འདུག དཔེར་ན། ཉེ་ཆར་གྱི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཞེས་པའི་འཛམ་གླིང་གི་རྒྱལ་ཁབ་བཅུ་ཕྲག་མང་པོར་མཉམ་འབྲེལ་བྱེད་པའི་ཚོང་འབྲེལ་ཚོགས་འདུའི་ཐོག་གི་ཞི་ཅིན་ཕེན་གྱི་གཏམ་བཤད་ཀྱི་ནང་དུ་ཡང་། ནང་ཆོས་དང་རྒྱ་ནག་གི་འབྲེལ་བའི་སྐོར་ལ་དམིགས་སུ་བཀར་ནས་བཤད་པ་རེད།
དེའི་ཅུང་སྔོན་ཙམ་སྟེ། འདི་ལོའི་སྤྱི་ཟླ་༥་ཚེས་ ༡༠ ཉིན་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གི་གོ་སྒྲིག་འོག སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། རྒྱ་གར་གྱི་ཤེས་ཡོན་བློན་ཆེན་སྐུ་ཞབས་པྲཀཤ་ཇཝེཏ་ཀར་(Prakash Javadekar)མཆོག་གིས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་བསླབ་བྱ་ནི་བདག་ཉིད་ཆེན་པོ་གྷན་དྷིའི་བསླབ་བྱ་བཞིན་མི་ཚེའི་དམིགས་འདུན་(Ideas of Life)ཞིག་ཡིན་པ་དང་། ཆབ་སྲིད་ཀྱིས་ང་ཚོར་མི་ཚེ་སྐྱེལ་བའི་མཐུན་རྐྱེན་སྐྲུན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་བསླབ་བྱས་མི་ཚེ་ཅིའི་ཕྱིར་སྐྱེལ་བ་དང་། མི་ཚེ་ཇི་ལྟར་སྐྱེལ་ཚུལ་གྱི་ལམ་སྟོན་གནང་གི་ཡོད་པར་བརྟེན། སློབ་གྲྭའི་བསླབ་གཞིའི་སློབ་ཚན་གྱི་ཁོངས་སུ་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུངས་པའི་གནས་ཚུལ་ཐོན་པ་རེད། མདོར་ན། ནང་ཆོས་ཀྱིས་འགྲོ་བ་མིའི་རིགས་ལ་ཕྱིའི་དངོས་པོ་དང་ནང་སེམས་ཁམས། མི་དང་རང་བྱུང་ཁམས་བཅས་མཐུན་སྦྱོར་གྱི་རྣམ་པའི་ཐོག་ནས་ཆ་མཉམ་གྱི་འཚོ་བ་རོལ་རྒྱུར་དམིགས་བསལ་གྱི་ཞབས་འདེགས་ཞུ་ཐུབ་པ་ཞིག་རེད། དོན་དམ་པའི་ཡར་རྒྱས་ཟེར་བ་དེ་ཡང་། ནང་ཀུན་སྤྱོད་དང་རིག་གནས་ཕྱི་ཁོར་ཡུག་དང་སྐྱེ་ཁམས། བར་མིའི་འཚོ་བ་དང་བདེ་ཐང་སོགས་ཆ་མཉམ་གྱི་ཡར་རྒྱས་ཤིག་ལ་གོ་དགོས་པ་རེད། དེ་ནི་ཕུགས་རྒྱང་རིང་ཤོས་ཀྱི་ཡར་རྒྱས་ཀྱི་དམིགས་ཚད་རེད། དེ་ནི་ཆོས་པ་ཚོའི་ཁ་སྟོང་གི་སྐད་ཆ་བཤད་པ་ཙམ་མིན་པར་ད་ཆ་དོན་དངོས་ཀྱི་ར་སྤྲོད་བྱེད་ཀྱི་ཡོད་པ་རེད། ང་ཚོའི་མ་འོངས་པའི་དཀའ་ངལ་ནི་མགྱོགས་དྲགས་པའི་དཀའ་ངལ་རེད། དེའི་ཐད་ལ་ནང་ཆོས་ཀྱིས་བཟང་ཕྱོགས་ཀྱི་ནུས་པ་ཐོན་གྱི་ཡོད་པ་རེད། ཡང་ཁག་གཅིག་གིས། ནང་ཆོས་ལ་དད་མོས་དང་བརྒྱུད་འཛིན་བྱས་ན་ཕྱིའི་འབད་བརྩོན་ཚང་མ་བློས་བཏང་དགོས་པར་གོ་བ་ལེན་གྱི་ཡོད་པ་འདྲ། དེ་ནོར་བ་རེད། རབ་ཏུ་བྱུང་བར་དམིགས་བསལ་གྱི་ཆ་རྐྱེན་དང་འཚོ་བ་རོལ་སྟངས་ཁ་ཁ་ཞིག་ཡོད་ན་ཡང་། སྤྱིར་བཏང་གི་ནང་པའི་ཆོས་ལ་དད་མོས་དང་ཉམས་ལེན་བྱེད་མཁན་གྱི་མི་སྐྱ་ཕོ་མོ་ཚོའི་ངོས་ནས་ནང་ཆོས་དེ་སྤྱི་ཚོགས་དང་འཚོ་བ་དངོས་ཀྱི་ཁྱབ་ཁོངས་སུ་བཅུག་ནས་ཉམས་ལེན་བྱེད་ཆོག་གི་ཡོད་པ་རེད། འདིའི་ཕྱོགས་ཀྱི་འགྲོ་སྟངས་ཆ་ཚང་སངས་རྒྱས་རང་གི་གསུང་ན་ཡོད་པ་ཞིག་རེད།
དྲི་བ། དེང་སང་རྒྱ་མི་རིགས་ལ་ཆོས་འཁོར་སྐོར་མཁན་བླ་མ་དང་མཁན་པོ་དགེ་བཤེས་སོགས་ལ་རྒྱ་བླ་ཞེས་བོས་ཏེ་མི་གཞན་གྱི་སྣང་བརྙན་ལ་དད་ལྡན་པ་དེ་ཚོར་མགོ་སྐོར་གཏོང་མཁན་འདྲ་ཞིག་འཆར་དུ་འཇུག་གིན་འདུག་པས་དེའི་སྐོར་ཞིག་གསུང་རོགས།
ལན། རེད་དེ་ངོ་མ་རེད། འདི་ལ་མང་པོ་ཞིག་གིས་དོ་སྣང་གནང་གི་འདུག ཉིན་འདི་གར་བརྙན་འཕྲིན་བརྒྱུད་ལམ་དེ་འདྲས་ཀྱང་ཆེད་དུ་འདིའི་སྐོར་ལ་སྐད་ཆ་དྲིས་བྱུང་། དོན་དངོས་པོའི་ཐོག་ནས་རྒྱ་བླ་ཟེར་བ་དེ་ལ་ཡག་སྡུག་གཉིས་ཤིག་འདུག་ལ། གོ་བ་ལེན་སྟངས་ཀྱང་གཉིས་འདུག འགའ་ཞིག་གིས་རྒྱ་ཡུལ་ལ་སོང་ནས་ཆོས་བཤད་མཁན་གྱི་བླ་མ་དགེ་བའི་བཤེས་གཉེན་ཚང་མ་ལ་རྒྱ་བླ་ལབ་ཀྱི་ཡོད་ས་རེད། ཡང་འགའ་ཞིག་གིས་རྒྱ་ཡུལ་ལ་སོང་ནས་རྫུན་དང་མགོ་སྐོར་བཏང་ནས་སྒོར་མོ་ལེན་ཐབས་བྱེད་པ། བོད་ནང་ལ་ཡོད་སྐབས་གྲྭ་པ་དཀྱུས་མ་ལྟ་བུ་ཡིན་པ་ལ་རྒྱ་ཡུལ་ལ་སོང་ནས་སྒོར་མོ་མང་པོ་ཁུར། མིང་དེ་ཡང་གཞན་ཞིག་ཏུ་བསྒྱུར། སློབ་མ་དང་ཡོན་བདག་མང་པོ་དང་མཉམ་དུ་ཆེ་ཆེ་གཉན་གཉན་བྱེད་མཁན་དེ་འདྲ་ཞིག་ཆགས་ཡོང་དུས་བོད་པ་ཚོས་སེམས་ཐོག་ནས་དང་ལེན་བྱེད་མི་ཐུབ་པ་ཞིག་ཡོང་གི་ཡོད་པ་རེད། དེ་ལ་ཁག་ཀྱང་ཡོད་མ་རེད། རྒྱ་བླ་ཟེར་ནས་རྣམ་འགྱུར་ངན་པ་སྟོན་ས་གཙོ་བོ་དེ་དེ་འདྲའི་རིགས་དེ་ཚོ་ཡིན་པ་འདྲ། གང་ལྟར་རྒྱ་བླ་ལ་མཐོང་ངན་པ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡང་རྒྱ་ཡུལ་དུ་འགྲོ་མཁན་གྱི་བོད་ཀྱི་མཁན་སྤྲུལ་དགེ་བཤེས་དང་གྲྭ་པ་དཀྱུས་མ་ཡིན་ནའང་འདྲ། ཡང་ན་དེ་དང་དེ་དག་གི་མིང་ཁུར་མཁན་དེ་ཚོས་བྱེད་སྟངས་མ་འགྲིགས་པ་ལས་ཡོང་གི་ཡོད་པ་དང་། བོད་ནང་ན་ཡོད་དུས་མཁན་སྤྲུལ་དེ་འདྲ་མིན་ན་ཡང་། རྒྱ་ཡུལ་ནས་འགྲོ་དུས་མིང་རྫུན་མ་དེ་འདྲ་བེད་སྤྱོད་གཏོང་བའམ། ཡང་ན་རྒྱ་བླས་རྒྱ་བླ་ངོས་འཛིན་བྱས་ནས་རྫུན་མས་རྫུན་མ་ཁྲི་ཁར་འགོད་པ་སོགས་གནས་ཚུལ་མང་པོ་ཡོད་པ་ཐུག་ས་དེ་དེ་འདྲ་ཞིག་ལ་ཐུག་གི་ཡོད་པ་རེད། ཡིན་ན་ཡང་། དོན་དངོས་པོའི་ཐོག་ནས་རྒྱ་བླ་ཚང་མ་ཡག་པོ་མིན་པ་དང་། བསྟན་འགྲོ་ལ་ཕན་པ་མེད་པ། རྫུན་དང་མ་རབས་བཤད་མཁན་རྐྱང་པ་ཡིན་པ་དེ་འདྲ་མ་རེད། འོན་ཀྱང་། ཕྱོགས་གཅིག་ལ་སྐྱོན་གྱི་སྣང་ཚུལ་ཤུགས་ཆེན་པོ་ཞིག་ཐོན། དེ་ལ་སྤྱི་ཚོགས་ཀྱིས་གླེང་སློང་དང་ལྟ་སྟངས་ཤུགས་ཆེན་བྱུང་བའི་སྐབས་སུ་རང་བཞིན་གྱིས་རྒྱ་བླ་ཚང་མ་ལ་མཐོང་ཡག་པོ་མེད་པ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་ཡང་བསམ་ཤེས་མི་ཐུབ་པ་ཞིག་མ་རེད། དེང་སང་གི་སྤྱི་ཚོགས་འདི་སྤྱིའི་ཆ་ནས་ཚོར་བ་དང་གཙོ་རྒྱུག་གི་བཤད་སྟངས་ཀྱི་རྗེས་སུ་འབྲངས་མཁན་རྐྱང་རྐྱང་རེད། དཔེར་ན། ག་ཤེད་ཅིག་ནས་ཀུ་ཤུའི་ཁ་པར་གཅིག་ལ་མ་འགྲིགས་པ་ཞིག་བྱུང་ན་དེས་འཛམ་བུ་གླིང་གི་ཀུ་ཤུའི་ཁ་པར་གྱི་ཚོང་མགྲོན་ཡོངས་རྫོགས་ཀྱི་སེམས་ཁམས་ལ་ཁྱད་པར་བྱེད་ཀྱི་ཡོད་པ་དང་། དེས་ཀུ་ཤུའི་ཁྲོམ་ར་ཧྲིལ་པོའི་གནས་སྟངས་ལ་གཡོ་འགུལ་གཏོང་བ་ལྟ་བུ་ཡོང་གི་ཡོད་པ་རེད། དེ་ནང་བཞིན། ཁ་ཆེའི་སྤྱི་ཚོགས་ནས་འཇིགས་སྐུལ་གང་འཚམས་ཐོན་པ་དེས་ཁ་ཆེ་བ་ཡོངས་ལ་ལྟ་སྟངས་ཡག་པོ་མེད་པ་དང་། རྒྱ་རིགས་ཡུལ་སྐོར་བ་དེ་འདྲས་གུས་ཞབས་མེད་པའི་བྱ་སྤྱོད་དེ་འདྲས་རྒྱ་རིགས་ཡོངས་རྫོགས་ལ་མཐོང་མ་ལེགས་པ་ཡོང་དགོས་པ་སོགས་སྤྱི་ཚོགས་ཚང་མ་དེ་འདྲ་རེད།
རྒྱ་བླ་འགའ་ཞིག་གིས་རྒྱ་དེ་འདྲ་ལ་བླ་མ་སྤྲུལ་སྐུའི་མིང་བཏགས་ཁྲི་ཁར་ཕུད་སེར་ཕྲེང་བྱེད་པ་སོགས་ཀྱང་བྱུང་ཡོད་རེད། དེ་ཡང་རྒྱ་བླ་དང་དགོན་པ་གཉིས་ཀྱིས་མཉམ་འབྲེལ་གྱིས་ནག་ཉེས་བསགས་པ་དེ་འདྲ་མང་པོ་རེད། དེ་ཡང་རྒྱ་བླ་ལ་མི་མང་གིས་ལྟ་སྟངས་སྡུག་པོ་ཡོད་པའི་རྒྱུ་རྐྱེན་གཅིག་ཡིན་ས་རེད། འོན་ཀྱང་ངས་བལྟས་ན་འདས་པའི་རུལ་སུངས་ཀྱི་འབྱུང་གནས་དང་། མ་འོངས་པའི་ཉེན་ཁ་ཡོང་ས་གཙོ་བོ་དེ་སྒོར་མོ་ལ་དོ་དམ་མི་བྱེད་པ་དེ་རེད།
དེ་ནི་རྒྱ་བླ་དང་རྒྱ་བླའི་ཁོར་ཡུག་གི་སྡེ་དགོན། ཡང་ན་རྨོངས་དད་ཆེ་བའི་རྒྱ་བླའི་སློབ་མ་བཅས་ཐུན་མོང་གི་ལས་འགན་ཡོད་པ་ཞིག་རེད། ངས་ག་རེ་ལབ་ཀྱི་ཡོད་ཟེར་ན། དཔེར་ན་རྒྱ་ཡུལ་ལ་ཕེབས་མཁན་ཞིག་ལ་སློབ་མ་དང་ཡོན་བདག་དེ་འདྲ་ཞིག་གིས་སྒོར་བརྒྱ་ཐམ་པ་ཕུལ་ནའང་འདྲ། ཡང་ན་སྒོར་བཅུ་ཐམ་པ་ཕུལ་ནའང་འདྲ། སྤྱི་དོན་སྒེར་གྱི་དབྱེ་བ་དེ་ཧ་ཅང་གསལ་པོ་ཞིག་དབྱེ་དགོས་ཀྱི་འདུག ཁྱེད་རང་སྒེར་ལ་སྒོར་ཁྲི་སྟོང་ཞིག་ཕུལ་བ་ཡིན་ན་ཡང་ང་ཚོས་དེ་ལ་མ་དགའ་བ་བྱས་ན་འགྲིག་གི་མ་རེད། འོན་ཀྱང་འབུལ་ཡུལ་གྱིས་བག་མེད་རྒྱས་སྤྲོས་ཁོ་ན་བྱས་པ་ཡིན་ན་སྤྱི་ཚོགས་ཀྱི་འདྲ་མིན་ཟེར་གྱི་རེད་དེ། གང་ལྟར་སྒེར་ལ་ཕུལ་བ་ཡིན་ན་དེ་ཡང་གཏན་ནས་མི་ཆོག་ལབ་ས་ཡོད་རྒྱུ་མ་རེད་བསམ་གི སྤྱི་ལ་ཕུལ་བ་ཡིན་ན་སྒོར་བཅུ་ལས་མེད་ཀྱང་འབུལ་མཁན་གྱིས་ཀྱང་དད་པ་དག་སྣང་གི་དབང་དུ་བཏང་ནས་མི་འཇོག་པར་བྱུང་སོང་སོགས་ཀྱི་དངུལ་གྱི་འགྲོ་སྟངས་ལ་རྒྱུས་ལོན་དགོས་པ་དང་། འབུལ་ཡུལ་གྱིས་ཀྱང་། རྟེན་བཞེངས་དང་དགེ་འདུན་པའི་འཚོ་བ། སློབ་གྲྭའི་ཐེབས་རྩ་སོགས་གང་འདྲ་ཞིག་གི་མིང་ནས་ཞལ་འདེབས་སུ་བྱུང་བ་ཡིན་ན་ཡང་དེར་ངེས་པར་དུ་སྨིན་དགོས་པའི་ལམ་ལུགས་ཤིག་འཇགས་དགོས་ཀྱི་འདུག མ་གཞི་༧ང་ཚོས་རྒྱ་ནག་གི་ཀུན་སྤྱོད་ཉམས་ཆགས་སོང་འདུག ལྐོག་ཟ་རུལ་སུངས་མང་པོ་འདུག ནང་ཆོས་གལ་ཆེན་པོ་རེད་ལབ་ཀྱི་ཡོད་རེད་དེ། ང་ཚོའི་རྒྱ་བླ་མང་པོ་ཞིག་རྒྱ་ཡུལ་དུ་སོང་། དེར་དད་ལྡན་ཚོའི་དགོན་པ་དང་སློབ་གྲྭ་རྟེན་བཞེངས་སོགས་ཀྱི་དམིགས་རྟེན་དུ་སྒོར་མང་པོ་སྤྲད། ཡར་བོད་ཡུལ་དུ་བསླེབས་དུས་སྒོར་མོ་དེ་ཚོ་སོ་སོས་བེད་སྤྱོད་གཏོང་བ་སོགས་ཧ་ཅང་རྒྱ་ཁྱབ་ཏུ་སོང་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་ལ། ཁག་ཅིག་གིས་ཟེར་ན་གནས་ཚུལ་དེ་ནི་གཞུང་གི་དཔོན་པོའི་རུལ་སུངས་ལས་ཀྱང་རྦད་དེ་ཚབས་ཆེ་བ་འདུག་ཟེར། དེ་འདྲ་དེ་འདྲའི་གནས་སྟངས་འོག་ནས་ང་ཚོས་ཀྱང་རྒྱ་བླ་འགའ་ཞིག་ཡག་པོ་ཡོད་ཅེས་འགྲེལ་བཤད་བརྒྱབ་པ་ཙམ་མིན་པར། ཁྱོན་ཧྲིལ་པོའི་སྤུས་ཚད་ཡར་རྒྱས་གཏོང་དགོས་པ་དངོས་གནས་གལ་ཆེན་པོ་རེད།
དེ་ངོས་ལེན་མ་བྱས་ཐབས་མེད། དེ་ནི་རྒྱ་བླ་རྣམ་པའི་རང་ངོས་ཀྱི་འགན་འཁྲི་ཞིག་རེད། གལ་ཏེ་ངོས་ལེན་བྱས་ན་དེ་ལ་མཇུག་འབྲས་ངན་པ་གཉིས་ཡོང་གི་རེད། མཇུག་འབྲས་དང་པོ་དེ་ག་ལེ་ག་ལེར་རྒྱ་དེ་ཚོས་གནས་སྟངས་ཧ་གོ་ནས་མུ་མཐུད་ཁོང་ཚོ་ལ་སྦྱིན་མཁན་དེ་ཉུང་དུ་འགྲོ་གི་རེད། དེ་གཏན་ཁེལ་བ་རེད། འོན་ཀྱང་མཇུག་འབྲས་སྡུག་ཤོས་དེ་མ་རེད། སྡུག་ཤོས་དེ་གནས་ཚུལ་དེ་ཚོ་ཉི་མ་གཅིག་ལ་གསར་འགྱུར་རྒྱུད་ལམ་དང་བོད་བརྒྱུད་ནང་བསྟན་ལ་སྡང་མཁན་དེ་ཚོས་སྔོག་འདོན་བྱེད་ཀྱི་རེད། དེ་ནས་བོད་བརྒྱུད་ནང་བསྟན་ལ་མི་ཚོས་ཡིད་ཆེས་གཏིང་ནས་བརླགས་པའི་རྒྱུ་རྐྱེན་བྱེད་ཀྱི་རེད། དེ་ནི་མི་སྒེར་གྱི་གནད་དོན་གཞན་གང་ལས་ཀྱང་ཚབས་ཆེ་བ་ཞིག་རེད། དེས་ན་ད་ནས་ཞལ་འདེབས་དེ་འདྲ་སློང་དགོས་ན་ཡང་། རྩིས་པ་དང་དངུལ་གཉེར་སོགས་ཚད་ལྡན་ཡོད་པའི་ཐོག་ནས་རྩིས་ཡག་པོ་འགྲོ་དགོས་ངེས་རེད། ཡོན་བདག་དེ་ཚོས་ཀྱང་སོ་སོའི་དངུལ་དེ་གང་དུ་འགྲོ་གིན་ཡོད་པ་སོགས་ཀྱི་ཕྱོགས་ལ་ལྟ་སྐུལ་ཆོག་གི་རེད། དེ་མིན་དང་པོ་ཡིད་ཆེས་རྐྱང་བྱས། དེ་ནས་གནད་དོན་བུད་དུས་བླ་སློབ་གཉིས་ཀ་ལ་དཀའ་ངལ་འཕྲད་ཚར་བ་རེད། དེའི་ཕྱོགས་ལ་ད་ལྟ་བོད་ནང་ལ་དངོས་གནས་རྙོག་དྲ་ཧ་ཅང་ཆེན་པོ་ཡིན་པའི་གནས་ཚུལ་འདུག རྒྱ་བླ་ལ་རྒྱུ་ཡོད་པ་དང་། རྒྱུའི་འགྲོ་སོང་བཏང་ཡང་མི་ཚོས་ད་དུང་སྒོར་མོ་དགོས་མཁོ་བྱུང་དུས་སྔུན་ལ་ཡོང་ནས་གུས་གུས་ཞུམ་ཞུམ་བྱེད་པ་ལས་དོན་དམ་པའི་ཆེ་མཐོང་དང་རྩི་བཀུར་ཐ་ན་དྲིན་བཟོ་ཙམ་ཡང་མེད་པ་འདི་ལ་གནད་དོན་ཆེན་པོ་ཞིག་ཡོད་པ་བརྒྱ་ཆ་བརྒྱ་རེད། གནད་དོན་དེ་མུ་མཐུད་ལྷག་ན་ཉི་མ་གཅིག་བརྒྱ་བླ་བོད་བླ་གཉིས་ཀས་ཟ་མ་མི་རག་པ་ཞིག་དང་དེ་ལས་ཚབས་ཆེ་བ་དེ་བོད་བརྒྱུད་ནང་བསྟན་ལ་ཡིད་ཆེས་གཏིང་ནས་བརླགས་པའི་རྒྱུ་རྐྱེན་བྱེད་སྲིད་གི་རེད། རྒྱ་བླ་དེ་ལྐོག་བརྔན་སྤྲོད་མཁན་གྱི་ཉེས་ཅན་པ་ཞིག་ཡིན་ན་དགོན་པ་ཕལ་མོ་ཆེ་ལྐོག་བརྔན་ལེན་མཁན་གྱི་ཉེས་ཅན་པ་ཆགས་ཡོད་རེད། དགོན་པ་དང་གྲྭ་ཚང་ཆེ་ཆུང་མང་པོ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་མང་པོ་ཡོད་རེད། དེ་འདྲའི་སྐབས་སུ་སྒོར་མོའི་ཡོང་ལ་གཏན་ནས་བསམ་བློ་མི་གཏོང་བར་སྒོར་མོ་ཐོབ་ན་ལེན་རྐྱང་བྱེད་ཀྱི་ཡོད་པ་རེད།
མཐར་གནད་དོན་བུད་ན་རྒྱ་བླ་ཞེས་ཟུར་འདོན་བྱེད་ཐབས་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་དོན་དངོས་པོའི་ཐོག་དེ་ཧ་ཅང་ཁག་པོ་རེད། མཚམས་མཚམས་སུ་གྲྭ་ས་དེ་འདྲར་ཡང་དེའི་སྐྱོན་ཆེན་པོ་འདུག ༧སྐྱབས་མགོན་རིན་པོ་ཆེའི་གསུང་ཆོས་དེ་འདྲའི་སྐབས་སུ་ཕྱི་རྒྱལ་ནས་ཡོང་མཁན་གྱི་སྒོར་མོ་མང་པོ་ཡོད་མཁན་གྱི་སྤྲུལ་སྐུའི་མིང་ཡོད་མཁན་དེ་འདྲར་ཁང་ཚན་དེ་ཚོའི་སྤྱི་རྒན་དང་གཉེར་པ་ཐ་ན་ཕྱག་ཚང་གི་ལས་ཀ་བྱེད་མཁན་ཚང་མས་འཚངས་ཀ་བརྒྱབ་ནས་མཇལ་དར་ཕུལ་བ་དང་འཚམས་འདྲིའི་མངར་ཆུ་སྐྱེལ་བ་སོགས་བྱེད་ཀྱི་འདུག་ལ། ཆོས་པ་ཚད་ལྡན་དང་མཁན་པོ་དགེ་བཤེས་སྤྱིར་བཏང་གི་དཔེ་ཁྲིད་དགེ་རྒན་དེ་ཚོར་མཇལ་དར་འབུལ་དུ་འགྲོ་མཁན་ཧ་ཅང་ཉུང་ཉུང་རེད། ངའི་གྲོགས་པོ་དེ་འདྲའི་ཁོང་ཚོ་མར་སོང་ཚར་དུས་ང་ལ་དངོས་སུ་ལབ་མྱོང་། འདི་ཚོ་ངའི་སར་ཡོང་བ་དེ་ངའི་ས་ནས་ཞལ་འདེབས་དང་རོགས་པ་རེ་ཨེ་རག་བསམ་པ་རེད། ང་ལ་དད་པ་བྱས་ནས་ཡོང་བ་མ་རེད། དེ་ངས་ཧ་གོ་གི་ཡོད། འདི་འདྲ་མང་པོ་ཡོང་དུས་སེམས་ནང་ནས་དད་པ་དང་ཡིད་ཆེས་ཆུང་དུ་འགྲོ་གིན་འདུག་ཅེས་ལབ་མྱོང་། མཇལ་དར་འབུལ་མཁན་ལྕེ་འདོམ་པ་གང་སྣར་མཁན་དེ་ཚོ་ཡང་ཁ་ཕར་མཁོར་ན་ལུགས་གཉིས་གང་ཐད་ནས་ཡིད་ཆེས་དང་དད་པ་བྱས་ནས་ཡོང་བ་མིན་པ་གསལ་པོ་རེད།
དེ་ཚོ་དངོས་གནས་བྱས་ན་ཀུན་སྤྱོད་ཀྱི་ཆ་ནས་བཤད་ན་ཡང་ཐབས་སྐྱོ་བོ་རེད། དེས་ན་སྒོར་གྱི་བྱུང་སོང་དང་འབྲེལ་བའི་དཀའ་རྙོག་འདི་རིགས་ལ་རྒྱ་བླ་དེ་ཚོར་འགན་འཁྲི་གང་ཡོད་པ་ནང་བཞིན། དགོན་པ་དེ་ཚོར་ཡང་ཡོད་པ་རེད། རྒྱ་བླ་དེ་ཚོ་ནི་ཆོས་ཡག་པོ་མི་ཤེས་མཁན། ཁྲམ་པ་རྫུན་མ་ཡིན་པའི་དབང་དུ་བཏང་ཡང་། ཆོས་ཀྱི་བསྟི་གནས་བཤད་སྒྲུབ་ཀྱི་བསྟན་པའི་དེ་ཁོ་ན་ཉིད་ཤེས་མཁན་གྱི་མཁན་པོ་དགེ་བཤེས་དགེ་འདུན་པ་ཚོས་ནོར་འཁྲུལ་མཉམ་དུ་བསགས་ན་འགྲིག་གི་མ་རེད། དགོན་པར་ཞལ་འདེབས་དགོས་དང་དགོས། དཔལ་འབྱོར་འདུ་འགོད་མེད་ན་དགོན་པ་འཚོ་ཐབས་མེད་པ་རེད། བསྟན་པ་རྙེད་དང་བཀུར་སྟི་དང་བཅས་དེ་ཡུན་རིང་པོར་གནས་རྒྱུ་རེད། འོན་ཀྱང་། སྒོར་མོའི་ཆེད་དུ་བསྟན་པ་བཙོང་བ་དེ་འགྲིག་གི་མ་རེད། མདོར་ན་རྒྱ་བླ་ཡང་མང་ཆེ་བ་ཡང་དགོན་པ་ཚོས་བཟོས་པ་དང་། དེ་ཡང་རྒྱུ་མཚན་ཤེས་མཁན་ཡིན་སྙམ་པའི་མཁན་པོ་དགེ་བཤེས་དང་། དགོན་པའི་བླ་མ་དེ་ཚོས་སོ་སོའི་དགོས་མཁོའི་ཆེད་ཁྲི་ཁར་བཞག མིང་སྤྲད། བསུ་སེར་སྦྲེངས་བྱས་ནས་ནས་བཟོས་བཞག་པའི་ཐོན་དངོས་རང་རེད། དེས་ན་ད་ལྟའི་ཆར་རྒྱ་བླ་རུལ་སུངས་དང་དགོན་པ་རུལ་སུངས་ཀྱི་འབྲེལ་བ་ནི་རྒྱ་ནག་གི་ཁེ་ལས་རུལ་སུངས་དང་གཞུང་ཞབས་རུལ་སུངས་བར་གྱི་འབྲེལ་བ་དང་ཧ་ཅང་འདྲ་པོ་ཡོད་རེད། ཁྲིམས་ཐོག་ནས་ནག་ཉེས་འདྲ་བ་ཙམ་མ་ཟད། ཆོས་ཕྱོགས་ནས་ཀྱང་སྡིག་པ་ཆེ་ཆུང་ཕལ་ཆེར་གཅིག་པ་རེད། ཡང་སྤྱི་ཚོགས་ཀྱི་ངོས་ནས་ཡང་རྒྱ་བླ་ཞེས་སྨད་ར་བཏང་བ་གཅིག་པུས་འགྲིག་པ་ཞིག་མ་རེད། ཁོང་ཚོའི་མང་པོ་ཞིག་གིས་རང་གི་ཆོས་དང་རིག་གཞུང་དར་སྤེལ་གྱི་ལས་ཀ་ཤུགས་ཆེན་པོ་བྱས་བསྡད་པ་དང་། དགེ་འདུན་ཆོས་འཕེལ་གྱིས་ང་ཚོས་རྒྱ་བསྐྱེད་དེ་ཆོས་ཀྱི་རྒྱ་བསྐྱེད་རེད་ཅེས་ལབ་བསྡད་པ་ལྟར། དེང་སང་ཡིན་ན་རྒྱ་རིགས་དང་ཕྱི་རྒྱལ་སོགས་སུ་ནང་ཆོས་ཁྱབ་སྤེལ་བྱེད་མཁན་དེ་ཚོ་བརྒྱུད་ནས་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་མི་རིགས་རིག་གཞུང་བཅས་ལ་ཤ་ཞེན་བསླེབས་ཀྱི་ཡོད་པ་རེད། གང་ལྟར་སྤུས་ཀའི་ཆ་ནས་ལེགས་བཅོས་དགོས་པ་སྨོས་མེད་ཀྱི་ཐོག་ནས་སྤྱིར་བཏང་རྒྱ་བླ་ཟེར་ན་འདྲ་རྒྱ་ཡུལ་ལ་འགྲོ་མཁན་གྱི་བླ་མ་གྲྭ་པ་འདི་ཚོ་ཡང་གལ་ཆེན་ཞིག་རེད་བསམ་གྱི་འདུག དཔེར་ན། ཐའེ་ཝན་ལ་མཚོན་ན་ལོ་འགའི་སྔོན་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་བརྒྱ་ཕྲག་འགའ་ཞིག་ཡོད་ལབ་ཀྱི་ཡོད་པ་རེད། སྐབས་དེར་མང་པོ་ཞིག་རྒྱུ་དང་སྒོར་མོའི་ཆེད་ཡོང་བ་ཡིན་སྲིད་ན་ཡང་། གང་ལྟར་ཆོས་ཚོགས་ཤིག་བཙུགས། སློབ་མ་ཞིག་བསྡུས་ནས་ས་ཆ་ཆ་མེད་རྒྱུས་མེད་ཅིག་ལ་རྟེན་གཞི་དེ་འདྲ་མང་པོ་བཙུགས་པ་རེད། དེ་ཡང་སྐབས་དེར་རྒྱ་བལ་སོགས་ན་རྟེན་ས་ཆགས་ས་མེད་པའི་བོད་ཀྱི་བླ་མ་གྲྭ་པ་མང་པོ་ཞིག་ཡོང་བསྡད་པ་དང་། དེ་ཚོས་ཐའེ་ཝན་སོགས་ལ་ལམ་ཡིག་བདེན་རྫུན་ཅི་རིགས་ཁུར་ནས་འགྲོ་ཐུབ་བསྡད་པ་ཞིག་བྱུང་བ་རེད། དེ་ཚོའི་འབྲས་བུ་རེད། ད་ཆ་རྒྱ་གར་དུ་བོད་ཀྱི་གྲྭ་པའི་གྲངས་ཀ་ཉུང་རུ་འགྲོ་བ་དང་། གསར་འབྱོར་མེད་གྲྭ་རྒྱུན་མེད་པ་སོགས་ཀྱི་གསར་དུ་ཐའེ་ཝན་ལ་ཕེབས་མཁན་གྱི་དགེ་འདུན་པ་ཡང་ཉུང་ནས་ཉུང་དུ་འགྲོ་གི་རེད། དེ་དང་མཉམ་དུ་བསྟི་གནས་དེ་ཚོ་ཡང་ཉམས་ཆག་འགྲོ་དང་འགྲོ་བཞིན་པ་རེད། སྐབས་ཤིག་ན་ང་ཚོ་ལ་སྐྱོན་བརྗོད་བྱ་ཡུལ་ཙམ་ཡང་མ་ལྷག་པ་ཆགས་སྲིད་ཀྱི་རེད། ད་ལྟ་ནས་སྔོན་ལྟས་མང་པོ་ཞིག་གསལ་པོ་ཆགས་ཀྱི་འདུག མ་གཞི་དགེ་སྐྱོན་ཟེར་བ་དེ་ཁ་ཐུག་ལ་བལྟས་ནས་ཐག་གཅོད་པ་དང་། ཚོར་བ་ལ་བརྟེན་ནས་ཐག་གཅོད་པ་འདི་རྣམ་དཔྱོད་ལྡན་པའི་བྱེད་སྟངས་ཤིག་མ་རེད་ལ་ཕན་ཐོགས་ཡོད་པ་ཞིག་ཀྱང་མ་རེད།
དྲི་བ། ངས་མཐོང་ཚུལ་ལ་རྒྱ་མི་སློབ་མ་ཡོད་པའི་མཁན་སྤྲུལ་དགེ་བཤེས་རྣམས་ལ་རྒྱ་བླ་ཟེར་ཏེ་མགོ་སྐོར་གཏོང་མཁན་དང་ཚུལ་ཁྲིམས་ཚུལ་བཞིན་མི་སྲུང་མཁན་ཟོག་པོ་ཞིག་ངོས་འཛིན་པ་མང་བ་དང་། དབྱིན་ཇི་སོགས་མགོ་སེར་རིགས་ཀྱི་སློབ་མ་ཡོད་མཁན་དག་ལ་ཅུང་ཤེས་འཇོན་ཅན་དུ་བརྩི་བ་མཐོང་བས་སྐུ་ཉིད་ཀྱིས་དེའི་ཐད་ཁྱད་པར་གཟིགས་སམ།
ལན། དབྱིན་ཇིའི་ལུང་པ་ཟེར་ན་འདྲ། མགོ་སེར་གྱི་ལུང་པ་དེ་ཚོ་རྒྱ་ཆེན་པོ་རེད། རྒྱལ་ཁབ་མང་པོའི་སྐད་ཆ་རེད། ཁྱད་པར་དེར་ལས་ཀ་འདྲ་མིན་ག་འདྲ་བྱས་ན་ཡང་རིག་གཞུང་གི་ཆ་ནས་ཁོང་ཚོས་ཧ་ཅང་དོ་སྣང་ཆེན་པོ་བྱེད་ཀྱི་མ་རེད། དཔེར་ན། བླ་མ་ཞིག་གིས་སྐྱ་ཆས་གོན་པ་དང་། ཤ་ཟ་བ། སྐྱེས་སྨན་ཡོད་པ་སོགས་ལ་ནུབ་ཕྱོགས་པ་དེ་ཚོས་ཧ་ཅང་ཚབས་ཆེན་པོ་དེ་འདྲར་རྩི་གི་མ་རེད། རྩི་གི་མ་རེད་ཟེར་ན་མང་པོ་ཞིག་ལ་ཚབས་ཆེན་པོར་བརྩི་རྒྱུའི་གོམས་གཤིས་འཇགས་མེད་པ་རེད། དེ་འདྲའི་སྐབས་སུ་ནུབ་ཕྱོགས་སུ་ཕེབས་མཁན་ཚོར་གུ་ཡངས་མང་པོ་ཞིག་བྱུང་བ་འདྲ་ཞིག་རེད། རྒྱ་ཡུལ་དུ་དེ་དང་འདྲ་མ་རེད། རྒྱ་མི་རིགས་རང་གི་ནང་ཆོས་རྒྱ་བརྒྱུད་ནང་ཆོས་ཟེར་བ་དེ་སྤྱོད་ལམ་གྱི་ཆ་ནས་གུ་དོག་དང་། རིག་གཞུང་གི་ངོས་ནས་ཀྱང་རྒྱ་དེ་ཚོར་ལོ་སྟོང་ཕྲག་བརྒྱུད་ནས་ཡོང་བའི་དགེ་འདུན་པ་དང་ཆོས་པ་སོགས་ལ་འཛིན་པའི་འདུ་ཤེས་ཤིག་ཡོད་རེད། དེ་འདྲའི་རྒྱབ་ལྗོངས་འོག་ནས་ཏོག་ཙམ་མ་འགྲིགས་པ་དང་མ་འཕྲོད་པ་དེ་འདྲས་ཚབས་ཆེན་བྱས་ནས་བཤད་བསྡད་པ་དེ་འདྲ་ཡང་ཡོད་ས་རེད། ཡང་ཉེ་བའི་ལོ་བཅུ་ཕྲག་འགའི་རིང་རྒྱ་ནག་རང་གི་ནང་པ་གསར་པ་ཚོ་ལ་སྒོར་མོ་མང་པོ་ཡོད། སྒོར་མོ་བེད་སྤྱོད་གཏོང་སྟངས་ཀྱི་རྣམ་དཔྱོད་དང་ཀུན་སྤྱོད་ཚད་ལྡན་མེད། བོད་ཀྱི་བླ་མ་སྤྲུལ་སྐུ་སོགས་མིང་ཆེན་པོ་ཁུར་མཁན་ཚོར་སངས་རྒྱས་གསོན་པོ་སོགས་ལྷ་སྒྲུང་ལྟ་བུའི་ཚད་བརྒལ་གྱི་རེ་སྟོང་དང་ཨ་གསར་ཡང་བྱས་དེ་འདྲའི་རྐྱེན་གྱིས་དཔལ་འབྱོར་དང་འབྲེལ་བའི་ཡོད་མཆོད་ཀྱི་འབྲེལ་བ་རྙོག་དྲ་ཚ་བོ་མང་པོ་བྱུང་། དེ་ནས་བོད་ནང་གི་སྤྱིར་བཏང་གི་བླ་མ་གྲྭ་པ་མགོ་གྲུང་ཙམ་ཡོད་པ་ཚོས་ཀྱང་རྒྱ་ཡུལ་ལ་འགྲོ་བ་དེ་རྒྱ་གར་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྒྱ་བླ་བྱེད་པ་ལྟ་བུའི་དཀའ་ལས་དང་བཀག་རྒྱ་མེད་སྟབས་མང་པོ་ཞིག་སྒོར་མོའི་ཆེད་དུ་སོང་། དེའི་གནས་སྟངས་དེ་ཡང་། ཁྲིན་ཏུ་བོད་མིའི་ཁྲོམ་སོགས་ནས་ཚང་མས་ཧ་གོ་བཞིན་པ་ཡིན་ཙང་། མཐོང་དང་ལྟ་སྟངས་ཡག་པོ་མེད་པའི་ཉེར་ལེན་གཙོ་བོ་གཅིག་དེ་རེད་བསམ་གྱི། དེ་མིན་ངོ་བོའི་ཆ་ནས་མགོ་སེར་གྱི་སློབ་མ་ཡོད་ན་འཇོན་ཐང་ཡིན་པ་དང་། མགོ་ནག་སློབ་མ་ཡོད་ན་ཞབས་འདྲེན་ཡིན་པའི་ཁྱད་པར་དེ་འདྲ་ཡོད་མ་རེད།
དྲི་བ། རྒྱ་རིགས་གཙོས་པའི་ཕྱི་གླིང་པ་རྣམས་ཆོས་འཆད་སྤེལ་བྱེད་མཁན་མིང་དུ་ཐོགས་པ་རྣམས་གོང་འཕེལ་སོང་ན་བོད་ཀྱི་རྩ་དོན་གཙོས་པའི་ཆོས་དང་རིག་གཞུང་སོགས་ལ་ཕན་པ་ཡོད་དམ།
ལན། གོང་དུ་ཡང་ཏོག་ཙམ་བཤད་ཚར་སོང་། གང་ལྟར་རྒྱ་ཡུལ་དང་ཕྱི་གླིང་སོགས་སུ་ཆོས་སྤེལ་མཁན་མང་པོ་ཡོད་པ་འདིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་དོན་བཅས་ལ་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད། མ་མཐའ་ཡང་ང་རང་གིས་དེ་ལྟར་ངོས་འཛིན་ཞུ་གི་ཡོད། དཔེར་ན། ང་ཚོས་རྡ་ས་སོཊ་ལ་རྟག་པར་སྐམ་ས་ཆེན་པོ་ནས་རྒྱ་རིཊ་སླེབས་སོང་ཟེར་བ་འདྲ་པོ་དང་། དུས་དབང་ལ་སྐམ་ས་ཆེན་པོ་ནས་རྒྱ་རིགས་མང་པོ་འདུག་ཟེར་དེ་ཚོ་ཡང་། ཡིན་ངེས་པ་དེ་ང་ཚོས་མཐོང་ཆུང་དམའ་འབེབས་བྱེད་ཡུལ་ཆགས་བསྡད་པའི་རྒྱ་བླ་དེ་ཚོ་བརྒྱུད་ནས་བོད་ཀྱི་ཆོས་དང་༧གོང་ས་མཆོག་ལ་དགའ་སྣང་བསླེབས་བསྡད་པ་ཞིག་རེད། འདིའི་སྐོར་ངས་ཀྱང་ཧ་ཅང་ཞིབ་ཏུ་ཤེས་ཀྱི་ཡོད་ལ། དོ་སྣང་དང་ཚོར་སྣང་ཡང་ཤུགས་ཆེན་པོ་ཡོད། ཁོང་ཚོོོར་བརྒྱུད་ནང་ཆོས་དང་བོད་ཀྱི་རིག་གཞུང་སོགས་ལ་ཧ་ཅང་དགའ་ཞེན་བྱེད་ཀྱི་ཡོད་པ་རེད། མ་གཞི་དད་པ་ཟེར་བ་དེ་སྟོབས་ཤུགས་རླབས་ཆེ་ཤོས་ཤིག་རེད། དད་པ་བརྒྱུད་ནས་གཞན་གྱི་སྐད་ཡིག་དང་རིག་གཞུང་སོགས་ལ་ཡང་ཆ་རྐྱེན་མེད་པའི་ཐོག་ནས་ཤ་ཞེན་བྱེད་ཀྱི་ཡོད་རེད། དཔེར་ན་བོད་ལ་ཆ་བཞག་ན། རྒྱ་གར་འཕགས་པའི་ཡུལ་དང་། ལེགས་སྦྱར་གྱི་སྐད་སོགས་ལ་ཧ་ཅང་གུས་ཞབས་དང་བརྩི་མཐོང་ཆེན་པོ་ཞུ་གི་ཡོད་རེད། ད་ལྟ་བོད་ཀྱི་སྒྲ་རིག་པ་འདི་ཡིན་ངེས་པ་རྒྱ་གར་གྱི་བརྡ་སྤྲོད་པའི་གཞུང་ལུགས་ཤིག་རེད། བོད་ལ་ཕལ་ཆེར་བེད་སྤྱོད་ཆུང་ཆུང་ཞིག་ལ་ཡོད་མ་རེད་ལ། གཏན་ནས་མ་སྦྱངས་ན་ཡང་ཆོག་པ་ཞིག་རེད། རྒྱ་བོད་ལོ་ཙཱའི་རྒྱུ་འགྲུལ་མཚམས་ཆད་པའི་ལོ་བརྒྱ་ཕྲག་མང་པོའི་རིང་ལ་ཡང་། རྒྱ་གར་སྐད་ཚིག་གཅིག་བཤད་མ་ཤེས་ན་ཡང་། དབྱངས་ཅན་སྒྲ་མདོ་དེ་རིག་གནས་ཆེ་བ་ལྔ་ཞེས་བོད་རང་གི་བརྡ་སྤྲོད་ལས་ཀྱང་ཆེས་ཆེར་གལ་ཆེན་དུ་བརྩིས་ནས་རྒྱུན་འཛིན་བྱས་པ་རེད། དེ་ཚོས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན་བོད་ཀྱི་རྒྱ་གར་གྱི་ནང་པའི་ཆོས་ལ་དད་པ་བྱས་པ་དང་མཉམ་དུ་ངམ་ངམ་ཤུགས་ཀྱིས་རྒྱ་གར་གྱི་རིག་གནས་མང་པོ་ཞིག་ལ་དད་པ་དང་གུས་པ་ཆེན་པོ་བྱས་པ་ཞིག་བྱུང་བ་རེད། མི་རིགས་དང་རྒྱལ་ཁབ་གཞན་ལ་ཡང་སྣང་ཚུལ་དེ་འདྲ་གཅིག་མཐུན་དུ་ཡོང་གི་ཡོད་ས་རེད། མདོར་ན། བོད་ཀྱི་ཆོས་ལ་དད་པ་བྱས་པ་དང་། བོད་ཀྱི་སྣོད་བཅུད་མི་རིགས་དང་བཅས་པ་ལ་ཤ་ཞེན་བསླེབས་ཀྱི་ཡོད་པ་དེ་ང་རང་ལ་ཡང་མྱོང་ཚོར་དངོས་སུ་བྱུང་བ་ཞིག་ཡིན། དེ་ནི་དོན་ལ་ང་ཚོའི་རྩ་དོན་ལ་ཡང་ཕན་པ་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་ནའང་མ་འགྲིགས་པ་ཅི་ཡོད།
དྲི་བ། མཁན་པོ་མཆོག་སྔོན་ཆད་ཐེ་ཝན་སོགས་ལ་བཞུགས་ཤིང་རྒྱ་མི་རིགས་གཙོས་པའི་སློབ་མ་མང་པོ་དང་འབྲེལ་བ་ཡོད་དུས། རང་ངོས་ནས་ཡིད་གཟབ་གནང་དགོས་པའི་ཉམས་མྱོང་གང་གཟིགས་བྱུང་།
ལན། ང་ལ་མཚོན་ན། རྒྱ་གར་ལ་བསླེབས་རྗེས་གཞི་ནས་རྒྱ་སྐད་རྒྱ་ཡིག་སྦྱང་མགོ་བཙུགས་པ་རེད། དེ་ནས་ཐའེ་ཝན་དུ་ཕྱོགས་གཅིག་ནས་སློབ་སྦྱོང་དང་། ཕྱོགས་གཞན་ཞིག་ནས་ཆོས་ཚོགས་རེ་བཙུགས། ད་དུང་ཐའེ་ཝན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་ལ་ལས་འགན་ཁུར་ནས་ལས་ཀ་གང་འཚམས་ཤིག་བྱས་པ་ཡིན། ང་ཚོའི་ངོས་ནས་ཆོས་ཡག་པོ་ཞིག་ངོ་སྤྲོད་དགོས་པ་དང་། དེ་ཡང་ཕ་རོལ་པོའི་རིག་གཞུང་དང་གོམས་གཤིས་སོགས་ཧ་གོ་བའི་ཐོག་ནས་ལས་ཀ་ལས་དགོས་པ་དེ་ཧ་ཅང་གནད་འགག་ཏུ་མཐོང་བྱུང་། དཔེར་ན། རྒྱ་གར་ལུང་པ་ལ་ཡུལ་ལུང་གཞན་ནས་ཡོང་བའི་ཧིན་དིའི་ཆོས་པ་གླང་ཤ་ལ་ཧ་ཅང་དགའ་མཁན་ཞིག་ཡོང་ན་དེས་རྒྱ་གར་ལ་ཧིན་དུའི་ཆོས་ལུགས་དར་སྤེལ་བྱས་ནས་སློབ་མ་བསྡུ་གི་ཡིན་ཟེར་ན་ད་ལྟའི་ཆ་ནས་ཧ་ལམ་མི་སྲིད་པ་ཞིག་རེད། གཅིག་བྱས་ན་གཞན་ནས་ཡོང་བའི་ཧིན་དུ་པ་དེའི་ཕ་ཡུལ་ལ་དེ་ལུགས་མཐུན་ཞིག་ཡིན་ནའང་ཐང་། དེ་ནང་བཞིན། ང་ཚོ་བོད་རང་གི་སྤྱི་ཚོགས་ནང་ན་ཡོད་དུས་ཡིན་ཆོོག་ཆོག་བྱས་པའི་འགྲོ་ལུགས་འདུག་སྟངས་མང་པོ་ཞིག་ཁོང་ཚོའི་ས་ལ་སྡུག་ཅག་དེ་འདྲར་རྩི་གི་རེད། བོད་ནང་དུ་གྲྭ་པས་ཤ་ཟོས་ན་རྒྱུན་ལྡན་རེད། འོན་ཀྱང་རྒྱ་ཡུལ་ནས་རྩ་བཞི་ཆང་ལྔ་ལྟ་བུའི་ཉེས་པ་ཚབས་ཆེན་དུ་རྩི་གི་རེད། ང་སྐེ་དཀྲིས་དཀྲི་རྒྱུར་དགའ་པོ་ཡོད། མ་གཞི་ང་ཀུན་སྤྱོད་ཡག་པོ་ཡོད་མཁན་དེ་འདྲ་མིན། བོད་པ་འགའ་རེས་དྲ་ལམ་དུ་སྐེ་དཀྲིས་དཀྲིས་པའི་དཔར་དེ་འདྲ་མཐོང་ན་དེ་འདྲ་ཡག་པོ་མི་འདུག་ལབ་ཀྱི་འདུག དེ་ཡང་ཤ་ཚ་དང་ལྷག་བསམ་གྱི་བསམ་ཚུལ་རེད། འོན་ཀྱང་།
རྒྱ་རིགས་ཚོས་དེ་གནད་དོན་ཞིག་ལ་རྩི་གི་མ་རེད། ངས་དེ་རིང་གོས་ལྷམ་གོང་ཆེན་ཞིག་གོན་ནས་ཡོང་ན་བོད་པ་ཚོས་དམིགས་བསལ་དོ་སྣང་གནང་གི་མ་རེད། འོན་ཀྱང་རྒྱ་རིགས་སློབ་མ་ཚོས་གྲྭ་པ་ཞིག་གིས་ཀོ་ལྷམ་གོན་ན་ཡག་པོ་མ་རེད་བསམ་གྱི་རེད། ད་ལྟའང་རྒྱའི་དགེ་འདུན་པས་རས་ལྷམ་ཁོ་ན་མནབས་ཀྱི་ཡོད་པ་རེད། དེ་ཚོ་མ་འདྲ་ས་རེད། སྤྱིར་སྤྱོད་ལམ་ཡོངས་རྫོགས་ལ་གཟབ་དགོས་པ་ཡིན་དང་ཡིན། ཁྱད་པར་ས་ཆ་གང་ཞིག་ཏུ་ཆོས་སྤེལ་བ་སོགས་ཀྱི་ལས་ཀ་བྱེད་དགོས་ན་ས་གནས་དེའི་བསམ་བློ་དང་གོམས་གཤིས། རིན་ཐང་རྩི་ལུགས་སོགས་ལ་དམིགས་བསལ་དོ་སྣང་གནང་དགོས་པ་དེ་གནད་འགག་རེད། དེ་མིན་གཞན་ནང་ཁུལ་གྱི་བསམ་བློ་གཏོང་སྟངས་ཉེ་ཚེ་བ་དེ་ག་རང་གིས་ཚང་མ་ལ་ཕྱོགས་སྡོམ་བྱས་ན་དེ་ནི་ཧ་ཅང་རྒྱ་ཆུང་དྲགས་པ་དང་ཕན་མ་ཐོགས་པ་ཞིག་རེད།
དྲི་བ། གདང་ལ་རི་བོའི་སྟེགས་བུ་འདི་བརྒྱུད་ནས་རང་རེའི་སེར་སྐྱ་ཡོངས་ལ་གསུང་འདོད་པ་འདྲ་ཡོད་དམ་ལགས།
ལན། དམིགས་བསལ་ཞུ་རྒྱུ་ཅང་མེད། ནམ་རྒྱུན་སྤྱི་ཚོགས་ལ་བསམ་བློ་གཏོང་བ་དང་ལྟ་ཚུལ་འདོན་པའི་སྐབས་སུ་ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་ཚོར་བ་ཙམ་མ་ཡིན་པའི་ཐོག་ནས་འགན་ཁུར་བའི་ཐོག་ནས་བསམ་ཚུལ་འདོན་རྒྱུ་དེ་ཧ་ཅང་གལ་ཆེན་རེད་སྙམ།
བཅར་འདྲིའི་གོ་སྐབས་གནང་བ་བཀའ་དྲིན་ཆེ་ཞུ།
བསམ་ཚུལ་ཕྲིས།