བཙན་པོའི་བཞུད་ལམ།

རྩོམ་ཡིག་འདི་ཐེངས་ 502 བཀླགས་འདུག

བཙན་པོའི་བཞུད་ལམ།

གླིང་ཚང་ཕྲིན་ལས་མཐར་ཕྱིན། རྣམ་གྲོལ་གླིང་།

སྤང་ཁའི་མཚོ་དག་ཉི་མས་བཏུངས་པའི་ཤུལ།།
ལྗོན་ཤིང་རྩྭ་སྨན་དག་ཀྱང་འགྲོན་དུ་སླེབས།།
ཤིན་ཏུ་ཅ་ཅོས་དབེན་པའི་ནགས་ཁྲོད་དེར།།
གཅན་གཟན་རི་དྭགས་ཚོགས་ཀྱིས་བདག་གིར་བྱས།།

འཛམ་གླིང་ཡང་རྩེ་ཡིན་པའི་མཐོ་སྒང་དེར།།
ཁ་བ་དཀར་དཀར་གོས་སུ་གྱོན་ས་དེར།།
སྤྲེལ་ཕྲུག་འགའ་ཡིས་རྐང་རྗེས་བཞག་པ་ནས།།
གདོང་དམར་མི་ཡི་རིགས་རྒྱུད་འཕེལ་བར་མོལ།།

གནམ་གྱི་ཉི་མར་རྐང་པ་སྐྱེས་ཀྱང་ཟེར།།
ཐད་ཀྱི་ཟླ་བར་གཤོག་པ་ཐོགས་ཀྱང་བསྙད།།
སྐར་ཚོགས་ཁྲ་མོས་སྤྱི་བོར་བཀུར་ཉིན་ནས།།
ང་ཡི་བཙན་པོའི་ཐོག་མ་ཁྲི་ལ་འགྱིངས།།
རྫ་རི་སྨུག་པོ་དེ་ཡི་འདབས་འཁྲིས་ནས།།
བྲེ་སེར་འབྲོང་གིས་རྭ་རྩེ་བྲག་ལ་བརྡར།།
ཟེ་བ་གསིག་གསིག་བཏང་བའི་བརྗིད་ཉམས་ཅན།།
དཔའ་རྩལ་ལུས་ལ་རྫོགས་པའི་བཙན་པོའི་བུ།།

ལྗོན་ཤིང་ནགས་ཀྱིས་བཏུམ་པའི་རི་སྒང་དེར།།
རྒྱ་སྟག་ཁྲ་མོས་མཆེ་སྡེར་དགྲ་བོར་ངོམ།།
མཆོང་སྟབས་ནམ་མཁའི་གློག་ལས་མྱུར་བ་སྟེ།།
སྤུར་རྒྱལ་བོད་ཀྱི་བཙན་པོའི་སྙིང་སྟོབས་ཡིན།།

རྣམ་ཤེས་འཇའ་ཡི་སྣེ་མོར་བཏགས་པ་དེས།།
རྨུ་ཐག་ནམ་མཁའི་མཐོངས་ནས་ཐུར་དུ་དཔྱངས།།
འོད་ཀྱི་ཐེམ་སྐས་བགྲོད་དེ་དབྱིངས་སུ་གཤེགས།།
བདག་གི་བཙན་པོ་གོང་མ་ལྷ་ཕྲུག་ཡིན།།

བརྒྱུགས་ན་འདོ་བ་ཅང་ཤེས་རྒྱབ་ཏུ་བསྐྱུར།།
མཆོངས་ན་ཐང་དཀར་རྒོད་པོའི་གཤོག་རྩལ་བསྒྲུན།།
བསྡུར་ན་སྟོབས་ཆེན་གླང་པོའི་ཁེངས་པ་བསྙིལ།།
བཙན་པོའི་བུ་རྒོད་བཙན་པོའི་བཙན་པོ་ཡིན།།

ཁྲ་ཚོམ་བཀྲ་བའི་མེ་ཏོག་ཕོན་པོ་དག།
ཡངས་པའི་སྤང་ཐང་སྟེང་དུ་ཞལ་ཁ་བཞད།།
འཛུམ་པའི་དུང་སོ་སུམ་ཅུ་གསལ་བ་ཡིས།།
མུན་པའི་གཡུལ་ལས་རྒྱལ་བའི་སྲོང་བཙན་སྒམ།།

རི་བོ་ཇོ་མོ་གླང་མའི་གངས་རྩེ་ནས།།
ངར་སྐད་ཕྱོགས་བཞིར་སྒྲོག་པའི་སེངྒེ་ཡི།།
སྟངས་སྟབས་གཟི་བྱིན་མིག་ཏུ་མངོན་པའི་མོད།།
སུམ་གཉིས་དབང་དུ་གྱུར་པའི་བཙན་པོ་ཉིད།།

སྨག་རུམ་ཤིན་ཏུ་སྟུག་པའི་མཚན་མོ་དེར།།
མིག་ཟུང་བཙུམས་པའི་འགྲིམ་འགྲུལ་མོད་པོའི་དུས།།
སྒྲོན་མེ་སྦར་བའི་འོད་ཞགས་ཐོགས་པ་དེ།།
ང་ཡི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཡིན།།

ཙན་དན་ནགས་ཀྱི་ཁྲོད་ནས་བསུང་ངད་ཁྱེར།།
དྲི་ཞིམ་ཁ་བ་གངས་དང་བསྲེས་པར་གྱུར།།
ས་རུ་འགྱེལ་བའི་སྡོང་རྒན་སྐམ་པོས་ཀྱང་།།
མགོ་བོ་ཡར་ལ་བཀྱག་འདུག་བཙན་པོ་དཔོན།།

དྭངས་གཙང་ཆུ་བོའི་བཞུར་རྒྱུན་རིང་ས་ནས།།
སྤྲེལ་ཕྲུག་གཤར་སའི་ཤིང་གི་ཟམ་པ་བཙུགས།།
ནང་གི་བང་མཛོད་ཕྱུག་པའི་བྱང་སེམས་ཉིད།།
ང་ཡི་བཙན་པོ་མངའ་བདག་ཁྲི་རལ་ཡིན།།

༠༤-༠༣-༢༠༡༦ ཉིན་མཇུག་གྲུབ་པར་བྱས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *