ཚིག་མཛོད་སྔ་ཤོས་དར་སའི་ཡུལ་ལུང་།

རྩོམ་ཡིག་འདི་ཐེངས་ 817 བཀླགས་འདུག

འཛམ་གླིང་གི་ལོ་རྒྱུས་ཐོག་ནས་བོད་ནི་ཚིག་མཛོད་སྔ་ཤོས་དར་སའི་ཡུལ་ལུང་ཞིག་ཡིན་པ་གསལ་པོ་མཐོང་ཐུབ།

སྨོན་ལམ་ཀུན་བསྡུས་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལ་གདང་ལ་རི་བོ་རྩོམ་སྒྲིག་པས་བཅར་འདྲི་ཞུས་པ།

དྲི་བ། བཀྲ་ཤིས་བདེ་ལེགས། ཐོག་མར་ཁྱེད་ཀྱི་མི་ཚེ་དང་བོད་ཀྱི་རིག་གནས་བར་འབྲེལ་བ་བྱུང་སྟངས་སྐོར་ཞིག་གསུང་རོགས།

ལན། ང་ནི་བོད་བྱང་འབྲོག་མགོ་ལོག་འབྲོག་ཐང་ཞིག་ནས་འཚར་ལོངས་བྱུང་པ་ཡིན་པས། ཆུང་དུས་བོད་ཀྱི་རིག་གནས་དང་འབྲེལ་བ་དམིགས་བསལ་བ་ཅི་ཡང་མེད་ལ། ནང་མི་དག་ཀྱང་འབྲོག་མི་དཀྱུས་མ་འགའ་ཡིན་པས་ཁྱིམ་ཚང་དུ་ཡང་རིག་གནས་དང་འབྲེལ་བའི་གཏམ་རྒྱུད་དམིགས་བསལ་བ་ཅི་ཡང་མེད། ཁོར་ཡུག་གི་དབང་གིས་ང་དང་བོད་ཀྱི་རིག་གཞུང་ལ་འབྲེལ་བ་བྱུང་ས་ཐོག་མ་ནི། གླིང་གེ་སར་རྒྱལ་པོའི་སྒྲུང་དང་། དམངས་གླུ། ཁེད། གཏམ་དཔེ་བཅས་ང་ཆུང་དུས་ཀྱི་འབྲེལ་འདྲིས་ཟབ་པའི་རིག་གཞུང་དག་ཡིན། དེ་མིན་ཕྲན་ལ་བོད་ཀྱི་རིག་གཞུང་གཞན་དག་ལ་འབྲེལ་བ་ཟབ་པོ་བྱུང་བའི་ལོ་རྒྱུས་དམིགས་བསལ་ཅང་མེད།

དྲི་བ། བོད་ཀྱི་ཚིག་མཛོད་ཀྱི་འཕེལ་རིམ་གང་འདྲ་ཡིན་ནམ།

ལན། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་ཚིག་མཛོད་དང་ཚིག་གཏེར་བོད་དུ་དར་ཡོད་པའི་སྒྲོས་མ་ཎི་བཀའ་འབུམ་ན་གསལ་ཡང་། དེང་སང་གཞུང་གང་ཡིན་ངོས་འཛིན་མི་ཐུབ་པས་ཞིབ་འཇུག་གི་ཡུལ་ཙམ་ལས་མེད་ཀྱང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ལོ་ཆེན་བཻ་རོ་ཙ་ནས་སྨན་གྱི་ཚིག་མཛོད་མིང་དོན་བརྡ་སྤྲོད་ལྔ་པ་བརྩམས་པ། ད་ཡོད་བོད་ཀྱི་ཚིག་མཛོད་ཀྱི་ནང་ནས་སྔ་ཤོས་ཡིན་ལ། གཞུང་འདིར་ཐ་སྙད་གྲངས་ཚད་ཉུང་ཙམ་ལས་མེད་ཀྱང་། སྤུས་ཚད་ཧ་ཅང་ལེགས་ལ་འགྲེལ་བཤད་གནང་སྟངས་ཀྱང་ཕྱོགས་མང་པོ་ནས་བྱས་ཡོད་པའི་ངོ་མཚར་ལ་ཡིད་འཕྲོག་པ་ཡོད། ཆེད་ལས་ཚིག་མཛོད་འདི་འཛམ་གླིང་ལོ་རྒྱུས་སྟེང་གི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཨང་གཉིས་པ་ཡིན་པ་ཙམ་དུ་མ་ཟད། ད་ལྟ་ཡང་བེད་སྤྱོད་ཡོད་ལ་ལག་ལེན་དུ་འདེབས་བཞིན་པའི་ཚིག་མཛོད་གསོན་པོ་ཞིག་སྟེ། ད་སྐབས་བོད་ཀྱི་སྨན་པ་དག་གི་གཡུ་ཐོག་ཆ་ལག་བཅོ་བརྒྱད་ཀྱི་ནང་ཚན་དུ་བཀོལ་ནས་སློབ་གཉེར་དང་ལག་ལེན་གནང་དང་གནང་མུས་ཡིན་པས། བོད་ཀྱི་གནའ་རབས་མཁས་པའི་ཤུལ་བཞག་གི་ནོར་བུ་ཟླ་མེད་པ་ཞིག་ཡིན་པ་མཚོན་ཡོད།
དེ་བཞིན་ལོ་པཎ་མང་པོ་གདན་འཛོམས་ནས་སྔོན་གྱི་འགྱུར་རྣམས་དག་བཅོས་དང༌། གཞུང་ཚད་བམ་པོར་གྲངས་ངེས་པ་བྱས་པ་དང་འབྲེལ། མདོ་རྒྱུད་ཀྱི་གཞུང་རྣམས་ཇི་ལྟར་བསྒྱུར་དགོས་པའི་ཚུལ་སྒྲ་གཞུང་དང་བོད་སྐད་གཉིས་ཆར་མཐུན་ཞིང༌། རྗེ་བློན་གདན་འཛོམས་ཤིང་། དུམ་བུ་དང་པོའི་ནང་ཡིག་བསྒྱུར་གྱི་རྩ་དོན་ཆེན་པོ་གསུམ། བསྒྱུར་བའི་ཐབས་བཞི། དོ་སྣང་བྱ་དགོས་པའི་དོན་ཚན་བཞི་གཏན་འབེབས་དང་། དུམ་བུ་གཉིས་པའི་ནང་གལ་གནད་ཆེ་བའི་ཡིག་བསྒྱུར་གྱི་དཔེ་མཚོན་འགའ་བཀོད་པ་དང་། ལེགས་སྦྱར་དང་བོད་སྐད་ཤན་སྦྱར་གྱི་མིང་ཚིག་མང་པོ་ཞིག་གི་འགྲེལ་བཤད་འཁོད་པའི་ཚིག་མཛོད་ཡིན། བྱེ་བྲག་རྟོག་བྱེད་ཆེན་མོ་སྟེ། ལེགས་སྦྱར་དང་བོད་ཡིག་ཤན་སྦྱར་གྱི་ཚིག་མཛོད་བསྒྱུར་འགྲེལ་ཙམ་ལས་འགྲེལ་བཤད་རྒྱས་པ་མེད་པ། དེ་བཞིན་སྐ་བ་དཔལ་བརྩེགས་ཀྱི་མཛད་པའི་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གྲངས་དང་ངེས་ཚིག་གིས་འགྲེལ་བ་སོགས་འདི་དག་ཧ་ཅང་སྤུས་ལེགས་པའི་ཚིག་མཛོད། མི་ལོ་ཆིག་སྟོང་ཉིས་བརྒྱའི་སྔོན་གྱི་བོད་ཀྱི་ཚིག་མཛོད་རིགས་མ་འདྲ་བ་བཞི་ཡིན་ཞིང་། གཞན་ཡང་དུས་ཕྱིས་ཏུན་ཧོང་ནས་ཐོན་པའི་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་བཅས་ད་ལྟའི་བར་རང་རེའི་མིག་གི་རྒྱན་དུ་ལྷང་ངེར་བཞུགས་ཡོད་པ་ཙམ་དུ་མ་ཟད། ཕྱི་ནང་གི་མཁས་པ་རྣམས་ཀྱིས་ད་ལྟའི་ཆར་ཡང་ཡིག་བསྒྱུར་གྱི་ཆེད་བེད་སྤྱོད་གནང་དང་གནང་བཞིན་ཡོད་ལ། འདི་དག་གི་བཀའ་དྲིན་དང་ནུས་པ་ལ་བརྟེན་ནས་བོད་དུ་བཀའ་བསྟན་པོད་བརྒྱ་ཕྲག་མང་པོ་བསྒྱུར་ཞུས་གཏན་ལ་ཕབ་པའི་ཐ་སྙད་ཁག་གཅིག་གྱུར་དང་གཏིང་ཟབ་བྱུང་བ་ཡིན། བསྟན་པ་ཕྱི་དར་སྐབས་ཀྱང་མིང་སྣ་ཚོགས་བཏགས་མིན་ལ་མ་ལྟོས་པར་ཚིག་མཛོད་ཆེ་ཆུང་མང་པོ་བྱུང་ཡོད་ལ། དུས་རབས་ཉི་ཤུ་པའི་ཡར་སྔོན་ལ་བོད་ཀྱི་སྐད་ཡིག་འདི་ཉིད་སྐད་ཡིག་མ་འདྲ་བ་བཅུ་དང་ཤན་སྦྱར་གྱི་ཚིག་མཛོད་བཟོས་ཡོད་པ་གསལ་བོར་མཐོང་ཐུབ་པ་འདི་ཙམ་གྱིས་ཀྱང་བོད་སྐད་ཡིག་གི་རིན་ཐང་དང་མེས་པོ་ཚོས་རླབས་ཆེ་བའི་མཛད་པ་ལ་ཡིད་སྨོན་སྐྱེ་འོས་པ་ཞིག་དང་། གཞན་གྱི་རིག་གཞུང་ནང་འདྲེན་དང་། རང་གི་རིག་གཞུང་དར་སྤེལ་བྱས་ཡོད་པ་གསལ་པོར་མཚོན་ནུས། དེ་བཞིན་དུས་རབས་ཉི་ཤུ་པའི་ནང་ཡང་སྤྱི་སྒེར་མང་པོས་ཚིག་མཛོད་ཀྱི་རིགས་མང་པོ་བརྩམས་ཡོད་ཀྱང་། ཕལ་མོ་ཆེ་ཐ་སྙད་ཅིག་ལ་འགྲེལ་བཤད་བརྒྱབ་པ་ཙམ་དང་ཚིག་མཛོད་སྔ་མ་རྣམས་ལ་སྣོན་བྲི་ཅུང་ཟད་རེ་བྱས་པ་ཙམ་ལས་དེང་རབས་ཚིག་མཛོད་རིག་པའི་གཞུང་ལུགས་དང་མཐུན་པའི་ཚིག་མཛོད་སྤུས་དག་པོ་ཞིག་བྱུང་ཐུབ་མེད་པ་ཧ་ཅང་གསལ་བོ་ཡིན་པས། ད་སྐབས་ང་ཚོས་དེང་རབས་ཡར་ཐོན་ཅན་གྱི་སྐད་ཡིག་དག་གི་སྤྱི་འགྲོས་དང་མཉམ་པའི་ཚིག་མཛོད་ཅིག་བསྐྲུན་དགོས་པ་ཧ་ཅང་གལ་ཆེན་པོ་ལྟ་བུར་སྣང་།

དྲི་བ། བོད་ལ་ཚིག་མཛོད་མེད་པ་ནས་ཡོད་པའི་བར་ལ་མི་འདྲ་བ་གང་བྱུང་འདུག་གམ།

ལན། བོད་ལ་མཚོན་ན་ཡིག་སྲོལ་རིག་གནས་ཀྱི་ལོ་རྒྱུས་རྩོད་མེད་ཡོངས་གྲགས་སུ་ཆགས་པ་ནི་དུས་རབས་བདུན་པ་ཙམ་ནས་ཡིན་ལ། དུས་རབས་བརྒྱད་པ་ཙམ་ནས་བོད་ལ་ཚིག་མཛོད་དར་སྲོལ་བྱུང་ཡོད་ལ། དེ་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་ནས་བོད་ནི་ཚིག་མཛོད་སྔ་ཤོས་དར་སའི་ཡུལ་ལུང་ཞིག་ཡིན་པ་ཧ་ཅང་གསལ་བོ་མཐོང་ཐུབ་པས་ང་ཚོར་ཚིག་མཛོད་ཡོད་པ་ཧ་ཅང་སྔ་བོ་ཡིན་པས། མེད་པ་ནས་ཡོད་པར་གྱུར་བའི་རིག་གཞུང་གི་འགྱུར་མཚམས་གསལ་བོ་བཤད་དཀའ་ཡང་། ཚིག་མཛོད་ནི་གཙོ་བོ་སྐད་བརྡ་བཀོལ་སྤྱོད་རིག་པའི་ཆ་ཤས་ཤིག་ཡིན་པས། ཚིག་མཛོད་ཀྱི་ལས་ཀ་གཙོ་བོ་ཞིག་རིག་གཞུང་ཁྱབ་སྤེལ་དང་ནང་འདྲེན། ཡིག་བསྒྱུར་གྱི་ལག་ཆ་གཙོ་ཤོས་ཤིག་ཡིན་པས་བོད་དང་འཕགས་ཡུལ་གཙོས་ཡུལ་གྲུ་དུ་མར་ནང་རིག་གཞུང་སྤྱི་དང་བྱེ་བྲག་དམ་པའི་ཆོས་དང་གཏན་ཚིག་རིག་པའི་སྐོར་བསྒྱུར་ཞུས་གཏན་འབེབས་ལ་གོང་ཞུས་ཚིག་མཛོད་དག་གིས་རམ་འདེགས་བླ་མེད་ཞུས་ཡོད་པ་ཧ་ཅང་གསལ་པོ་ཡིན། དཔེར་ན། ང་ཚོས་ནང་པའི་གཞུང་ལུགས་སྤྱི་ཡི་བརྡ་ཆད་དག་གཅིག་འགྱུར་ཆགས་ཡོད་པ་ནི། བྱེ་རྟོག་དང་སྒྲ་སྦྱོར་བམ་གཉིས་སོགས་ཀྱི་ལག་རྗེས་ཡིན་པ་སུས་ཀྱང་བསྙོན་དུ་མེད། གཞུང་འདི་དག་ཏུ་གསང་སྔགས་ཟབ་མོའི་བརྡ་ཆད་དག་ཆེད་དུ་གསང་བ་བྱས་པའི་རྐྱེན་གྱིས་བསྟན་པ་ཕྱི་དར་སྐབས་གསང་སྔགས་སྔ་འགྱུར་དང་ཕྱི་འགྱུར་བར་ལ་བརྡ་ཆད་སོགས་ལ་ཁྱད་པར་ཤོར་བ་ལྟ་བུས་ཀྱང་སུས་ནུས།

དྲི་བ། བོད་ལ་ཚིག་མཛོད་རིག་པ་ཟེར་བ་ཡོད་དམ། སྨོན་ལམ་ཚིག་མཛོད་སྒྲིག་སྐབས་གཞི་འཛིན་སའི་རིགས་ལམ་གང་ལ་ཁུངས་བཅོལ་ཡོད་དམ།

ལན། བོད་ལ་མ་ལག་ཚང་བའི་ཚིག་མཛོད་རིག་པ་ཞིག་ད་བར་བྱུང་མེད་སྟབས། དུས་རབས་ཉེར་གཅིག་པའི་ནང་བསྒྲིགས་པའི་བོད་ཀྱི་ཚིག་མཛོད་རྣམས་ཀྱང་། སྔོན་ཐོན་ཚིག་མཛོད་དག་གི་རྗེས་ཟིན་མེད་པའི་གནད་དོན་ཡང་འདི་ལ་ཐུག་ཡོད་པ་རེད། ང་ཚོས་འདི་ནས་དེང་རབས་ཚིག་མཛོད་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པ་རྣམས་ཀྱི་སྤྱི་འགྲོས་ལ་ཞིབ་འཇུག་དང་། ཚིག་མཛོད་རིག་པའི་གཞུང་ལུགས་དག་ནས་བོད་རང་གི་སྐད་ཀྱི་ཆོས་ཉིད་མཐུན་པ་རྣམས་བསྡུ་སྒྲིག་གིས་བོད་ཀྱི་ཚིག་མཛོད་རིག་པའི་སྤྱི་ཁོག་ཙམ་གཏན་འབེབས་བྱུང་ཡོད་ལ། དེ་ཉིད་ལ་ལེགས་བཅོས་དང་ཞིབ་འཇུག་གིས་ཡར་རྒྱས་གཏོང་བཞིན་ལས་ཀ་དང་ཟུང་འབྲེལ་བྱས་ནས་རིམ་བཞིན་ཡར་རྒྱས་བཏང་དང་གཏོང་བཞིན་པ་ཡིན་ལ། འདི་ནས་ང་ཚོས་ཚིག་མཛོད་ཀྱི་རྩ་སྒྲོམ་སྡེ་ཚན་ཆེན་པོ་བཅུ་དྲུག་དང་། ནང་གསེས་དབྱེ་བ་བརྒྱ་ཕྲག་ལྷག་གཏན་འབེབས་བྱས་ཏེ། དེ་དག་གང་མཚམས་ལག་ལེན་ལ་ཡང་འདེབས་བཞིན་ཡོད།

དྲི་བ། ཚིག་མཛོད་དང་མིང་མཛོད་གཉིས་ལ་ཁྱད་པར་ཡོད་དམ།

ལན། ད་སྔོན་ཡོད་པའི་བོད་ཀྱི་ཚིག་མཛོད་རྣམས་ལ་མིང་འདོགས་ལུགས་སྣ་ཚོགས་པ་ཞིག་ཡོད་དེ། མིང་དོན་བརྡ་སྤྲོད། སྒྲ་སྦྱོར། བྱེ་བྲག་རྟོག་བྱེད། དག་ཡིག བརྡ་བཀྲོལ། མིང་མཛོད། ཚིག་མཛོད། བརྡ་ཡིག མིང་བརྡ། ཆོས་ཀྱི་རྣམ་གྲངས། རྣམ་གྲངས་རྒྱ་མཚོ། ཚིག་གཏེར་སོགས་སྣ་ཚོགས་ཡོད་པ་དག་རང་རང་གི་སྐབས་སུ་གོ་དོན་དང་དགོས་པ་སྣ་ཚོགས་ཡོད་པ་སྨོས་ག་ལ་དགོས། ཡིན་ཡང་འདི་དག་དོན་ངོས་ནས་ཁྱད་པར་ཆེན་པོ་མེད་པར་དོན་གཅིག་པ་ལྟ་བུ་ཞིག་ལ་གོ་ཡི་ཡོད། འོན་ཀྱང་འདི་དག་ལ་འཇུག་པ་དོན་དང་མཐུན་མིན། བརྗོད་བདེ་མིན། གོམས་ལོབས་སུ་སོང་ཡོད་མེད་སོགས་ཀྱི་ཁྱད་པར་ཡོད་པས། རྣམ་པ་ཀུན་ཏུ་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་རང་ལ་གོ་ན་ཡང་ཅུང་འགྲིག་མིན་ཡོད་པའི་ཚོད་འདུག་སྟབས། གཅིག་གྱུར་གྱི་མིང་ཞིག་གཏན་འབེབས་མ་ཐུབ་ཕྱིན་ལྟ་ཀློག་འཚོལ་གསུམ་བྱེད་མཁན་ལ་དཀའ་ངལ་ཞིག་ཡིན་པས། དཔྱད་ཞིབ་དང་བླང་དོར་ཡོད་པའི་སྒོ་ནས་མིང་གང་ཞིག་འདེམས་དགོས་པ་ངེས་པར་གཏན་ལ་འབེབས་དགོས་ལ། དེ་ཡང་ཡོངས་གྲགས་དང་འཇུག་པ་དོན་མཐུན་ཡོད་པ་ཞིག་ངེས་པར་དགོས་སྟབས། འདི་ནས་ཚིག་མཛོད་ཅེས་རྩ་འཛིན་བྱས་པ་ཞིག་ཡིན། དེ་ཡང་མ་དག་རྒྱུན་འབྱམས་སུ་བཞག་པ་ཙམ་མིན་པར་འཇུག་པ་དོན་མཐུན་དང་ཡོངས་གྲགས་ལ་གཙོ་བོར་བཟུང་ཡོད།
དེ་ཡང་དང་པོ་ཚིག་ཅེས་པའི་འཇུག་དོན་ལ་དཔྱད་ཞིབ་ནན་ཏན་མ་བྱས་པར་འདིའི་གོ་དོན་ཡོངས་སུ་རྟོགས་མི་ཐུབ། ཚིག་ཅེས་པ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་ཙམ་ལ་གོ་རྒྱུ་མ་ཡིན་པར་འདིར་ཚིག་ཅེས་པ་དབྱིན་སྐད་ཀྱི་(word)ཅེས་པ་དང་གཅིག་མཚུངས་ཡིན་ལ། བོད་རང་གི་སྐད་ལ་ཡང་ཚིག་ཅེས་པ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་ཙམ་ལ་གོ་ན་ཁྱབ་ཆུང་བ་ཡིན། དེ་ཡང་སྔོན་གྱི་ལོ་པཎ་རྣམས་ཀྱིས་ལེགས་སྦྱར་གྱི་མིང་ཚིག་ཡི་གེ་གསུམ་གྱི་ཡ་གྱལ་པ་ད། དེ་བོད་སྐད་དུ་ཚིག་ཅེས་པར་བསྒྱུར་བ་ཙམ་ལས། བོད་རང་སྐད་ལ་ཚིག་ཅེས་པ་མིང་ཚིག་ཡི་གེ་གསུམ་གྱི་ཟླས་ཕྱེ་བའི་ཚིག་ཁོ་ན་ལ་གོ་ཡི་མེད་ལ། ལེགས་སྦྱར་དུ་བོད་སྐད་ཀྱི་ཚིག་ཅེས་པ་ལ་སྒྲ་མ་འདྲ་བ། པ་ད་དང་ཤབྡ་ལྟ་བུ་སོ་སོར་ཡོད་ཀྱང་བོད་སྐད་དུ་གཉིས་ཆར་ལ་ཚིག་ཅེས་མིང་གཅིག་ལས་མེད་ཀྱང་དོན་སོ་སོར་ཡོད་པ་ཤེས་གལ་ཆེ། དེ་མིན་བོད་སྐད་ཀྱི་ཚིག་ལེགས་སྦྱར་གྱི་པ་དའི་འཇུག་དོན་ཁོ་ན་ལ་གོ་མི་རུང་། དབྱིན་སྐད་ཀྱི་ Dictionnary ལ་ལེགས་སྦྱར་དུ་ཤབྡ་ཀོཥཞེས་ཡོངས་ཁྱབ་ཏུ་བཀོལ་བཞིན་པ་བོད་སྐད་དུ་ཐ་སྙད་མཛོད་དམ་ཚིག་མཛོད་ཅེས་པའི་དོན་ཡིན། མིང་མཛོད་ཀྱི་སྐད་དོད་སང་ཛྙཱ་ཀོ་ཥ་ཞེས་གཏན་ནས་བཀོལ་མེད་ལ། པ་ད་ཀོ་ཥ་ཞེས་དེ་བས་བཀོལ་མེད། དེས་ན་ཚིག་ཅེས་པ་འདི་བོད་སྐད་ནང་བཀོལ་ཁྱབ་ཧ་ཅང་ཆེ་བ་ཞིག་ཡིན་པས་ཚོགས་གསུམ་གྱི་ཟླས་ཕྱེ་བའི་ཚིག་ཁོ་ན་ལ་གོ་ཡི་མེད་པ་ཤེས་ན་ཚིག་མཛོད་ཅེས་བརྗོད་ན་དོན་དང་མི་འགལ་ལ། གོམས་སྲོལ་དུ་ཡང་ཆགས་ཡོད་སྟབས་དགོས་པ་དམིགས་བསལ་མེད་པར་ཐ་སྙད་བརྗེ་བསྒྱུར་བྱས་ན་མགོ་རྨོངས་བྱེད་ཙམ་ལས་མེད་པས་སོར་འཇོག་བྱས་ཡོད། འདིར་གླེང་དགོས་པ་ཅུང་ཟད་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱ། བོད་སྐད་ཡིག་ནང་ཚིག་ཅེས་པ་ལས་གྲུབ་པའི་ཐ་སྙད་བརྒྱ་ཕྲག་མང་པོ་ཡོད་པ། ཕལ་མོ་ཆེ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་ཙམ་ལ་གོ་ཡི་མེད་པ་ཤིན་ཏུ་གསལ། དེས་ན་ཚིག་མཛོད་ཅེས་པ་ཐ་སྙད་ཀྱི་མཛོད་ལ་གོ་ཡི་ཡོད་ལ། རྒྱུན་འཇགས་སུ་ཆགས་ཤིང་འཇུག་པ་དོན་གནས་ཡིན་སྟབས། དགོས་པ་དམིགས་བསལ་མེད་པར་ཐ་སྙད་བརྗེ་བསྒྱུར་བྱས་ན་མགོ་རྨོངས་བྱེད་ཙམ་ལས་མེད་པས་སོར་འཇོག་བྱས་ཡོད།

དྲི་བ། སྤྱིར་ན་བོད་འདི་རིག་གཞུང་ཕྱུག་པོ་ཡིན་རབས་གླེང་སྲོལ་འདུག་མོད་ཚིག་མཛོད་ཐད་ནས་བོད་པར་གནས་བབ་གང་འདྲ་ཞིག་གི་སྒང་ལ་བསྡད་འདུག་གམ།

ལན། བོད་ལ་རིག་གཞུང་ཕྱུག་པོ་ཡིན་པ་སྨོས་མེད་ཡིན་ལ། ཚིག་མཛོད་གཅིག་པུའི་སྟེང་ནས་བཤད་ན་ཡང་། བོད་ནི་འཛམ་གླིང་གི་ཚིག་མཛོད་ཆེས་སྔ་ཤོས་དར་སའི་ལུང་པ་ཞིག་ཡིན་ལ། ཚིག་མཛོད་དེ་དག་ཀྱང་དུས་ཚོད་དེ་ལ་ལྟོས་ན་ཧ་ཅང་སྤུས་དག་ལ་རིན་ཐང་ལྡན་པ་ཤ་སྟག་ཡིན། ངས་སྔོན་དུ་ཞུས་པ་བཞིན་དུས་རབས་བརྒྱད་དགུ་ཙམ་ནས་བོད་ལ་ཚིག་མཛོད་མང་པོ་ཡོད་ལ། དུས་རབས་ཉི་ཤུ་པ་ཡན་ལ་སྐད་ཡིག་མི་འདྲ་བ་བཅུའི་ནང་ཚིག་མཛོད་རྩོམ་སྒྲིག་གནང་འདུག་པ་འདི་གཅིག་པུས་ཀྱང་བོད་ཀྱི་ཚིག་མཛོད་ལོ་རྒྱུས་ནི་འཛམ་གླིང་ན་གཟི་འོད་འབར་བ་ཞིག་ཡིན་ཞེས་ལབ་ན་ཡང་མ་ཆོག་པ་གང་ཡང་མེད། འོན་ཀྱང་། དེང་སང་ང་ཚོས་ཡབ་མེས་གོང་མ་ཚོའི་ལོ་རྒྱུས་ཀྱི་རྗེས་ཟིན་མེད་ལ། དུས་རབས་ཉེར་གཅིག་པའི་ནང་ང་ཚོར་འཛམ་གླིང་ལ་ངོམ་ཆོག་པའི་ཚིག་མཛོད་ཅིག་མེད་པ་ཧ་ཅང་གསལ་པོ་ཡིན།

དྲི་བ། འཚོ་བ་དངོས་ཀྱི་ཁྲོད་ཚིག་མཛོད་ཀྱིས་ཕན་ཐོགས་སྟངས་བཅས་གསུང་རོགས།

ལན། ཚིག་མཛོད་ནི་སློབ་གཉེར་པ་ཞིག་ཡིན་ཕྱིན་ངེས་པར་ལྟ་ཀློག་དགོས་སའི་གནས་ཤིག་ཡིན་ལ། འདི་ཉིད་ཞིབ་འཇུག་པ་དང་། ཡིག་བསྒྱུར་པ། སྐད་བརྡ་སློབ་གཉེར་བ་སོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་ཞིག་ཡིན། ཚིག་མཛོད་ནི། མཁས་བླུན་བར་མའི་སློབ་གཉེར་པ་ཁྱད་མེད་ལ་དགོས་མཁོ་ཡོད་ལ། དད་ལྡན་དཔྱོད་ལྡན་ཐུན་མོང་གིས་བེད་སྤྱོད་གཏོང་ཆོག་པའི་རྒྱུན་མཁོའི་ཤེས་བྱ་གལ་ཆེན་ཞིག་ཡིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *